36-1-1a ༼ག༽ ༄༅། ༈ །ཁྲི་བརྒྱད་སྟོང་པ་བཞུགས་སོ། ། (黃) 第二大般若經第三部 36-1-1b ༄༅༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་ལྔ་པ། གསོལ་པ། བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། ཇི་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཞི་བ་དང་། གཟུགས་ཡ་མ་རླ་དང་། གཟུགས་གསོག་དང་། གཟུགས་སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་བ་དང་། རྣམ་པར་ཤེས་པ་ཡ་མ་རླ་དང་། རྣམ་པར་ཤེས་པ་གསོག་དང་། རྣམ་པར་ཤེས་པ་སྙིང་པོ་མེད་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ པར་བགྱི་ཞེས་ཟེར་བ་ནི། ནམ་མཁའ་ལྟར་སྟོང་པ་ཉིད་མངོན་པར་སྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ 36-1-2a པར་བྱའོ། །གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་ཟེར་བ་ནི། ནམ་མཁའ་ལྟར་སྟོང་པ་ཉིད་མངོན་པར་བསྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གང་ཡང་ འདི་སྐད་དུ་ཇི་ལྟར་ཤེར་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི། ཞེས་ཟེར་བ་ནི་ནམ་མཁའ་ལྟར་སྟོང་པ་ཉིད་སྒོམ་པས། ཤེས་རབ་ཀྱོ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་གཅིག་ཏུ་སྤྱད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་ འདུག་གི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དེ་ལྟར་མངོན་པར་བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་སེམས་ཀྱི་རྒྱུན་མ་ཆད་ཅིང་། མ་བྲལ་བར་རྗེས་སུ་འབྲེལ་བས་སྤྱད་པར་བགྱི་ ལགས་སམ། བཀའ་སྩལ་པ། རབ་འབྱོར་ཡིད་ལ་བྱེད་པ་གཞན་དག་གི་གོ་སྐབས་མི་དབྱེ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མི་དོར་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་ བྱ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་རྒྱུ་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། ། དེ་ལྟར་མངོན་པར་བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་མ་བསྒོམས་པས་ལགས་སམ། བཀའ་སྩལ་ 36-1-2b པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བསྒོམས་ཀྱང་བསྒོམས་ལ། མ་བསྒོམས་ཀྱང་མ་བསྒོམས་པས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ བསྒོམས་པ་ཡང་མ་ལགས། མ་བསྒོམས་པ་ཡང་མ་ལགས་པས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུའོ། །གསོལ་པ། དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་དུའོ། །གསོལ་པ། ཡང་དག་པའི་མཐའ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ནོ། །གསོལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བུ་ལགས། བཀའ་སྩལ་པ། བདག་གི་ཁམས་ཇི་ལྟ་བ་དང་། སེམས་ཅན་གྱི་ཁམས་ཇི་ལྟ་བ་དང་། སྲོག་གི་ཁམས་ཇི་ལྟ་བ་དང་། གང་ཟག་གི་ཁམས་ཇི་ལྟ་བ་ བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་བདག་གི་ཁམས་དང་། གང་ཟག་གི་ཁམས་ཀྱི་བར་དག་ཇི་ལྟ་བུ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བདག་གམ། སེམས་ཅན་དག་དམིགས་སུ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་གམ། སེམས་ཅན་དམྱིགས་སུ་མེད་ན། ཇི་ལྟར་སེམས་ཅན་གྱི་ཁམས་གདགས་པར་བྱ་སྟེ། རབ་འབྱོར་དེ་ལྟར་ སེམས་ཅན་དུ་འདོགས་པར་མི་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་འདོགས་པར་མི་བྱེད། ཆོས་ཐམས་ཅད་དུ་ཡང་འདོགས་པར་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ 36-1-3a གདགས་སུ་མ་མཆིས་པ་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གདགས་སུ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མེད་པ་ ཡིན་ནོ། །འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། ཆོས་ཐམས་ཅད་ཀྱི་བར་དག་ཀྱང་གདགས་སུ་མེད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ གདགས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དམྱལ་བ་གདགས་སུ་མཆིས་པར་གྱུར། དུད་འགྲོའི་སྐྱེ་གནས་གདགས་སུ་མཆིས་པར་གྱུར། གཤིན་རྗེའི་འཇིག་རྟེན་གདགས་སུ་མཆིས་པར་ གྱུར། མི་དང་ལྷ་གདགས་སུ་མཆིས་པར་གྱུར། རྒྱུན་ཏུ་ཞུགས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་སངས་རྒྱས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདགས་སུ་མཆིས་པར་གྱུར་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་ཅན་དུ་གདགས་པ་དམིགས་སུ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་སེམས་ཅན་ དམིགས་སུ་མེད་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་། མི་དང་། རྒྱུན་ཏུ་ཞུགས་པ་དང་། དགྲ་བཅོམ་པའི་བར་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་བར་དག་ཇི་ལྟར་གདགས་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་ལྟར་གདགས་སུ་མེད་པའི་ཆོས་རྣམས་ལ་བསླབ་པར་བྱའོ། ། གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ལ་བསླབ་པར་བགྱི་ལགས་སམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ 36-1-3b རྣམས་དང་། རྣམ་པར་ཤེས་པ་ལ་བསླབ་པར་བགྱི་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བགྱི་ལགས་སམ། བཀའ་སྩལ་པ། རབ་འབྱོར་གཟུགས་ལ་དོར་བ་མེད་པ་དང་། བསྣན་པ་མེད་པར་བསླབ་པར་བྱའོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དོར་བ་མེད་པ་དང་། བསྣན་པ་མེད་པར་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དོར་བ་མ་མཆིས་པ་དང་། བསྣན་པ་མ་མཆིས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་ པར་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་སྐྱེ་བ་མེད་པ་དང་། འགག་པ་མེད་པར་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཟུགས་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པར་བསླབ་པར་བགྱི། བཅོམ་ ལྡན་འདས་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པར་བསླབ་པར་བགྱི་ལགས། བཀའ་སྩལ་པ། མངོན་པར་འདུ་བྱ་བ་མེད་པར་ཏེ། འདུ་བྱེད་རྣམས་བསྒོམ་པར་ཡང་མི་བྱ། གཞིག་པར་ཡང་མི་བྱ་བར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པར་བསླབ་པར་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མཐོང་བས་མངོན་པར་ འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཇི་ལྟར་བསླབ་པར་བགྱི་ལགས། བཀའ་སྩལ་པ། གཟུགས་ནི་གཟུགས་ཀྱིས་སྟོང་པར་བལྟའོ། །ཚོར་བ་ནི་ཚོར་ བས་སྟོང་པར་བལྟའོ། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་པར་བལྟའོ། །འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱིས་སྟོང་པར་བལྟའོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་པར་བལྟའོ། །མིག་གི་བར་ནི་མིག་གིས་སྟོང་པར་བལྟའོ། ། ཡིད་ཀྱི་བར་ནི་ཡིད་ཀྱིས་སྟོང་པར་བལྟའོ། །ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་ 36-1-4a སྟོང་པར་བལྟའོ། །འགོག་པའི་སྙོམས་པར་འཇུག་པའི་བར་ནི་འགོག་པའི་སྙོམས་པར་འཇུག་པས་སྟོང་པར་བལྟའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་པར་བལྟའོ། །བྱང་ཆུབ་ཀྱི་བར་ ནི་བྱང་ཆུབ་ཀྱིས་སྟོང་པར་བལྟ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཟུགས་ནི་གཟུགས་ཀྱིས་ སྟོང་། བྱང་ཆུབ་ཀྱི་བར་ཡང་བྱང་ཆུབ་ཀྱིས་སྟོང་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཇི་ལྟར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་སྤྱོད་པ་ མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྤྱོད་པ་མ་མཆིས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། སྤྱོད་པ་ཡང་མི་དམིགས། གང་ལ་སྤྱོད་པ་དང་། གང་གིས་སྤྱོད་པ་དང་། གང་དུ་སྤྱོད་པ་དེ་ཡང་མི་དམིགས་ཏེ། རབ་འབྱོར་དེ་གང་ལ་ སྤྲོས་པ་དེ་དག་ཐམས་ཅད་མི་དམིགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་སྤྱོད་པ་མ་མཆིས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་ལགས་ན། བཅོམ་ལྡན་འདས་འོ་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི། བཀའ་སྩལ་པ། རབ་འབྱོར་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། དེ་ལྟར་མི་དམིགས་པའི་ཆོས་ཐམས་ཅད་ལ་བསླབ་པར་བྱ་ཞིང་། དེས་སྦྱིན་པ་སྦྱིན་པ་ན། མི་དམིགས་པའི་ཚུལ་གྱིས་སྦྱིན་པ་སྦྱིན་པར་བྱའོ། །ཚུལ་ཁྲིམས་སྲུང་བ་ན། 36-1-4b མི་དམིགས་པའི་ཚུལ་གྱིས་ཚུལ་ཁྲིམས་སྲུང་བར་བྱའོ། །བཟོད་པ་བསྒྲུབ་པ་ན། མི་དམིགས་པའི་ཚུལ་གྱིས་བཟོད་པ་བསྒྲུབ་པར་བྱའོ། །བརྩོན་འགྲུས་བརྩོམ་པ་ན་མི་དམིགས་པའི་ཚུལ་གྱིས་བརྩོན་འགྲུས་བརྩམ་པར་བྱའོ། །ཏིང་ངེ་འཛིན་ལ་སྙོམས་ པར་འཇུག་པ་ན་མི་དམིགས་པའི་ཚུལ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །ཤེས་རབ་སྒོམ་པ་ན་མི་དམིགས་པའི་ཚུལ་གྱིས་ཤེས་རབ་སྒོམ་པར་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་ ཇི་ཙམ་གྱིས་ན་མི་དམིགས་པར་འགྱུར། ཇི་ཙམ་གྱིས་ན་དམིགས་པར་འགྱུར་ལགས། བཀའ་སྩལ་པ། ཇི་ཙམ་དུ་གཉིས་ཡོད་པ་དེ་ཙམ་དུ་དམིགས་པ་སྟེ། གཉིས་སུ་མེད་པ་ནི་མི་དམིགས་པའོ། །གསོལ་པ། བཅོམ་ལྡན་འདས་གཉིས་ཤེས་བགྱི་བ་གང་ལགས། བཀའ་ སྩལ་པ། མིག་དང་གཟུགས་ཀྱི་བར་དང་། ཡིད་དང་ཆོས་ཀྱི་བར་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི་བར་དུ་སྟེ། རབ་འབྱོར་དེ་ནི་གཉིས་སོ། །གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་པ་གང་ལགས། བཀའ་སྩལ་པ། མིག་དང་གཟུགས་ཀྱི་བར་དུ་མེད་པ་དང་། ཡིད་དང་ཆོས་ རྣམས་ཀྱི་བར་དུ་མེད་པ་དང་། བྱང་ཆུབ་དང་སངས་རྒྱས་ཀྱི་བར་དུ་མེད་པ་སྟེ། རབ་འབྱོར་དེ་ནི་གཉིས་སུ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་དམིགས་སུ་མ་མཆིས་པ་མི་དམིགས་ལགས་སམ། འོན་ཏེ་གཉིས་སུ་མཆིས་པ་མི་དམིགས་ལགས། བཀའ་སྩལ་པ། རབ་འབྱོར་ དམིགས་སུ་ཡོད་པས་མི་དམིགས་པ་ཡང་མ་ཡིན། དམིགས་སུ་མེད་པས་མི་དམིགས་པ་ཡང་མ་ཡིན་མོད་ཀྱི། རབ་འབྱོར་འོན་ཀྱང་དམིགས་སུ་ཡོད་པ་དང་། དམིགས་སུ་མེད་པ་མཉམ་པ་ཉིད་ནི་དམིགས་སུ་མེད་པ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་དེ་ལྟར་དམིགས་པ་དང་། དམིགས་པ་མེད་པ་མཉམ་པ་ཉིད་ལ་བསླབ་པར་བྱའོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་མེད་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དམིགས་པ་ལ་མི་ཆགས་ཤིང་། མི་དམིགས་པ་ལ་ཡང་མི་ཆགས་པ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། 36-1-5a ཇི་ལྟར་ས་ནས་ས་ཡོངས་སུ་རྫོགས་པར་བགྱི། ས་ནས་ས་ཡོངས་སུ་རྫོགས་པར་བགྱིས་ནས་ཀྱང་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དམིགས་པ་ལ་གནས་ཤིང་ས་ནས་ས་ཡོངས་སུ་རྫོགས་པར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དམིགས་པ་ལ་གནས་ ནས། ས་ནས་ས་ཡོངས་སུ་རྫོགས་པར་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མེད་ལ། བྱང་ཆུབ་ཀྱང་དམིགས་སུ་མེད་ཅིང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཡང་ དམིགས་སུ་མེད་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མ་ མཆིས། བྱང་ཆུབ་ཀྱང་དམིགས་སུ་མ་མཆིས། གང་བྱང་ཆུབ་ཀྱི་སླད་དུ་སྤྱོད་པ་དེ་ཡང་དམིགས་སུ་མ་མཆིས་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ངོ་བོ་ཉིད་དང་བྲལ་བའི་ ཆོས་ཐམས་ཅད་ལ་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་བྱང་ཆུབ་ཀྱི་བར་རོ་ཞེས་ཇི་ལྟར་རབ་ཏུ་རྣམ་པར་དབྱེ་བར་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཇི་ལྟར་བྱས་པས་གཟུགས་དམིགས་པ་དང་། རྣམ་པར་ཤེས་པའི་བར་དུ་དམིགས་པ་དང་། བྱང་ཆུབ་ཀྱི་བར་དུ་དམིགས་པར་འགྱུར་བ་དེ་ལྟར་ཆོས་རྣམས་ལ་ རབ་ཏུ་རྣམ་པར་འབྱེད་པར་མི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། གཟུགས་ཀྱང་མི་དམིགས་རྣམ་པར་ཤེས་པའི་བར་དུ་ཡང་མི་དམིགས། 36-1-5b བྱང་ཆུབ་ཀྱི་བར་དུ་ཡང་མི་དམིགས་ལགས་ན། འོ་ན་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་ པར་ཞུགས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པར་འགྱུར་ལགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིས་ནས་ཀྱང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་ལགས། སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བགྱིས་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ལགས། ཆོས་ཀྱི་འཁོར་ལོ་ བསྐོར་ནས་ཀྱང་། སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ལགས། སངས་རྒྱས་ཀྱི་མཛད་པ་བགྱིས་ནས་ཀྱང་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བགྱིད་པར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ཀྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །བྱང་ཆུབ་ཀྱི་བར་གྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གསོལ་པ། བཅོམ་ལྡན་འདས་འོ་ན་གང་གི་ཆེད་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་གི་ཆེད་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ། ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མ་བྱས་པ་དང་འགྱུར་བ་མེད་པ་ཡིན་ལ། བྱང་ཆུབ་ཀྱང་མ་བྱས་པ་དང་། འགྱུར་བ་མེད་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའ་ཡང་མ་བྱས་པ་དང་། འགྱུར་བ་མེད་པ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་མ་བྱས་པ་དང་། འགྱུར་བ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། 36-1-6a བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མ་བགྱིས་པ་དང་། འགྱུར་བ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་ པ་འདི་དག་རྣམ་པར་དགོད་པར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་མ་བྱས་པ་དང་། འགྱུར་བ་མེད་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་གང་ཡང་དམིགས་སུ་མེད་དེ་མངོན་པར་འདུས་བྱས་པ་དང་། མངོན་པར་བསགས་པའི་ ཆོས་རྣམས་ལ་ནི་རྣམ་པར་དགོད་པ་དམིགས་སུ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་ཕུང་པོ་ལྔ་ལ་མངོན་པར་ཞེན་ཏེ། གཟུགས་ཀྱི་ཕུང་པོ་ལ་མངོན་པར་ཞེན་པར་བྱེད། རྣམ་པར་ཤེས་ པའི་ཕུང་པོའི་བར་ལ་མངོན་པར་ཞེན་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཞེན་པར་བྱེད། གཟུགས་ལ་རློམ་སེམས་སུ་བྱེད། གཟུགས་ལ་དམིགས་པར་བྱེད། བྱང་ཆུབ་ཀྱི་བར་ལ་རློམ་སེམས་སུ་བྱེད། བྱང་ཆུབ་ཀྱི་བར་དུ་དམིགས་ པར་བྱེད་པའི་ཕྱིར་ཏེ། དེ་འདི་སྙམ་དུ་བདག་མཐོང་ན་བདག་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བདག་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱའོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་དང་། བྱང་ཆུབ་ཀྱི་བར་གང་ཡིན་པ་དག་ནི་སངས་རྒྱས་རྣམས་ཀྱི་སྤྱན་ལྔས་ཀྱང་མ་དམིགས་ན་སྐྱེས་བུ་བླུན་པོ་སངས་རྒྱས་ལ་སྐུར་བ་འདེབས་པ་དེ་དག་ནི་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ ཐར་བར་བྱ་བར་འདོད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱིས་སྤྱན་ལྔས་ཀྱང་སེམས་ཅན་གང་དག་འཁོར་བ་ལས་ཡོངས་སུ་ཐར་བར་བགྱི་བ་དག་མ་དམིགས་ལགས་ན། འོ་ན་ད་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ 36-1-6b སངས་རྒྱས་ནས་ཇི་ལྟར་སེམས་ཅན་རྣམས་ཡང་དག་པ་ཉིད་དུ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པའི་ཕུང་པོ་གསུམ་དུ་ལུང་བསྟན་པར་མཛད་ལགས། བཀའ་སྩལ་པ། རབ་འབྱོར་ངས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་ནས་ཡང་དག་པ་ཉིད་དུ་ངེས་པ་འམ། ལོག་པ་ཉིད་དུ་ངེས་པ་འམ། མ་ངེས་པའི་སེམས་ཅན་འགའ་ཡང་མ་དམིགས་མོད་ཀྱི། རབ་འབྱོར་འོན་ཀྱང་སེམས་ཅན་རྫས་མེད་པ་ལ་རྫས་སུ་འདུ་ཤེས་པ་འདི་དག་ངས་འཇིག་ རྟེན་གྱི་ཐ་སྙད་དུ་ཡང་དག་པ་མ་ཡིན་པ་ལ་འཛིན་པ་དེ་ལས་བཟློག་གི་དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དོན་དམ་པ་ལ་བཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་རྫུ་འཕྲུལ་གྱི་རྣམ་གྲངས་ལ་བཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དོན་དམ་པ་ལ་བཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མ་ལགས་ལ། རྫུ་འཕྲུལ་གྱི་རྣམ་གྲངས་ལ་ བཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མ་ལགས་ན། བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་འམ། གཅིག་ཏུ་མི་འགྱུར་ལགས་གྲང་། བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པ་མ་ཡིན་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ 36-1-7a རྫོགས་པར་སངས་རྒྱས་མོད་ཀྱི། དེ་ནི་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་པ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་འདུས་བྱས་ཀྱི་ཁམས་སམ། འདུས་ མ་བྱས་ཀྱི་ཁམས་གང་ལ་ཡང་མི་གནས་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་འགྲོ་བ་དང་། འོང་བ་དང་། སྡོད་པ་དང་། འདུག་པ་ཡང་ཡོད་ལ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་བཞི་བསྒྲུབས་ཏེ་གནས་པ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་ པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་བསྒོམ་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། ནང་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་ལ་སྒོམ་ཞིང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ལ། སྤྲུལ་པ་དེས་ཀྱང་སེམས་ཅན་དཔག་ཏུ་མེད་པ་དག་སྤྲུལ་ནས། ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར་ན། རབ་འབྱོར་འདི་ཇི་སྙམ་དུ་ སེམས། སྤྲུལ་པ་དེས་སེམས་ཅན་འགའ་ཡང་ཕུང་པོ་གསུམ་དུ་ལུང་བསྟན་པ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྤྲུལ་པ་ལྟ་ བུར་མཁྱེན་ཏེ། སྤྲུལ་པ་དེ་ལྟ་བུར་མཁྱེན་ནས་སེམས་ཅན་གང་ཡང་བཏུལ་བ་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་སྤྲུལ་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། ། 36-1-7b གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། སྤྲུལ་པ་ལ་བྱེ་བྲག་ནི་ཅི་མཆིས། ཐ་དད་དུ་བགྱི་བ་ནི་ཅི་མཆིས། དགོངས་པ་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་བྱེ་བྲག་ཅི་ཡང་མེད་དེ། ཐ་དད་དུ་བྱ་བ་ཅི་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་གཤེགས་ པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་བྱེ་བྲག་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ཕྲིན་ལས་གང་མཛད་པ་དེ་ནི་སྤྲུལ་པའང་བྱེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པ་མི་བཞུགས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་སུག་ལས་བགྱིད་ལགས་སམ། བཀའ་སྩལ་པ། རབ་འབྱོར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བཞུགས་ན། དེ་བཞིན་གཤེགས་པའི་སྤྲུལ་པ་སུག་ལས་ཅི་ལྟར་བགྱིད་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་བློ་གྲོས་ཞི་བས་བྱང་ཆུབ་སེམས་དཔའ་མ་དམིགས་ནས། སྤྲུལ་པ་སྤྲུལ་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །སྤྲུལ་པ་དེས་ཀྱང་ཕྱི་ན་བསྐལ་པ་ལས་ལྷག་པར་སངས་རྒྱས་ ཀྱི་བྱ་བ་བྱས་ཏེ། དེས་ཕྱིས་བྱང་ཆུབ་སེམས་དཔའ་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་སྐྱེ་བོ་རྣམས་ཀྱིས་ཀུན་ཏུ་ཤེས་ཀྱང་སྤྲུལ་པ་ལ་ནི་སྐྱེ་བ་མེད། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མོས་པར་བྱ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་སྤྲུལ་པ་དང་། དེ་བཞིན་གཤེགས་པ་ལ་བྱེ་བྲག་མ་མཆིས་ན། སྦྱིན་པ་ཡོངས་སུ་སྦྱང་བར་ཡང་ཇི་ལྟར་འགྱུར་ལགས། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་དེ་དག་ནི་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ 36-1-8a པར་གྱུར་གྱི་བར་དུ་ནམ་ཡང་བས་པར་མི་འགྱུར་ལགས་ན། བཅོམ་ལྡན་འདས་དེ་བཞིན་དུ་སེམས་ཅན་གང་དག་གིས་སྤྲུལ་པ་ལ་ཡོན་ཕུལ་བ་དེ་དག་ཀྱང་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་ མྱ་ངན་ལས་འདས་པར་གྱུར་གྱི་བར་དུ་ནམ་ཡང་བས་པར་མི་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཉིད་གང་གིས་དེ་བཞིན་གཤེགས་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་པའི་གནས་སུ་གྱུར་ པའི་ཆོས་ཉིད་དེ་ཉིད་ཀྱིས་སྤྲུལ་པ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་པའི་གནས་སུ་གྱུར་པ་ཡིན་ནོ། །རབ་འབྱོར་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ལྟའང་ཞོག །དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་བ་ལྟའང་ཞོག་གི། རབ་འབྱོར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བྱམས་པ་དང་ལྡན་པས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་ན། དེ་དག་ཐམས་ཅད་ནི་དགེ་བའི་རྩ་བ་དེའི་མཐར་མ་ཕྱིན་པར་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ། །རབ་འབྱོར་ བྱམས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ལྟའང་ཞོག་གི། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱས་ཤིང་ནམ་མཁའ་ལ་མེ་ཏོག་སྙིམ་པས་གཏོར་ན། དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེའི་མཐར་མ་ཕྱིན་པར་ སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ། །རབ་འབྱོར་བྱམས་པ་དང་ལྡན་པས་ཡིད་ལ་བྱེད་པ་ལྟའང་ཞོག །ནམ་མཁའ་ལ་མེ་ཏོག་སྙིམ་པས་གཏོར་བ་ལྟའང་ཞོག་གི། རབ་འབྱོར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་ལ་ ཕྱག་འཚལ་བར་བྱེད་ན། དེ་དག་ཐམས་ཅད་ཀྱང་རིམ་གྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ནི་དེ་ལྟར་མཐུ་ཆེ་བ་དང་། དེ་ལྟར་ཕན་ཡོན་ཆེ་བ་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ན་ འདི་ལྟར་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཚད་མར་བྱས་ན་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བྱེ་བྲག་ཆུང་ཟད་ཀྱང་མེད་པར་རིག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་ 36-1-8b རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཆོས་རྣམས་ཀྱི་ཆོས་ཉིད་ལ་ཞུགས་ནས། ཆོས་ཉིད་དེ་ཡང་རྣམ་པར་དཀྲུག་པར་མི་བྱ་སྟེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། ། ཆོས་ཐམས་ཅད་ཀྱི་བར་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུག་པར་མི་བགྱི་ལགས་ན། བཅོམ་ལྡན་འདས་གང་གི་སླད་དུ་དེ་བཞིན་གཤེགས་པས་འདི་ནི་ གཟུགས་སོ། །འདི་ནི་རྣམ་པར་ཤེས་པའི་བར་རོ་ཞེས་བགྱི་བ་དང་། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ཀྱང་བཀའ་སྩལ། དེ་བཞིན་དུ་དགེ་བ་དང་། མི་དགེ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཐུན་མོང་དང་། ཐུན་མོང་མ་ལགས་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་བཀའ་སྩལ་ཏེ། རྣམ་པར་དཀྲུག་པར་མཛད་ན། དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ རྣམ་པར་དཀྲུགས་པར་མ་གྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ངས་ནི་ཇི་ལྟར་གཞན་དག་གིས་ཁོང་དུ་ཆུད་པར་འགྱུར་ཞེས་མིང་དང་མཚན་མས་ཆོས་རྣམས་ཀྱི་ཆོས་ཉིད་བསྟན་ཏེ། ཆོས་རྣམས་བརྗོད་པར་ཟད་ཀྱི། ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུགས་པ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཞན་དག་གིས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མས་ཆོས་རྣམས་ཀྱི་ཆོས་ཉིད་བསྟན་ཏེ། ཆོས་རྣམས་བརྗོད་པ་མཛད་ན། བཅོམ་ལྡན་འདས་མིང་མ་མཆིས་པ་དང་། མཚན་མ་མ་མཆིས་པའི་ཆོས་རྣམས་ཇི་ལྟར་མིང་དང་མཚན་མས་བརྗོད་པ་མཛད་ལགས། བཀའ་སྩལ་པ། རབ་འབྱོར་བརྗོད་པ་ནི་མིང་དང་མཚན་མ་ལ་ མངོན་པར་ཞེན་པ་མ་ཡིན་གྱི། རབ་འབྱོར་གཞན་དུ་ན་སྡུག་བསྔལ་ཉིད་བརྗོད་པར་ཟད་དེ། མིང་དང་མཚན་མ་ལ་མངོན་པར་ཞེན་པ་མེད་དོ། །རབ་འབྱོར་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་ནི་མིང་དང་མཚན་མ་ལ་ 36-1-9a མངོན་པར་ཞེན་པ་མེད་དོ། །རབ་འབྱོར་གལ་ཏེ་མིང་ལ་མིང་མངོན་པར་ཞེན་པར་འགྱུར་རམ། མཚན་མ་ལ་མཚན་མ་མངོན་པར་ཞེན་པར་འགྱུར་ན་ནི། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ལ་མངོན་པར་ཞེན་པར་འགྱུར་ལ། མཚན་མ་མེད་པ་ཡང་ མཚན་མ་མེད་པ་ལ་མངོན་པར་ཞེན་པར་འགྱུར། སྨོན་པ་མེད་པ་ཡང་སྨོན་པ་མེད་པ་ལ་མངོན་པར་ཞེན་པར་འགྱུར། དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ལ་མངོན་པར་ཞེན་པར་འགྱུར། ཡང་དག་པའི་མཐའ་ཡང་ཡང་དག་པའི་མཐའ་ལ་མངོན་ པར་ཞེན་པར་འགྱུར། ཆོས་ཀྱི་དབྱིངས་ཀྱང་ཆོས་ཀྱི་དབྱིངས་ལ་མངོན་པར་ཞེན་པར་འགྱུར། འདུས་མ་བྱས་ཀྱང་འདུས་མ་བྱས་ལ་མངོན་པར་ཞེན་པར་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་མིང་ཙམ་དུ་ཟད་པས། དེ་དག་ མིང་ཙམ་ལ་གནས་པར་མི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་མིང་དང་མཚན་མ་ཙམ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་ཞིང་། དེ་ལ་ཡང་མངོན་པར་ཞེན་པར་མི་བྱའོ། ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་བས་པ་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་ཆེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་ཅིང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ ཀྱང་འདུ་བྱེད་སྣ་ཚོགས་རྣམ་པ་དུ་མ་ཉམས་སུ་མྱོང་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སྦྱིན་པ་རྩོལ་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། ཏིང་ངེ་འཛིན་ལ་སྙོམས་ པར་འཇུག་པ་དང་། ཤེས་རབ་བསྒོམ་པ་དང་། སྟོང་པ་ཉིད་ལ་བསྒོམ་པ་དང་། བསམ་གཏན་དང་། ཚད་མ་མཆིས་པ་དང་། གཟུགས་མ་མཆིས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་ པ་དང་། ཡང་དག་པར་སྤོང་བ་རྣམས་ལ་གནས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་ལ་གནས་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས་པ་དང་། སྙིང་རྗེ་ཆེན་ 36-1-9b པོའི་བར་དག་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་གང་འདི་སྐད་དུ་གལ་ཏེ་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་བས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཆེད་དུ་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བགྱིད་ཅེས་ཟེར་བ་ནི། རབ་འབྱོར་འདི་ལྟར་འདུས་བྱས་འདི་དག་ཐམས་ཅད་མིང་དང་མཚན་མ་ཙམ་དུ་ཟད་ལ། མིང་དང་མཚན་མ་དེ་དག་ཀྱང་མིང་དང་མཚན་མས་སྟོང་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་ལ། ཆོས་ཀྱི་འཁོར་ལོ་བསྐོར་ནས་ཀྱང་། སེམས་ཅན་ རྣམས་ཐེག་པ་གསུམ་པོ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ཀྱང་། མིང་དང་མཚན་མ་དེ་དག་སྐྱེ་བ་ཡང་མེད། འཇིག་པ་ཡང་མེད། གནས་པ་ཡང་མེད། གནས་པ་ལས་གཞན་དུ་འགྱུར་བ་ཡང་མེད་ཅིང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་ང་སྨྲའོ། ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཐམས་ཅད་ཤེས་པ་ཉིད་ཀྱང་བཀའ་སྩལ་ཅིང་། དེ་བཞིན་གཤེགས་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་མདོར་ཡང་བཀའ་སྩལ་ལ། དེ་བཞིན་གཤེགས་པས་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱང་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་འདི་དག་ལ་བྱེ་བྲག་ནི་ཅི་མཆིས་ཐ་དད་དུ་བགྱི་བ་ནི་ཅི་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིའོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིའོ། །རབ་འབྱོར་རྣམ་པ་ཐམས་ཅད་ 36-1-10a མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ལགས། ཅིའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལགས། ཅིའི་སླད་དུ་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་ཕྱི་ནང་གི་ཆོས་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་ལ། ལམ་ཐམས་ཅད་དང་། རྣམ་པ་ཐམས་ཅད་ནི་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལགས་ཞེས་ཟེར་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ལམ་ཐམས་ཅད་བསྐྱེད་པར་བྱ་ ཞིང་། ལམ་ཐམས་ཅད་ཤེས་པར་བྱ་དགོས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ལམ་གང་ཡིན་པའི་ལམ་དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་དགོས་ལ། ལམ་དེ་དག་གིས་ལམ་གྱི་བྱ་བ་ བྱེད་ཀྱང་ཡང་དག་པའི་མཐའ་རྟོགས་པར་ནི་མི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་མི་འགྱུར་ཞིང་། དེས་ཡང་དག་པའི་མཐའ་ཡང་མངོན་སུམ་ དུ་མི་བགྱིད་ལགས་སམ། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པར་ཡང་དག་པའི་མཐའ་མངོན་སུམ་དུ་ མི་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ལ་གནས་ཏེ། ཡང་དག་པའི་མཐའ་མངོན་སུམ་དུ་བགྱིད་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ 36-1-10b ན་ལམ་མ་ལགས་པ་ལ་གནས་ཏེ་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ལམ་དང་ལམ་མ་ལགས་པ་ལ་གནས་ཏེ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ལམ་ཡང་མ་ལགས། ལམ་མ་ལགས་པ་ཡང་མ་ལགས་པ་ལ་གནས་ཏེ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཡང་དག་པའི་མཐའ་མངོན་སུམ་དུ་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཁྱོད་ལམ་ལ་གནས་ཏེ། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འོ་ན་ལམ་མ་ཡིན་པ་ལ་གནས་ཏེ་འམ། རབ་འབྱོར་གྱིས་གསོལ་པ། དེ་ནི་མ་ལགས་སོ། །བཀའ་སྩལ་པ། འོ་ན་ལམ་དང་། ལམ་མ་ཡིན་པ་ལ་གནས་ཏེ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འོ་ན་ཁྱོད་ལམ་ཡང་མ་ཡིན། ལམ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་ཏེ། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་གང་ལ་གནས་ཏེ་ཡང་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བ་མ་ལགས་ཀྱི། བཅོམ་ལྡན་འདས་བདག་གི་སེམས་ནི་ཇི་ལྟར་གང་ལ་ཡང་མི་གནས་པས་སེམས་རྣམ་པར་གྲོལ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཅི་ལ་ཡང་མི་གནས་པར་ཡང་དག་པའི་མཐའ་མངོན་སུམ་དུ་བྱའོ། །རབ་འབྱོར་གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཅེས་བྱ་བ་ནི་རྣམ་པ་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ་འདི་ལྟར་ཞི་བའི་རྣམ་པས་སོ། །རབ་འབྱོར་ཡང་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམས་སྟོང་ཞེས་བྱ་བར་བརྗོད་པའི་རྣམ་པ་དེ་དག་དང་། 36-1-11a རྟགས་དེ་དག་དང་། མཚན་མ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་ པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ལགས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་འདི་དག་ལས་འདིའི་སྤོང་བ་ནི་ལྷག་མ་དང་བཅས་པའོ། །འདིའི་སྤོང་བ་ནི་ལྷག་མ་མ་མཆིས་པའོ་ཞེས་བགྱི་བར་ཉོན་མོངས་པ་སྤང་བ་ལ་ཐ་དད་དུ་བགྱི་ བ་མཆིས་ལགས་སམ། བཀའ་སྩལ་པ། རབ་འབྱོར་ཉོན་མོངས་པ་སྤང་བ་ལ་ནི་ཐ་དད་པ་མེད་མོད་ཀྱི། དེ་བཞིན་གཤེགས་པ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་ཡིན་ནོ། །ཉན་ཐོས་དང་། རང་སངས་རྒྱས་ནི་བག་ཆགས་ཀྱི་ མཚམས་སྦྱོར་བ་ཐམས་ཅད་སྤངས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉོན་མོངས་པ་སྤངས་པ་འདུས་མ་བགྱིས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་འདུས་མ་བགྱིས་ལ་བྱེ་བྲག་དམིགས་སུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། འདུས་མ་བྱས་ལ་ནི་བྱེ་བྲག་དམིགས་སུ་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ འདུས་མ་བགྱིས་ལ་བྱེ་བྲག་དམིགས་སུ་མ་མཆིས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་འདི་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་ཡིན་ནོ། །འདི་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་མ་ཡིན་ནོ་ཞེས་བཀའ་སྩལ་ལགས། བཀའ་སྩལ་པ། རབ་འབྱོར་བག་ཆགས་ཀྱི་མཚམས་སྦྱོར་བ་ནི་ཉོན་མོངས་པ་མ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་དེ་དག་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བ་ཡང་ཡོད་མོད་ཀྱི། ལུས་ཀྱི་འགྱུར་བ་ཡང་འབྱུང་སྟེ། དེ་དག་ནི་བྱིས་ པ་སོ་སོའི་སྐྱེ་བོ་རྣམས་ལ་ཡང་གནོད་པར་མི་འགྱུར་ལ། ཉན་ཐོས་རྣམས་ལ་ཡང་མ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པ་ལ་མི་མངའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ 36-1-11b གལ་ཏེ་ལམ་ཡང་དངོས་པོ་མ་མཆིས་ལ། མྱ་ངན་ལས་འདས་པ་ཡང་དངོས་པོ་མ་མཆིས་ན། ཅིའི་སླད་དུ་འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ་ཞེས་བཤད་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་ཏུ་ཞུགས་པ་གང་ཡིན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ ནོ། །གསོལ་པ། བཅོམ་ལྡན་འདས་ཇི་འདུས་མ་བགྱིས་དེ། འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བར་དག་ལགས་སོ་ཞེས་རབ་ཏུ་འབྱེད་པར་བགྱིད་ལགས་སམ། བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ནི་རབ་ཏུ་འབྱེད་པར་མི་བྱེད་མོད་ཀྱི་འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་ཚད་མར་བྱས་ཏེ་བརྗོད་པར་ཟད་ཀྱི། དོན་དམ་པར་ནི་རབ་ཏུ་དབྱེ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ཚིག་གི་ལམ་གྱིས་གདགས་ སུ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཕྱི་མའི་མཐའ་ཇི་ལྟར་གདགས་ལགས། བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཐ་སྙད་ཚད་མར་བྱས་ཏེ། གང་དང་གང་དག་གིས་མཐའ་ཆད་པ་དེ་དང་དེ་དག་ལ་ཕྱི་མའི་མཐའ་གདགས་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སྔོན་གྱི་མཐའ་ཡང་མི་དམིགས་ལགས་ན། ཕྱི་མའི་མཐའ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སྔོན་གྱི་མཐའ་ཡང་མི་དམིགས་ན། ཕྱི་མའི་མཐའ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་འོན་ཀྱང་སེམས་ཅན་གང་དག་གིས་ཆོས་ ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤེས་པ་དེ་དག་ལ་འདི་ནི་སྔོན་གྱི་མཐའོ། །འདི་ནི་ཕྱི་མའི་མཐའོ། །ཞེས་བསྟན་པར་ཟད་ཀྱི། རབ་འབྱོར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ 36-1-12a དམིགས་སུ་མེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ རྣམས་ལ་སྤྱོད་པ་ནི་ནང་ངམ། ཕྱི་འམ་འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་རྣམས་སམ། རང་སངས་རྒྱས་ཀྱི་ཆོས་རྣམས་སམ། གང་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ན། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་དམ་པ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པས་ན། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། ། རབ་འབྱོར་ཡང་དོན་དམ་པར་ཆོས་ཐམས་ཅད་དབྱེར་མེད་པའི་དོན་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ བྱའོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དེ་བཞིན་ཉིད་ཀྱང་ཆུད། ཡང་དག་པའི་མཐའ་ཡང་ཆུད། ཆོས་ཀྱི་དབྱིངས་ཀྱང་ཆུད་པས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ནི་ཆོས་གང་དང་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། བསྟན་དུ་ཡོད་པ་འམ། བསྟན་དུ་མེད་པ་འམ། ཐོགས་པ་དང་བཅས་པ་འམ། ཐོགས་པ་མེད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ 36-1-12b ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ལ་སྤྱོད་པར་བྱེད་ཅིང་། སྤོབས་པ་ ཐམས་ཅད་དང་། སྣང་བ་ཐམས་ཅད་སྦྱིན་པར་བྱེད་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱིས་མི་ཆོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞན་མུ་སྟེགས་ཅན་ཕྱིར་རྒོལ་བའི་བར་དག་གིས་ཀྱང་ཆོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཅོད་པར་བྱེད་པ་གང་ཡིན་པ་དང་། གང་གི་གཅད་པ་དང་། གཅད་པ་གང་ཡིན་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་འདི་ལྟར་སྤྱད་པར་བྱ་སྟེ། འདི་ལྟ་སྟེ་མི་རྟག་པའི་དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་གྱི་དོན་ལ་སྤྱད་པར་བྱའོ། །བདག་མེད་པའི་དོན་ལ་སྤྱད་ པར་བྱའོ། །སྡུག་བསྔལ་ཤེས་པའི་དོན་དང་། ཀུན་འབྱུང་བ་ཤེས་པའི་དོན་དང་། འགོག་པ་ཤེས་པའི་དོན་དང་། ལམ་ཤེས་པའི་དོན་དང་། ཟད་པ་ཤེས་པའི་དོན་དང་། མི་སྐྱེ་བ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཆོས་ཤེས་པའི་དོན་དང་། རྗེས་སུ་རྟོགས་པ་ཤེས་པའི་དོན་དང་། ཀུན་རྫོབ་ཤེས་པའི་དོན་དང་། ཡོངས་སུ་འདྲིས་པ་ཤེས་པའི་དོན་དང་། སྒྲ་ཇི་བཞིན་ཤེས་པའི་དོན་དང་། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་དོན་ལ་སྤྱད་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་དོན་དང་ཚུལ་གྱིས་སྤྱད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ 36-1-13a ཕྱིན་པ་ཟབ་མོ་འདི་ལ་དོན་དང་། དོན་མ་ལགས་པ་དམིགས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ལ་སྤྱོད་པས་འདི་ལྟར་སྤྱད་པར་བྱ་སྟེ། འདོད་ཆགས་བདག་གི་དོན་ཅེ་འམ། བདག་ལ་གནོད་པ་ཞེས་བྱ་བར་སྤྱད་པར་མི་བྱའོ། ། ཞེ་སྡང་བདག་གི་དོན་ཅེ་འམ། བདག་ལ་གནོད་པ་ཞེས་བྱ་བར་སྤྱད་པར་མི་བྱའོ། །གཏི་མུག་བདག་གི་དོན་ཅེ་འམ། བདག་ལ་གནོད་པ་ཞེས་བྱ་བར་སྤྱད་པར་མི་བྱའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བདག་གི་དོན་ཅེ་འམ། བདག་ལ་གནོད་པ་ ཞེས་བྱ་བར་སྤྱད་པར་མི་བྱའོ། །ལོག་པར་ལྟ་བ་བདག་གི་དོན་ཅེ་འམ། བདག་ལ་གནོད་པ་ཞེས་བྱ་བར་སྤྱད་པར་མི་བྱའོ། །ལྟ་བར་གྱུར་པ་ཐམས་ཅད་ཀྱི་བར་དུ་བདག་གི་དོན་ཅེ་འམ། བདག་ལ་གནོད་པ་ཞེས་བྱ་བར་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དེ་བཞིན་ཉིད་ནི་གང་ལ་ཡང་དོན་ཀྱང་མི་བྱེད་ལ། གནོད་པ་ཡང་མི་བྱེད་པ་དང་། ལྟ་བའི་རྣམ་པའི་དེ་བཞིན་ཉིད་ཀྱང་གང་ལ་ཡང་དོན་ཀྱང་མི་བྱེད་ལ། གནོད་པ་ཡང་མི་བྱེད་པའི་ཕྱིར་རོ། །གཟུགས་བདག་གི་ དོན་ཅེས་སྤྱད་པར་མི་བྱའོ། །གཟུགས་བདག་ལ་གནོད་པ་ཞེས་སྤྱད་པར་མི་བྱའོ། །རྣམ་པར་ཤེས་པའི་བར་དུ་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །རྣམ་པར་ཤེས་པ་བདག་ལ་གནོད་པ་ཞེས་སྤྱད་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་ བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །བྱང་ཆུབ་བདག་ལ་གནོད་པ་ཞེས་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གང་དོན་ཏམ་ གནོད་པ་འགའ་ཡང་མ་དམིགས་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ 36-1-13b ཉིད་དང་། ཆོས་ཀྱི་དབྱིངས་གནས་པ་འདི་ནི་གང་ལ་ཡང་དོན་ཏམ། གནོད་པ་ཅི་ཡང་མི་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དོན་དང་། གནོད་པ་རྣམ་པར་སྤངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དེ་སྐད་ ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཀྱང་མི་བགྱིད། གནོད་པ་ཡང་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་གང་ཡང་མི་བྱེད་པས། རབ་འབྱོར་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ལ་ཡང་དོན་དང་གནོད་པ་མི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ འདུས་མ་བགྱིས་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་འཕགས་པ་ཐམས་ཅད་ཀྱི་དོན་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་འཕགས་པ་རྣམས་ཀྱི་དོན་ ཡིན་མོད་ཀྱི། གང་ལ་ཡང་ཕན་པ་འམ། གནོད་པར་ཉེ་བར་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའི་དེ་བཞིན་ཉིད་ནི་གང་ལ་ཡང་ཕན་པ་འམ་གནོད་པ་ཉེ་བར་གནས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གང་ལ་ཡང་ཕན་པ་འམ་གནོད་པར་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུས་མ་བྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུས་མ་བྱས་ཀྱི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཀྱི་གཉིས་སུ་མཆིས་པའི་ཆོས་ཀྱིས་གཉིས་སུ་མཆིས་པའི་ 36-1-14a ཆོས་འཐོབ་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་པའི་ཆོས་ཀྱིས་གཉིས་སུ་མ་མཆིས་པའི་ཆོས་འཐོབ་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་ མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་གཉིས་སུ་མ་མཆིས་པའི་ཆོས་ཀྱིས་གཉིས་སུ་མཆིས་པའི་ཆོས་ཐོབ་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་འཐོབ་པར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་གང་གི་ཕྱིར་གཉིས་ཀྱི་ཆོས་སམ། གཉིས་སུ་མེད་པའི་ཆོས་ཀྱང་མི་དམིགས་ན། དེ་ལྟར་དམིགས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་ བརྒྱད་སྟོང་པ་ལས་ཆོས་གཉིས་ཀྱི་ཞུ་བ་མང་པོའི་ལེའུ་ཞེས་བྱ་བ་སྟེ་དྲུག་བཅུ་རྩ་གསུམ་པའོ།། །། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་དྲུག་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ནི་སེམས་ཅན་ཡང་མི་དམིགས་ལ། སེམས་ཅན་དུ་གདགས་པ་ཡང་མི་དམིགས་པར་སེམས་ཅན་རྣམས་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པས་དཀའ་ བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་མི་ལ་ལ་ཞིག་གིས་ནམ་མཁའ་རྟེན་མ་མཆིས་པ་ལ་ཡལ་ག་འགེལ་བ་བསྐྱེད་པར་འཚལ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ རྣམས་ཀྱི་ཆེད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འཚལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱི་ཆེད་དུ་རྣམ་པ་ཐམས་ཅད་ 36-1-14b མཁྱེན་པ་ཉིད་ལ་འཇུག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་རྟོགས་ནས་ཀྱང་། སེམས་ཅན་ཐམས་ཅད་ཆགས་པ་ལས་ཡོངས་སུ་གྲོལ་བར་བྱེད་པ་དེ་དག་ནི་དཀའ་བ་བྱེད་པ་ཡིན་ནོ། །རབ་འབྱོར་དཔེར་ན་མི་ཞིག་ཡལ་ག་འགེལ་བ་བསྐྱེད་པར་ འདོད་ལ། མི་དེས་ཡལ་ག་འགེལ་བ་དེའི་རྩ་བ་ཡང་མི་ཤེས། ཡལ་གའི་མདོ་དང་། ལོ་མ་དང་། མེ་ཏོག་ཀྱང་མི་ཤེས་བཞིན་དུ། དེས་ཡལ་ག་འགེལ་བ་དེའི་སྡོང་བུ་བསྐྱེད་དེ། བསྐྱེད་ནས་ཀྱང་དུས་དུས་སུ་སྲུང་ཞིང་ཆུས་བྲན་ཏེ། རིམ་གྱིས་སྡོང་བུ་དེའི་ ཡལ་ག་ཡང་ཕུན་སུམ་ཚོགས་པར་གྱུར། ལོ་མ་ཡང་ཕུན་སུམ་ཚོགས་པར་གྱུར། མེ་ཏོག་ཀྱང་ཕུན་སུམ་ཚོགས་པར་གྱུར། འབྲས་བུ་ཡང་ཕུན་སུམ་ཚོགས་པར་གྱུར་ནས། དེ་སྡོང་བུ་དེའི་ལོ་མ་རྣམས་ལ་སྤྱོད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་དེ་ཡང་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའི་ལོ་མ་ལྟ་བུ་ལ་བརྟེན་ནས་སེམས་ཅན་རྣམས་ངན་སོང་གསུམ་པོ་དག་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །བྱང་ཆུབ་ སེམས་དཔའི་མེ་ཏོག་ལྟ་བུ་ལ་བརྟེན་ནས་སེམས་ཅན་རྣམས་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་ མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། སེམས་ཅན་དེ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་དོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འགོད་པར་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ལ་འགོད་པར་བྱེད་དོ། །རང་བྱང་ཆུབ་ལ་འགོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ 36-1-15a བརྟེན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །གང་དག་དེ་ལ་ཡོན་ འབུལ་བ་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་སེམས་ཅན་ཡང་མི་དམིགས་ཤིང་སེམས་ཅན་དུ་གདགས་པ་ཡང་མེད་ལ། སེམས་ཅན་དེ་དག་ཀྱང་བདག་ཏུ་འཛིན་པ་ལས་ཡོངས་སུ་གྲོལ་བར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་གང་དག་གི་ཆེད་དུ་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་སེམས་ཅན་ནམ། སེམས་ཅན་དུ་གདགས་པ་ཅི་ཡང་འདི་ན་མི་དམིགས་སོ་ཞེས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ལགས་པར་རིག་པར་བགྱིའོ། །དེ་ཅིའི་སླད་ དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར། དུད་འགྲོའི་སྐྱེ་གནས་ཐམས་ཅད་རྒྱུན་ཆད་པར་འགྱུར། གཤིན་རྗེའི་འཇིག་རྟེན་ཐམས་ ཅད་རྒྱུན་ཆད་པར་འགྱུར། མི་ཁོམ་པ་ཐམས་ཅད་རྒྱུན་ཆད་པར་འགྱུར། དབུལ་པོ་ཐམས་ཅད་རྒྱུན་ཆད་པར་འགྱུར། དམན་པའི་འགྲོ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར། འདོད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར། གཟུགས་ཀྱི་ ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར། གཟུགས་མེད་པའི་ཁམས་ཐམས་ཅད་རྒྱུན་ཆད་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ 36-1-15b སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མ་ཞུགས་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཞིང་། རང་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་མི་འགྱུར། དགྲ་བཅོམ་པ་རྣམས་འཇིག་རྟེན་དུ་འབྱུང་བར་མི་འགྱུར། རྒྱུན་ཏུ་ཞུགས་ པའི་བར་དག་འཇིག་རྟེན་དུ་འབྱུང་བར་མི་འགྱུར། སེམས་ཅན་དམྱལ་བའི་བར་དག་རྒྱུན་ཆད་པར་མི་འགྱུར། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་བར་དག་རྒྱུན་ཆད་པར་མི་འགྱུར་བའི་ཕྱིར་རོ། །རབ་ འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ལགས་པར་རིག་པར་བགྱིའོ་ཞེས་གང་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ ཉིད་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པའི་དེ་བཞིན་ཉིད་དེ་ཉིད་ཀྱིས་རང་སངས་རྒྱས་སུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་འཕགས་པ་ཐམས་ཅད་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་གཟུགས་སུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་རྣམ་པར་ཤེས་པའི་བར་དུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་གདགས་པ་དང་། དེ་བཞིན་ཉིད་དེ་ཉིད་ཀྱིས་ སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གདགས་པའི་ཕྱིར་རོ། །རབ་འབྱོར་ཅིའི་ཕྱིར། དེ་བཞིན་ཉིད་དེ་བཞིན་ཉིད་ཅེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ཉིད་འདི་ལ་གནས་ ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་ཉིད་ཅེས་བྱའོ། །རབ་འབྱོར་རྣམ་གྲངས་དེས་ན་དེ་བཞིན་ཉིད་ཚད་མར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པར་རིག་ 36-1-16a པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་པར་འགྱུར་ཞིང་། དབང་པོ་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། །སེམས་ཅན་རྣམས་ཀྱི་ལས་བདག་གིར་བྱ་བ་ཡང་ཤེས་པར་འགྱུར་རོ། ། སེམས་ཅན་རྣམས་ཀྱི་ལས་བདག་གིར་བྱ་བ་ཤེས་ན། སྨོན་ནས་ཤེས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྨོན་ནས་ཤེས་པ་ཡོངས་སུ་རྫོགས་ན་དུས་གསུམ་ཤེས་པ་རྣམ་པར་དག་པར་བྱེད་པར་འགྱུར་རོ། །དུས་གསུམ་ཤེས་པ་རྣམ་པར་སྦྱངས་ན་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་ཅིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །སེམས་ཅན་རྣམས་ཀྱི་དོན་བྱེད་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ན་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་རྣམས་ཐེག་པ་གསུམ་པོ་དག་ལ་འགོད་པར་འགྱུར་རོ། །སེམས་ཅན་རྣམས་ཐེག་པ་གསུམ་པོ་དག་ལ་ བཀོད་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོན་ཏན་དང་། ཕན་ཡོན་ཐམས་ཅད་མཐོང་བས་བདག་ཀྱང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ཞིང་། གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་གནས་ 36-1-16b ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་གནས་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སྟོང་གི་འཇིག་རྟེན་གྱི་ ཁམས་ན། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་གྱུར་ཏམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། ཅི་སེམས་ཅན་དེ་དག་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། ། བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་དཔག་ཏུ་མ་མཆིས་ལགས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་སྟོང་གི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཉན་ཐོས་ཀྱི་ ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་འདི་གཉིས་ལ་སྟོང་གི་འཇིག་ རྟེན་གྱི་ཁམས་ཀྱི་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་བྱ་བའི་དངོས་པོ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་ འགྲོ་བ་ནས་བྱེ་བ་ཕྲག་འབུམ་གྱི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ཡིན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཉན་ཐོས་དང་། 36-1-17a རང་སངས་རྒྱས་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་སེམས་དང་པོ་བསྐྱེད་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་བསོད་ནམས་ཀྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལྟ་ཞོག་ གི། རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དཀར་པོ་རྣམ་པར་མཐོང་བའི་ས་ལ་གནས་པ་རྣམས་ལྟ་ཞོག་གི། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་རིགས་ཀྱི་ས་ལ་གནས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ ཡང་ཉེ་བར་མི་འགྲོའོ། །དེ་བཞིན་དུ་སྦྱར་ཏེ། བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་དང་། རང་སངས་རྒྱས་ཀྱི་སའི་བར་དུ་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་གང་ ཡིན་པ་དེ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་ཀྱང་། དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་བྱང་ཆུབ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་བྱེ་བ་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར་ 36-1-17b གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་ཞུགས་པར་གྱུར་ཀྱང་དེ་དག་གི་བསོད་ནམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་བསོད་ནམས་ཀྱི་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆའི་བར་དུ་ཡང་ཉེ་བར་མི་འགྲོ་ཞིང་རྒྱུ་དང་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །གསོལ་པ། བཅོམ་ལྡན་འདས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ཞིག་ཡིད་ ལ་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ནི་ཅི་ ལྟ་བུ་ཞིག་ལགས། དམིགས་པ་ནི་ཅི་ཞིག་ལགས། དབང་བགྱིད་པ་ནི་གང་ལགས། རྣམ་པ་ནི་ཅི་ཞིག་ལགས། མཚན་ཉིད་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ། མཚན་ཉིད་མེད་པ། མཚན་ མ་མེད་པ། ལྷུན་གྱིས་གྲུབ་པ། སྐྱེ་བ་མེད་པ། འབྱུང་བ་མེད་པའོ། །རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་ཅི་ཞིག་ལགས། དབང་བགྱིད་པ་ནི་གང་ལགས། རྣམ་པ་ནི་ཅི་ཞིག་ལགས། མཚན་ཉིད་ནི་གང་ལགས་ ཤེས་ཟེར་བ་ལ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །དབང་བྱེད་པ་ནི་དྲན་པའོ། །རྣམ་པ་ནི་ཞི་བའོ། །མཚན་ཉིད་ནི་མཚན་ཉིད་མེད་པ་སྟེ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དེ་ཡིན་ནོ། ། དབང་བྱེད་པ་ནི་དེ་ཡིན་ནོ། །རྣམ་པ་ནི་དེ་ཡིན་ནོ། །མཚན་ཉིད་ནི་དེ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ཀྱང་དངོས་པོ་མ་མཆིས་ཤིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མ་མཆིས་པ་ལགས་སམ། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ཀྱང་དངོས་པོ་མ་མཆིས་པ་ལགས་སམ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། 36-1-18a དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་ བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། མངོན་པར་ཤེས་པ་དང་པོ་དང་། མངོན་པར་ཤེས་པ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་དོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དངོས་པོ་མེད་དོ། །འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་ཡང་དངོས་པོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་ནི་ངོ་བོ་ཉིད་མེད་དོ། །རབ་འབྱོར་གང་ལ་ངོ་བོ་ཉིད་ མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མ་མཆིས་པ་ལགས། བཀའ་སྩལ་པ། རབ་འབྱོར་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དེ། གང་ལ་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་ མེད་པ་དེ་དངོས་པོ་མེད་པའོ། །རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་ཡང་ཆོས་ཐམས་ཅད་ནི་སྟོང་པའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ངོ་བོ་ཉིད་དོ། །རབ་འབྱོར་ཡང་ ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཡང་དག་པའི་མཐའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་དེ་ལྟར་རིག་པར་བྱའོ། ། 36-1-18b དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཐབས་ལ་མཁས་པས་གང་དང་ལྡན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བགྱིད་ལ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བགྱིད། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་དང་། བྱམས་པ་ནས་བཏང་སྙོམས་ཀྱི་བར་དང་། ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་སྙོམས་པར་འཇུག་པ་དང་། ནང་སྟོང་པ་ཉིད་ནས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་ པའི་བར་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བགྱིད་ལ། སེམས་ཅན་ རྣམས་ཀྱང་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ། སེམས་ཅན་རྣམས་ ཀྱང་ཡོངས་སུ་སྨིན་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་དེ་དང་། སེམས་ཅན་དེ་དག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་ 36-1-19a དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་བྱེད་ལ། བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མེད་པའི་ ངོ་བོ་ཉིད་དུ་ཤེས་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་པ་དེ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པར་མ་གྱུར་པ་དེ་སྲིད་དུ་བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པར་མི་བྱེད་དོ། །རབ་འབྱོར་འདི་དག་ནི་བྱང་ཆུབ་ཀྱི་ལམ་ ཡིན་ཏེ། དེ་བྱང་ཆུབ་ཀྱི་ལམ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ འགྱུར་རོ། །དེའི་ཚེ་དེའི་བག་ཆགས་དང་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་ནི་མི་སྐྱེ་བའི་སྤོང་བས་སྤོང་བར་འགྱུར་རོ། །དེས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་བལྟས་ནས་དངོས་པོ་མེད་ པར་ཡང་མི་དམིགས་ན། དངོས་པོར་ལྟ་ཅི་སྨོས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་དངོས་པོ་ཡང་མི་ 36-1-19b དམིགས་ན། དངོས་པོ་མེད་པ་ལྟ་ཅི་སྨོས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་སྦྱིན་པར་ བྱེད་དེ། དེ་སྦྱིན་པ་སྦྱིན་པ་ན། རྣམ་པར་མི་རྟོག་ཅིང་མཚན་མར་མི་བྱེད་དེ། དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་མི་བྱེད་དོ། །ལེན་པ་པོར་ཡང་རྣམ་པར་མི་རྟོག་ཅིང་། མཚན་མར་མི་བྱེད་དེ། དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་ མི་བྱེད་དོ། །སྦྱིན་པ་པོར་ཡང་རྣམ་པར་མི་རྟོག་ཅིང་མཚན་མར་མི་བྱེད་དེ། དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་མི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམིགས་ཤིང་མཚན་མར་མི་བྱེད་ལ། དམིགས་པར་མི་བྱེད་དེ་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་རྣམ་པར་མི་རྟོག་ཅིང་། མཚན་མར་མི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དངོས་པོ་དང་དངོས་པོ་མེད་པའི་ཚུལ་དུ་ཡིད་ལ་མི་བྱེད་ཅིང་། རྣམ་པར་མི་རྟོག་ལ་ཡིད་ལ་མི་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དམིགས་པར་མི་བྱེད་ཅིང་མཚན་མར་མི་བྱེད་དོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བ་འམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ འམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ཡང་དངོས་པོ་དང་དངོས་པོ་མེད་པའི་ཚུལ་གྱིས་ཡོངས་སུ་རྟོག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དངོས་པོ་མེད་པ་དེ་ཡང་ སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་མ་བྱས་ཤིང་། ཆོས་ཐམས་ཅད་ནི་འགྱུར་བ་མེད་པ་སྟེ། བྱེད་པ་པོ་དང་བྲལ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་ཆོས་རྣམས་ཉིད་དང་ བྲལ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་རྣམས་ནི་ཆོས་རྣམས་དང་བྲལ་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་རྣམས་ཁོ་ན་ཆོས་རྣམས་དང་བྲལ་ 36-1-20a བ་ལགས་ན། བྲལ་བའི་ཆོས་ཀྱིས་བྲལ་བའི་ཆོས་དངོས་པོ་མཆིས་པ་འམ། དངོས་པོ་མ་མཆིས་པར་ཇི་ལྟར་འཚལ་བར་རུང་སྟེ། དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་འཚལ་བར་མི་རུང་ལ། དངོས་པོ་ མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མི་རུང་། དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མི་རུང་ལ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་ འཚལ་བར་མི་རུང་ལགས་ན། དེ་ལྟར་མ་འཚལ་བའི་ཆོས་ཐམས་ཅད་ལ་དངོས་པོ་མཆིས་ཞེས་བགྱི་བ་འམ། དངོས་པོ་མ་མཆིས་ཞེས་བགྱི་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོན་པར་ལྟ་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་རྟེན་གྱི་ཀུན་རྫོབ་བཟུང་སྟེ། དངོས་པོ་ཡོད་པ་ཞེས་བྱ་བ་འམ། དངོས་པོ་མེད་པ་ཞེས་བྱ་བ་སྟོན་གྱི། དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལགས་ལ། དོན་དམ་པ་ཡང་གཞན་ཞིག་ལགས་སམ། བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་མ་ཡིན་ལ། དོན་དམ་པ་ཡང་གཞན་མ་ཡིན་ཏེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་དེ་སེམས་ཅན་དེ་དག་གིས་མི་ཤེས་ཤིང་མ་མཐོང་བས། དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་དངོས་པོ་ཡོད་པ་འམ། དངོས་པོ་མེད་པ་ཞེས་བྱ་བ་ སྟོན་ཏོ། །རབ་འབྱོར་ཡང་སེམས་ཅན་འདི་དག་ནི་ཕུང་པོ་ལྔ་པོ་འདི་དག་ལ་དངོས་པོར་འདུ་ཤེས་ཤིང་དངོས་པོ་མེད་པར་མི་ཤེས་ཏེ། ཇི་ལྟར་བྱས་ན་དངོས་པོ་མེད་པ་རྟོགས་པར་འགྱུར་ཞིག་གུ་སྙམ་ནས། དེ་དག་གི་དོན་དུ་ཆོས་རྣམས་རབ་ཏུ་དབྱེ་བའི་ ཕྱིར་དེ་ལྟར་སྟོན་པར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཡང་དག་པར་བསྟན་པའི་ལེའུ་ཞེས་བྱ་སྟེ། 36-1-20b དྲུག་བཅུ་རྩ་བཞི་པའོ།། །། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན། བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་སྤྱོད་པ་དེ་གང་ལ་སྤྱོད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་སྟོང་ངོ་ཞེས་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པ་སྟོང་ངོ་ཞེས་སྤྱོད་པ་དང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་སྟོང་ངོ་ཞེས་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ངོ་ཞེས་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ངོ་ཞེས་སྤྱོད་པ་དང་། ནང་སྟོང་པ་ཉིད་སྟོང་ངོ་ཞེས་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་སྟོང་ངོ་ཞེས་སྤྱོད་པ་ དང་། ཕྱི་ནང་སྟོང་པ་ཉིད་སྟོང་ངོ་ཞེས་སྤྱོད་པ་དང་། དེ་བཞིན་དུ་སྦྱར་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་ངོ་ཞེས་སྤྱོད་པ་དང་། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་སྟོང་ངོ་ཞེས་སྤྱོད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སྟོང་ངོ་ཞེས་སྤྱོད་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་ངོ་ཞེས་སྤྱོད་ པ་དང་། དྲན་པ་ཉེ་བར་གཞག་པ་བཞི་སྟོང་ངོ་ཞེས་སྤྱོད་པ་དང་། ཡང་དག་པར་སྤོང་བ་བཞི་སྟོང་ངོ་ཞེས་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་སྟོང་ངོ་ཞེས་སྤྱོད་པ་དང་། དབང་པོ་ལྔ་སྟོང་ངོ་ཞེས་སྤྱོད་པ་དང་། སྟོབས་ལྔ་སྟོང་ངོ་ཞེས་སྤྱོད་ 36-1-21a པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་སྟོང་ངོ་ཞེས་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ངོ་ཞེས་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་སྙོམས་པར་འཇུག་པ་ རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོང་ངོ་ཞེས་སྤྱོད་པ་དང་། སེམས་ ཅན་ཡོངས་སུ་སྨིན་པར་བྱ་བ་སྟོང་ངོ་ཞེས་སྤྱོད་པ་དང་། སྤོབས་པ་རྣམས་སྟོང་ངོ་ཞེས་སྤྱོད་པ་དང་། ཡི་གེ་སྒྲུབ་པ་སྟོང་ངོ་ཞེས་སྤྱོད་པ་དང་ཡི་གེ་རྣམས་ལ་འཇུག་པ་སྟོང་ངོ་ཞེས་སྤྱོད་པ་དང་། ཡི་གེ་རྣམས་མེད་པ་ལ་འཇུག་པ་སྟོང་ངོ་ཞེས་སྤྱོད་པ་དང་། གཟུགས་སྟོང་ངོ་ཞེས་སྤྱོད་པ་དང་། འདུས་བྱས་ཀྱི་ཁམས་སྟོང་ངོ་ཞེས་སྤྱོད་པ་དང་། འདུས་མ་བྱས་ཀྱི་ཁམས་སྟོང་ངོ་ཞེས་སྤྱོད་པ་སྟེ། ཅི་ནས་བྱང་ཆུབ་ལ་གཉིས་སུ་མི་འབྱེད་པ་དེ་ལྟར་རྗེས་སུ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་སངས་ རྒྱས་ཤེས་བགྱི་ན། བཅོམ་ལྡན་འདས་སངས་རྒྱས་ཤེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཤེས་བྱའོ། །རབ་འབྱོར་ཡང་དེས་ཡང་དག་པའི་ཆོས། མངོན་པར་རྫོགས་པར་སངས་རྒྱས་པས་ན་དེའི་ཕྱིར་སངས་རྒྱས་ཤེས་བྱའོ། །རབ་འབྱོར་ཡང་དེས་ཡང་དག་པའི་དོན་རྟོགས་པས་ན། དེའི་ཕྱིར་སངས་རྒྱས་ཤེས་བྱའོ། །རབ་འབྱོར་ཡང་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་ རྫོགས་པར་སངས་རྒྱས་པས་ན་དེའི་ཕྱིར་སངས་རྒྱས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་བྱང་ཆུབ་ཅེས་བགྱི་ན། བྱང་ཆུབ་ཅེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཅེས་བྱ་བ་དེ་ནི་ 36-1-21b སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་ཡང་དག་པའི་ཚིག་བླ་དགས་སོ། །དེ་ནི་ཡང་དག་པའི་མཐའི་ཚིག་བླ་དགས་སོ། །དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ། །རབ་འབྱོར་ཡང་བྱང་ཆུབ་ཅེས་བྱ་བ་དེ་ ནི་མིང་ཙམ་གྱི་ཚིག་བླ་དགས་སོ། །རབ་འབྱོར་ཡང་བྱང་ཆུབ་ཀྱི་དོན་ནི་ཡང་དག་པའི་དོན་ཏོ། །རབ་འབྱོར་ཡང་བྱང་ཆུབ་ནི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་རང་བཞིན་ཏེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་བྱང་ཆུབ་དེ་ནི་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་རྟོགས་པར་བྱེད་པ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དེའི་ཕྱིར་ བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་བྱང་ཆུབ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས་ན་དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་ འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་ལགས་ན། དེའི་དགེ་ བའི་རྩ་བ་གང་བསགས་པ་འམ། འགྲིབ་པ་འམ། ཉམས་པ་འམ། འཕེལ་བ་འམ། སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་དེ་ནི་ཆོས་ གང་ཡང་བསགས་པའི་ཕྱིར་རམ། འགྲིབ་པར་བྱ་བའི་ཕྱིར་རམ། ཉམས་པར་བྱ་བའི་ཕྱིར་རམ། འཕེལ་བར་བྱ་བའི་ཕྱིར་རམ། བསྐྱེད་པར་བྱ་བའི་ཕྱིར་རམ། དགག་པར་བྱ་བའི་ཕྱིར་རམ། ཀུན་ནས་ཉོན་མོངས་པར་བྱ་བའི་ཕྱིར་རམ། རྣམ་པར་བྱང་བར་ 36-1-22a བྱ་བའི་ཕྱིར་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་བསགས་པའི་ཕྱིར་རམ། འགྲིབ་པར་བྱ་བའི་ཕྱིར་རམ། ཉམས་པར་བྱ་བའི་ཕྱིར་རམ། འཕེལ་བར་བྱ་བའི་ཕྱིར་རམ། བསྐྱེད་པར་བྱ་བའི་ཕྱིར་རམ། དགག་པའི་ཕྱིར་རམ། ཀུན་ནས་ཉོན་མོངས་པར་བྱ་བའི་ཕྱིར་རམ། རྣམ་པར་བྱང་བར་བྱ་བའི་ཕྱིར་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ལ་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་དང་། དེ་བཞིན་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་འཛིན་པ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མེད་པ་ སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་ལགས། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་ནས། འཕགས་པའི་ལམ་ཡན་ལག་ བརྒྱད་པའི་བར་ལ་སྤྱོད་པ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོའི་བར་ལ་སྤྱོད་པ་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་སྤྱོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདའ་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གཉིས་ཀྱི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ 36-1-22b མི་སྤྱོད་དོ། །དེ་བཞིན་དུ་སྦྱར་ཏེ། གཉིས་ཀྱི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་མི་སྤྱོད་དོ། །གཉིས་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་སྤྱོད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་འཛིན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཉིས་ཀྱི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ལ། དེ་བཞིན་དུ་གཉིས་ཀྱི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་སྤྱོད་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ དང་པོ་བསྐྱེད་པ་ནས་བཟུང་སྟེ། དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། སེམས་བསྐྱེད་པ་ཐ་མའི་བར་དུ་ཇི་ལྟར་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་དག་གཉིས་ལ་སྤྱོད་པ་དེ་དག་ནི་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཉིས་ རྟེན་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དེ། དེ་དག་ནི་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་གཉིས་ལ་མི་སྤྱོད་པས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་ འཕེལ་བར་འགྱུར་ཞིང་། སེམས་བསྐྱེད་པ་ཐ་མའི་བར་དུ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་ཏེ། དེའི་དགེ་བའི་རྩ་བ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཟིལ་གྱིས་གནོན་པར་མི་ནུས་སོ། ། མི་དགེ་བ་གང་དག་གིས་ཟིལ་གྱིས་ནོན་པར་གྱུར་པ་ནི། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་ཞིང་། མི་དགེ་བའི་རྩ་བ་གཞན་དག་གིས་ཀྱང་འཕྲོགས་པར་འགྱུར་རོ། །དེ་དག་གིས་འཕྲོགས་པས་སྦྱིན་པའི་ 36-1-23a ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་བར་མི་འགྱུར་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་ན་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་བར་མི་འགྱུར་ཏེ། རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་རྣམས་ཀྱི་སླད་དུ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་རྣམས་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ལ། མི་དགེ་ བའི་རྩ་བ་རྣམས་ཀྱི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་མོད་ཀྱི། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས་སམ། དགེ་བའི་རྩ་བ་རྣམས་ཡོངས་སུ་རྫོགས་པར་མ་བྱས་སམ། དགེ་བའི་བཤེས་གཉེན་དག་གིས་ཡོངས་སུ་མ་ཟིན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས་པ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བགྱིས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། 36-1-23b གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཡོངས་སུ་འཛིན་ ཏེ། བཟུང་ནས་ཀྱང་ཚིག་གིས་ཡོངས་སུ་འདྲིས་པར་བྱས་ནས། ཡིད་ཀྱི་རྗེས་སུ་རྟོག་པར་བྱེད་ལ་ལྟ་བས་ཤིན་ཏུ་རྟོགས་པར་བྱེད་ཅིང་གཟུངས་ཐོབ་པར་འགྱུར་རོ། །གཟུངས་ཐོབ་ནས་ཀྱང་སོ་སོ་ཡང་དག་པར་རིག་པ་བསྐྱེད་དོ། །སོ་སོ་ཡང་དག་པར་རིག་པ་ བསྐྱེད་ནས་དེ་ཚེ་རྗེས་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱི་བར་དུ་ནམས་ཀྱང་ཆོས་དེ་དག་ཆུད་ཟ་བར་མི་འགྱུར་རོ། །དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་དགེ་བའི་རྩ་བ་དག་བསྐྱེད་ པར་བྱེད་དེ། དགེ་བའི་རྩ་བ་དེ་དག་གིས་ཡོངས་སུ་ཟིན་པས་གཞར་ཡང་ངན་སོང་རྣམས་དང་། མི་ཁོམ་པ་རྣམས་སུ་མི་སྐྱེ་ཞིང་དགེ་བའི་རྩ་བ་དེ་དག་གིས་ཀྱང་བསམ་པ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་ སུ་སྨིན་པར་བྱེད་པའི་བསམ་པ་རྣམ་པར་དག་པ་ཡོངས་སུ་འཛིན་པར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཡོངས་སུ་བཟུང་བས་ཀྱང་དགེ་བའི་བཤེས་གཉེན་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་དང་། ཉན་ཐོས་གང་དག་སངས་རྒྱས་ཀྱི་ཐེག་པ་པའི་བསྔགས་པ་བརྗོད་པ་རྣམས་དང་ནམ་དུ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་ལྟར་སངས་རྒྱས་ བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་ཞིང་དགེ་བའི་རྩ་བ་ཡང་ཡོངས་སུ་གཟུང་བར་བྱ་སྟེ། དགེ་བའི་བཤེས་གཉེན་རྣམས་ལ་ཡང་བསྟེན་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་ལ་བསྙེན་པ་དང་། བསྟེན་ པ་དང་བསྙེན་བཀུར་བྱ་བའི་ཐབས་ཀྱི་ལེའུ་ཞེས་བྱ་སྟེ། དྲུག་བཅུ་རྩ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ 36-1-24a སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མི་བགྱིད་ཅིང་དགེ་བའི་རྩ་བ་དག་ཀྱང་མི་བསྐྱེད་ལ། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་མ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས་ལ། དགེ་བའི་རྩ་བ་རྣམས་མ་བསྐྱེད་ཅིང་། དགེ་བའི་བཤེས་གཉེན་དག་གིས་ཡོངས་སུ་མ་ཟིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་ བྱས་ཤིང་། དགེ་བའི་རྩ་བ་རྣམས་ཀྱང་བསྐྱེད་ལ། དགེ་བའི་བཤེས་གཉེན་ཡང་བསྟེན་དུ་ཟིན་ཀྱང་། ད་དུང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བྱས་ ཤིང་། དགེ་བའི་རྩ་བ་རྣམས་ཡོངས་སུ་རྫོགས་པར་མ་བྱས་ལ་དགེ་བའི་བཤེས་གཉེན་དག་ལ་མ་བསྟེན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ། དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་ སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས་ཤིང་། དགེ་བའི་རྩ་བ་རྣམས་ཀྱང་བསྐྱེད་ལ། དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ཀྱང་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་ལགས། བཀའ་སྩལ་པ། ཐབས་ལ་མཁས་པ་དང་བྲལ་བའི་ཕྱིར་ཏེ། དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཐབས་དེ་མ་ཐོས་ལ། དགེ་བའི་རྩ་བ་དེ་དག་ཀྱང་མ་བསྐྱེད་དེ། 36-1-24b དགེ་བའི་བཤེས་གཉེན་གང་དག་དེ་ལ་ཐབས་སྟོན་པའི་དགེ་བའི་བཤེས་གཉེན་དེ་དག་ལ་ཡང་མ་བསྟེན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཐབས་ལ་མཁས་པ་གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཐབས་ལ་མཁས་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་ རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། མིར་གྱུར་པ་རྣམས་དང་། མི་མ་ཡིན་པར་གྱུར་པ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་ལྡན་པས་དེ་སྦྱིན་པ་ལ་ཡང་ སྦྱིན་པའི་འདུ་ཤེས་སུ་མི་འགྱུར། ལེན་པ་པོ་ལ་ཡང་ལེན་པ་པོའི་འདུ་ཤེས་སུ་མི་འགྱུར། སྦྱིན་པ་པོ་ལ་ཡང་སྦྱིན་པ་པོའི་འདུ་ཤེས་སུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་དང་། ཡོངས་སུ་མ་གྲུབ་པ་དང་། མངོན་པར་མ་གྲུབ་པར་མཐོང་ལ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་ཡང་འཇུག་སྟེ། ཆོས་ཐམས་ཅད་བྱེད་པའི་མཐུ་མེད་ཅིང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ལ་འཇུག་པའི་ཕྱིར་ཏེ། ཐབས་ལ་མཁས་པ་དེ་དང་ལྡན་པས་དགེ་བའི་རྩ་བ་རྣམས་ཀྱིས་འཕེལ་བར་འགྱུར་རོ། །དེ་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ། འཁོར་བ་ན་སྦྱིན་པའི་འབྲས་བུ་ཡོངས་སུ་ལོངས་སྤྱད་པ་གང་ཡིན་པའི་སྦྱིན་པའི་འབྲས་བུ་ལ་ཡང་མི་རེ་སྟེ། གཞན་དུ་ན་ 36-1-25a སེམས་ཅན་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་དགྲོལ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཐབས་ལ་མཁས་པ་ བསྟན་པའི་ལེའུ་ཞེས་བྱ་སྟེ། དྲུག་བཅུ་རྩ་དྲུག་པའོ།། །། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སེམས་དང་པོ་བསྐྱེད་པ་ ནས་བཟུང་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་ཚུལ་ཁྲིམས་དེ་སྲུང་སྟེ་དེ་འདོད་ཆགས་ཀྱི་སེམས་དང་། ཞེ་སྡང་དང་། གཏི་མུག་དང་། བག་ལ་ཉལ་དང་། ཀུན་ནས་ལྡང་བ་དང་། བྱང་ཆུབ་ལ་བགེགས་ བྱེད་པའི་མི་དགེ་བའི་རྩ་བའི་ཆོས་གང་ཡང་རུང་བ་འདི་ལྟ་སྟེ། སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། འཁྲུག་པའི་སེམས་དང་། ལེ་ལོའི་སེམས་དང་། དམན་པའི་སེམས་དང་། འཁྲུལ་པའི་སེམས་དང་། འཆལ་བའི་ཤེས་རབ་ཀྱི་སེམས་དང་། ང་རྒྱལ་དང་། བརྙས་པ་དང་། ལྷག་པའི་ང་རྒྱལ་ལམ། ངའོ་སྙམ་པའི་ང་རྒྱལ་ལམ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཀྱིས་བསྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མ་བྱུང་བ་དང་། ཡོངས་སུ་མ་གྲུབ་པ་དང་། མངོན་པར་མ་གྲུབ་པར་མཐོང་ལ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་སྟེ། ཆོས་ ཐམས་ཅད་བྱེད་པའི་མཐུ་མེད་ཅིང་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ལ་འཇུག་པའི་ཕྱིར་ཏེ། ཐབས་ལ་མཁས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་དག་གིས་རྣམ་པར་འཕེལ་བར་ འགྱུར་རོ། །དེ་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ 36-1-25b ཡང་ཡོངས་སུ་དག་པར་བྱེད་ལ། འཁོར་བ་ན་ཚུལ་ཁྲིམས་ཀྱི་འབྲས་བུ་ཡོངས་སུ་ལོངས་སྤྱད་པ་གང་ཡིན་པའི་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་ཡང་མི་རེ་སྟེ། གཞན་དུ་ན་སེམས་ཅན་རྗེས་སུ་གཟུང་བ་དང་སེམས་ཅན་ལ་མི་གནོད་པ་དང་། སེམས་ཅན་ལ་ཕན་པར་འདོད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཚུལ་ཁྲིམས་ཀྱི་ལེའུ་ཞེས་བྱ་སྟེ། དྲུག་བཅུ་རྩ་བདུན་པའོ།། །། དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་ཤེས་རབ་སྒོམ་པར་བྱེད་དེ། དེ་ལ་འདོད་ཆགས་ཀྱི་སེམས་ནས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བར་གྱི་སེམས་ཀྱིས་བསྒྲིབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་ཆོས་ཐམས་ཅད་མ་བྱུང་བ་དང་། ཡོངས་སུ་མ་གྲུབ་པ་དང་། མངོན་པར་མ་གྲུབ་པར་མཐོང་ལ། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་སྟེ། ཆོས་ཐམས་ཅད་བྱེད་པའི་མཐུ་མེད་ཅིང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ལ་འཇུག་པའི་ཕྱིར་ཏེ། ཐབས་ལ་མཁས་པ་དེ་དང་ ལྡན་པ་དེ་ནི་དགེ་བའི་རྩ་བ་དག་གིས་རྣམ་པར་འཕེལ་བར་འགྱུར་རོ། །དེ་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། སེམས་ཅན་རྣམས་ཀྱང་ ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ་འཁོར་བ་ན་ཤེས་རབ་ཀྱི་འབྲས་བུ་ཡོངས་སུ་ལོངས་སྤྱད་པ་གང་ཡིན་པའི་ཤེས་རབ་ཀྱི་འབྲས་བུ་ལ་ཡང་མི་རེ་སྟེ། གཞན་དུ་ན་སེམས་ཅན་ཡོངས་སུ་ 36-1-26a བསྐྱབ་པ་དང་། སེམས་ཅན་ཡོངས་སུ་དགྲོལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་རྣམ་པར་འཕེལ་བའི་ལེའུ་ཞེས་བྱ་སྟེ། དྲུག་བཅུ་རྩ་བརྒྱད་པའོ།། །། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། བསམ་གཏན་བཞི་པའི་བར་དུ་སྙོམས་པར་འཇུག་ཚད་མེད་པ་རྣམས་ལ་སྙོམས་པར་འཇུག །གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་ལ། རྣམ་པར་སྨིན་པ་ཡང་ཡོངས་སུ་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་ལ་མཁས་པ་གང་དང་ལྡན་ན། བསམ་གཏན་རྣམས་དང་། ཚད་མེད་ པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་པ་ནས། མངོན་པར་མ་གྲུབ་པའི་བར་དུ་ཤེས་པའི་ཐབས་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཐབས་ལ་མཁས་པ་དང་ལྡན་པས་མཐོང་བ་དང་བསྒོམ་པས་སྤོང་བའི་ལམ་ལ་སྤྱོད་ཀྱང་། རྒྱུན་ཏུ་ཞུགས་ པའི་འབྲས་བུ་ཡང་ཐོབ་པར་མི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ ཤེས་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ལ་ཡང་སྤྱོད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཀྱང་འདའ་བའི་ཕྱིར་ཏེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་རྣམས་ལ་ བཟོད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་ཅིང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་ 36-1-26b པ་དགུ་ལ་ཡང་སྙོམས་པར་འཇུག་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཐོབ་པར་མི་འགྱུར་ཞིང་། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཡང་ཐོབ་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ སྟོང་པར་ཤེས་པ་ནས་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་བར་དུ་ཤེས་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྙིང་རྗེ་ཆེན་པོ་ལ་ཡང་འདྲིས་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་མ་བྱས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་ མ་བྱས་ཀྱི་བར་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་བདུན་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་དེ་ལྟར་ཆོས་ཟབ་མོ་རྣམས་ལ་སྤྱོད་ཅིང་རྣམ་པར་སྨིན་པ་ཡང་ལེན་པར་མི་བགྱིད་པར་ནི། བློའི་མཆོག་དང་ལྡན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཆོས་ཟབ་མོ་རྣམས་ལ་སྤྱོད་ཅིང་། རྣམ་པར་སྨིན་པ་ཡང་ལེན་པར་མི་བྱེད་པ་དེ་ནི། བློའི་མཆོག་དང་ལྡན་ པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངོ་བོ་ཉིད་ལས་མི་གཡོ་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ངོ་བོ་ཉིད་གང་ལས་མི་གཡོ་བ་ལགས། བཀའ་སྩལ་པ། 36-1-27a དངོས་པོ་མེད་པ་ལས་མི་གཡོ་བའོ། །རབ་འབྱོར་ཁྱོད་འདི་སྐད་དུ། ངོ་བོ་ཉིད་གང་ལས་མི་གཡོ་བ་ལགས་ཤེས་ཟེར་བ་ནི་གཟུགས་ཀྱི་ངོ་བོ་ཉིད་ལས་མི་གཡོའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པའི་ངོ་བོ་ཉིད་ལས་མི་གཡོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལས་མི་གཡོའོ། །བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ལས་མི་གཡོའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པའི་བར་གྱི་ངོ་བོ་ཉིད་ལས་མི་གཡོའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོའི་བར་གྱི་ངོ་བོ་ཉིད་ལས་མི་གཡོའོ། །དེ་ཅིའི་ཕྱིར་ཞེ་ ན། རབ་འབྱོར་འདི་ལྟར་ཆོས་འདི་དག་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པས་ནི་དངོས་པོ་མེད་པ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་ཅི་དངོས་ པོ་མ་མཆིས་པས་དངོས་པོ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་རྔོ་ཐོག་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ་ མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་རྔོ་ཐོག་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་འཚང་རྒྱ་ བར་བགྱི་བར་རྔོ་ཐོག་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། ཅི་བཅོམ་ལྡན་འདས་དངོས་པོས་དངོས་པོ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་རྔོ་ཐོག་ལགས་སམ། བཀའ་སྩལ་པ། 36-1-27b རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དངོས་པོ་མ་མཆིས་པས་ཀྱང་དངོས་པོ་མངོན་པར་མི་རྟོགས་ཤིང་། དངོས་པོས་ཀྱང་དངོས་པོ་མ་མཆིས་པ་མངོན་པར་མི་རྟོགས་ལ། དངོས་པོ་མ་མཆིས་པས་ཀྱང་དངོས་པོ་ མ་མཆིས་པ་མངོན་པར་མི་རྟོགས་ཤིང་དངོས་པོས་ཀྱང་དངོས་པོ་མངོན་པར་རྟོགས་པ་མ་ལགས་ན། འོ་ན་ནི་ཐོབ་པ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ་མཆིས་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་མངོན་ པར་རྟོགས་པ་ནི་ཡོད་མོད་ཀྱི། མངོན་པར་བསྒྲུབ་པ་འདི་བཞིས་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ད་མངོན་པར་རྟོགས་པ་ཇི་ལྟ་བུ་ཞིག་ལགས། བཀའ་སྩལ་པ། ཇི་ལྟར་དངོས་པོ་ཡང་མ་ཡིན་ཞིང་དངོས་པོ་མེད་པ་ ཡང་མ་ཡིན་པ་དེ་ལྟར་མཉམ་པ་ཉིད་དུ་མཐོང་བ་ནི་མངོན་པར་རྟོགས་པ་སྟེ། སྤྲོས་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་ཕྱིར། གང་ལ་སྤྲོས་པ་དེ་དག་མེད་པ་དེ་ལྟ་བུ་ནི་མངོན་པར་རྟོགས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་དང་། བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པ་གང་ལགས། བཀའ་སྩལ་པ། རབ་འབྱོར་གཟུགས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །གཟུགས་བདེ་ ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ སྤྲོས་པའོ། །གཟུགས་བདག་ཡོད་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཡོད་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་ 36-1-28a བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །གཟུགས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞི་ཞེས་བྱ་བ་དང་། མ་ཞི་ ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །གཟུགས་ཡོངས་སུ་ཤེས་པར་བྱ་བ་ཡིན་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱ་བ་ཡིན་ཞེས་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་ཡོངས་སུ་ཤེས་པར་བྱ་བ་ཡིན་ཞེས་བྱ་བ་ནི་ སྤྲོས་པའོ། །ཀུན་འབྱུང་བ་སྤང་བར་བྱ་བ་ཡིན་ཞེས་བྱ་བ་ནི་སྤྲོས་པའོ། །འགོག་པ་མངོན་སུམ་དུ་བྱ་བ་ཡིན་ཞེས་བྱ་བ་ནི་སྤྲོས་པའོ། །ལམ་བསྒོམ་པར་བྱ་བ་ཡིན་ཞེས་བྱ་བ་ནི་སྤྲོས་པའོ། །བསམ་གཏན་བཞི་བསྒོམ་པར་བྱ་བ་ཡིན་ ཞེས་བྱ་བ་ནི་སྤྲོས་པའོ། །ཚད་མེད་པ་བཞི་བསྒོམ་པར་བྱ་བ་ཡིན་ཞེས་བྱ་བ་ནི་སྤྲོས་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པར་བྱ་བ་ཡིན་ཞེས་བྱ་བ་ནི་སྤྲོས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་ པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱ་བ་ཡིན་ཞེས་བྱ་བ་ནི་སྤྲོས་པའོ། །རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པར་བྱ་བ་ཡིན་ཞེས་བྱ་བ་ནི་སྤྲོས་པའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པར་བྱ་བ་ཡིན་ཞེས་བྱ་བ་ནི་ སྤྲོས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལས་འདའ་བར་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ། །བྱང་ཆུབ་སེམས་དཔའི་ 36-1-28b ས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱའོ། །ཞེས་བྱ་བ་ནི་སྤྲོས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ། །སེམས་ཅན་རྣམས་ཡོངས་ སུ་སྨིན་པར་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་ རྫོགས་པར་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་ཞེས་བྱ་བ་ནི་སྤྲོས་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱའོ་ཞེས་བྱ་བའི་བར་ནི་སྤྲོས་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྤྲོས་པར་བྱ་བ་མ་ཡིན་པར་སྤྲོས་པར་མི་བྱེད་དེ། གཟུགས་རྟག་པ་འམ། མི་རྟག་པ་ཞེས་སྤྲོས་པར་བྱ་བ་མ་ཡིན་པ་སྤྲོས་པར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམས་རྟག་པ་འམ་མི་རྟག་པ་ཞེས་སྤྲོས་པར་བྱ་བ་མ་ཡིན་པ་སྤྲོས་པར་མི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་པའི་བར་དུ་སྤྲོས་པར་བྱ་བ་མ་ཡིན་པ་སྤྲོས་པར་ མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་ནི་ངོ་བོ་ཉིད་སྤྲོས་པར་མི་བྱེད་ཅིང་། དངོས་པོ་མེད་པས་ཀྱང་དངོས་པོ་སྤྲོས་པར་མི་བྱེད་ལ། ངོ་བོ་ཉིད་དང་། དངོས་པོ་མེད་པ་མ་གཏོགས་པར་ཡང་གང་གིས་སྤྲོས་པར་བྱེད་པ་དང་། གང་ སྤྲོས་པར་བྱ་བ་དང་། ཅིས་སྤྲོས་པར་བྱ་བ་དང་། གང་ལ་སྤྲོས་པར་བྱ་བ་གཞན་ཅི་ཡང་མི་དམིགས་ཏེ། རབ་འབྱོར་དེ་བས་ན་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་སྤྲོས་པ་མེད་ཅིང་། བྱང་ཆུབ་ཀྱི་བར་དུ་སྤྲོས་པ་མེད་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྲོས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ 36-1-29a ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་ཐམས་ཅད་སྤྲོས་པ་མ་མཆིས་པར་ཇི་ལྟར་ལྟ་བར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རབ་འབྱོར་གཟུགས་ནས་རྣམ་པར་ཤེས་པའི་བར་གྱི་ངོ་བོ་ཉིད་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་མེད་དོ། །གང་ལ་ངོ་བོ་ཉིད་མེད་པ་དེ་ལ་སྤྲོས་པ་མེད་དོ། །རབ་འབྱོར་དེའི་ཕྱིར་ན་གཟུགས་ནས་རྣམ་པར་ཤེས་པའི་བར་ དུ་སྤྲོས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྤྲོས་པ་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ སྐྱོན་མེད་པ་ལ་འཇུག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་གང་ལ་ཡང་ངོ་བོ་ཉིད་དམིགས་སུ་མ་མཆིས་ན། ཅི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཉན་ཐོས་ཀྱི་ལམ་འམ། རང་སངས་རྒྱས་ཀྱི་ལམ་འམ། སངས་རྒྱས་ཀྱི་ལམ་འམ། ལམ་གང་གིས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། སངས་རྒྱས་ཀྱི་ལམ་ གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་མི་འཇུག་མོད་ཀྱི། འོན་ཀྱང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཐམས་ཅད་ལ་བསླབས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན་དགྲ་བཅོམ་པས་ལམ་ཐམས་ཅད་ལ་བསླབས་ནས་ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་མོད་ཀྱི། ཇི་སྲིད་དུ་ལམ་གྱི་འབྲས་བུ་མ་བསྐྱེད་པ་དེ་སྲིད་དུ་ལམ་གྱི་སྐད་ཅིག་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་མི་འགྱུར་རོ། ། 36-1-29b རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ་ཐམས་ཅད་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་མོད་ཀྱི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ པར་མི་འགྱུར་ཏེ། དེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་ན། བཅོམ་ལྡན་འདས་དེ་ལྟ་ལགས་ན་ནི་བརྒྱད་པའི་ལམ་ ཡང་གཞན་ཁོ་ནར་འགྱུར་ལ། རྒྱུན་ཏུ་ཞུགས་པའི་ལམ་ཡང་གཞན། ལན་ཅིག་ཕྱིར་འོང་བ་ལ་ཞུགས་པའི་ལམ་ཡང་གཞན། ལན་ཅིག་ཕྱིར་འོང་བའི་ལམ་ཡང་གཞན། ཕྱིར་མི་འོང་བ་ལ་ཞུགས་པའི་ལམ་ཡང་གཞན། ཕྱིར་མི་འོང་བའི་ལམ་ཡང་གཞན། དགྲ་བཅོམ་པ་ལ་ཞུགས་པའི་ལམ་ཡང་གཞན། དགྲ་བཅོམ་པའི་ལམ་ཡང་གཞན། རང་སངས་རྒྱས་ཀྱི་ལམ་ཡང་གཞན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ལམ་ཡང་གཞན་དུ་མི་འགྱུར་ལགས་སམ། བཅོམ་ལྡན་འདས་གལ་ཏེ་ལམ་དེ་དག་ཕན་ཚུན་ཐ་དད་པར་གྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་འགྱུར་བ་ལགས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་འཚལ་བར་གྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་བསྐྱེད་པས་བརྒྱད་པར་མི་འགྱུར་ལགས་གྲང་། མཐོང་བའི་ལམ་བསྐྱེད་པས་རྒྱུན་ཏུ་ཞུགས་པར་མི་འགྱུར་ལགས་གྲང་། བསྒོམ་པའི་ལམ་བསྐྱེད་ 36-1-30a པས་ལན་ཅིག་ཕྱིར་འོང་བ་ལ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བར་མི་འགྱུར་ལགས་གྲང་། དགྲ་བཅོམ་པའི་བར་དུ་ཡང་མི་འགྱུར་ལགས་གྲང་། རང་སངས་རྒྱས་ཀྱི་ལམ་བསྐྱེད་པས་རང་སངས་རྒྱས་སུ་མི་འགྱུར་ ལགས་གྲང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྒྱད་པའི་ལམ་བསྐྱེད་པས་བརྒྱད་པར་འགྱུར་བ་འམ། བརྒྱད་པར་གྱུར་ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པ་དེ་ནི་གནས་མ་ མཆིས་ཤིང་སྐབས་མ་ལགས་ཏེ། དེ་ནི་གནས་མ་མཆིས་ལགས་སོ། །བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་བགྱི་བ་དེ་ནི་གནས་མ་མཆིས་ལགས་སོ། །དེ་བཞིན་ དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། དགྲ་བཅོམ་པ་ཉིད་ཐོབ་པ་འམ། རང་བྱང་ཆུབ་ཀྱི་བར་དུ་ཐོབ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་ཅེས་བགྱི་བ་དེ་ནི་གནས་མ་མཆིས་ལགས་སོ། །བྱང་ཆུབ་སེམས་ དཔའི་སྐྱོན་མ་མཆིས་པ་ལ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་བགྱི་བ་དེ་ནི་གནས་མ་མཆིས་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ ཐམས་ཅད་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་ཅིང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ ཅད་སྤང་བར་འཚལ་བར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བརྒྱད་པར་གྱུར་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས་ལམ་ཐམས་ཅད་བསྐྱེད་དེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་ཅེས་བྱ་བ་ནི་གནས་མེད་དོ། །སྐབས་མ་ཡིན་ཞིང་དེ་ནི་གནས་མེད་དོ། ། 36-1-30b བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་བྱ་བ་དེ་ནི་གནས་མེད་དོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ན། ཤེས་པ་དང་མཐོང་བས་ས་བརྒྱད་པོ་དག་ལ་རྣམ་པར་བལྟས་ནས་འདའ་བར་བྱེད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་དང་། རང་སངས་རྒྱས་ཀྱི་ས་སྟེ། འདི་ནི་སར་བསྟན་པ་ཡིན་ནོ། །དེས་ཤེས་པ་དང་མཐོང་བས་ས་བརྒྱད་པོ་དེ་དག་ལས་འདས་པར་བྱས་ ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པ་དང་། བག་ཆགས་དང་། མཚམས་སྦྱོར་བ་ཐམས་ཅད་སྤོང་ངོ་། ། རབ་འབྱོར་དེ་ལ་བརྒྱད་པའི་ཤེས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པའོ། །རྒྱུན་ཏུ་ཞུགས་པའི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པའོ། །ལན་ཅིག་ཕྱིར་འོང་བའི་ཤེས་པ་དང་། སྤོང་བ་ གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པའོ། །ཕྱིར་མི་འོང་བའི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པའོ། །དགྲ་བཅོམ་པའི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ བཟོད་པའོ། །རང་སངས་རྒྱས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པའོ། །བྱང་ཆུབ་སེམས་དཔས་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ལམ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་ བྱས་ནས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཤེས་པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས། བག་ཆགས་དང་། 36-1-31a མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་ལམ་དང་། སངས་རྒྱས་ཀྱི་ལམ་དང་། སངས་རྒྱས་ཀྱི་ལམ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ལམ་གང་ལགས་པ་འདི་ དག་ལས་བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལམ་གང་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་བསྐྱེད་པར་བྱའོ། ། རབ་འབྱོར་དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་ནི་འདི་ཡིན་ཏེ། རྣམ་པ་གང་དང་གང་དག་དང་། མཚན་མ་གང་དང་གང་དག་དང་། རྟགས་གང་དང་གང་དག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་དག་པར་འགྱུར་བའི་རྣམ་ པ་དེ་དང་དེ་དག་དང་། མཚན་མ་དེ་དང་དེ་དག་དང་། རྟགས་དེ་དང་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་རྫོགས་པར་རྟོགས་པར་བྱའོ། །མངོན་པར་རྫོགས་པར་རྟོགས་ནས་ཀྱང་གཞན་གདུལ་བའི་ཕྱིར་ཅི་ནས་ཕ་རོལ་ གྱིས་ཁོང་དུ་ཆུད་པར་གཞན་དག་ལ་བརྗོད་པར་བྱ། བསྟན་པར་བྱ། བཤད་པར་བྱ། གདགས་པར་བྱ། དགོད་པར་བྱའོ། །དེ་ལ་སྐད་དང་། བརྡ་དང་། སྒྲ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་ གོ་བར་འགྱུར་བའི་སྐད་དང་། བརྡ་དང་། སྒྲ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྒྲུབ་པར་བྱ་སྟེ། བྲག་ཅ་ལྟ་བུར་རྟོགས་པར་བྱ་བའི་ཕྱིར་བསྒྲུབ་པར་བྱའོ། །རབ་འབྱོར་དེ་ལྟ་བས་ན་རྣམ་གྲངས་དེས་ཀྱང་བྱང་ཆུབ་ 36-1-31b སེམས་དཔའ་སེམས་དཔའ་ཆེན་པོས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་རྣམས་ཀྱི་བསམ་པ་ཤེས་པར་བྱའོ། །སེམས་ཅན་དམྱལ་བ་པའི་ སེམས་ཅན་རྣམས་ཀྱི་ལམ་ཡང་ཤེས་པར་བྱ། རྒྱུ་ཡང་ཤེས་པར་བྱ། འབྲས་བུ་ཡང་ཤེས་པར་བྱ་སྟེ། སེམས་ཅན་དམྱལ་བའི་ལམ་དེ་ལས་བཟློག་པར་བྱ། རྒྱུ་ལས་ཀྱང་བཟློག་པར་བྱ། འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །དེ་བཞིན་དུ་ དུད་འགྲོའི་སྐྱེ་གནས་ཀྱི་ལམ་ལས་ཀྱང་བཟློག་པར་བྱ། རྒྱུ་ལས་ཀྱང་བཟློག་པར་བྱ། འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། མི་རྣམས་ ཀྱི་ལམ་ཡང་ཤེས་པར་བྱ། རྒྱུ་ཡང་ཤེས་པར་བྱ། འབྲས་བུ་ཡང་ཤེས་པར་བྱའོ། །ལྷ་རྣམས་ཀྱི་ལམ་ཡང་ཤེས་པར་བྱ། རྒྱུ་ཡང་ཤེས་པར་བྱ། འབྲས་བུ་ཡང་ཤེས་པར་བྱའོ། །ཚངས་པའི་ལམ་ཡང་ཤེས་པར་བྱ། རྒྱུ་ཡང་ཤེས་པར་བྱ། འབྲས་ བུ་ཡང་ཤེས་པར་བྱའོ། །འོད་གསལ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། འདུ་ཤེས་མེད་པ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ལམ་ཡང་ཤེས་པར་བྱ། རྒྱུ་ཡང་ཤེས་པར་བྱ། འབྲས་བུ་ཡང་ཤེས་པར་བྱའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་ལམ་ཡང་ཤེས་པར་བྱ། རྒྱུ་ཡང་ཤེས་པར་བྱ། འབྲས་བུ་ཡང་ཤེས་པར་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་རྣམས་ཀྱི་ལམ་ཡང་ཤེས་པར་བྱ། རྒྱུ་ཡང་ཤེས་པར་བྱ། འབྲས་བུ་ཡང་ཤེས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ཤེས་པར་བྱ། ཡང་དག་པར་སྤོང་བ་བཞི་ཤེས་པར་བྱ། རྫུ་འཕྲུལ་གྱི་རྐང་པ་བཞི་ཤེས་པར་བྱ། དབང་པོ་ལྔ་ཤེས་པར་བྱ། སྟོབས་ལྔ་ཤེས་པར་བྱ། བྱང་ཆུབ་ཀྱི་ཡན་ལག་བདུན་ཤེས་པར་བྱ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པར་བྱ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཤེས་པར་བྱ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཤེས་ 36-1-32a པར་བྱ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཤེས་པར་བྱ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པར་བྱ། མི་འཇིགས་པ་བཞི་ཤེས་པར་བྱ། སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པར་བྱ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་ བརྒྱད་ཤེས་པར་བྱ། སྙིང་རྗེ་ཆེན་པོ་ཤེས་པར་བྱའོ། །ལམ་དེ་དག་གིས་ཀྱང་སེམས་ཅན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱ་བ་གང་ཡིན་པ་དེ་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་དོ། །དགྲ་བཅོམ་པ་ཉིད་ཀྱི་བར་ལ་དགོད་པར་བྱ་བ་ གང་ཡིན་པ་དེ་དག་ནི་དགྲ་བཅོམ་པ་ཉིད་ལ་འགོད་དོ། །རང་བྱང་ཆུབ་ལ་དགོད་པར་བྱ་བ་གང་ཡིན་པ་དེ་དག་ནི་རང་བྱང་ཆུབ་ལ་འགོད་དོ། །བྱང་ཆུབ་ལ་དགོད་པར་བྱ་བ་གང་ཡིན་པ་དེ་དག་ནི་བྱང་ཆུབ་ལ་འགོད་དེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལ་བསླབས་ནས་སེམས་ཅན་གྱི་བསམ་པ་ལ་འཇུག་གོ། །སེམས་ཅན་གྱི་བསམ་པ་ལ་ཞུགས་ནས་ཅི་ནས་དེའི་ཆོས་བསྟན་པ་ཆུད་ མི་ཟ་ཞིང་དོན་ཡོད་པར་འགྱུར་བ་དེ་ལྟ་བུར་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕ་རོལ་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ཤིན་ཏུ་བྱེ་བྲག་ཕྱེད་ཅིང་། ཤིན་ཏུ་རྟོགས་པ་ཡིན་པའི་ཕྱིར་ཏེ། དེས་ནི་སེམས་ཅན་རྣམས་ཀྱི་འགྲོ་བ་ དང་། འོང་བ་དང་། འཆི་འཕོ་དང་། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབ་པར་བྱ་བ་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་བསླབ་པར་བྱ་བའི་ལམ་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་པས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་ སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གང་ལགས་པ་དང་། བྱང་ཆུབ་གང་ལགས་པའི་ཆོས་དེ་དག་ལྡན་པ་ཡང་མ་ལགས། 36-1-32b མི་ལྡན་པ་ཡང་མ་ལགས་ལ། གཟུགས་ཅན་ཡང་མ་ལགས། བསྟན་དུ་ཡང་མ་མཆིས། ཐོགས་པར་ཡང་མ་མཆིས་ཏེ། འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ རྣམས་ཇི་ལྟར་བྱང་ཆུབ་སྒྲུབ་པར་འགྱུར། བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས། གཟུགས་ཅན་ཡང་མ་ལགས། བསྟན་དུ་ཡང་མ་མཆིས། ཐོགས་པ་ཡང་མ་མཆིས་ཏེ། འདི་ལྟར་མཚན་ཉིད་མ་མཆིས་ པར་མཚན་ཉིད་གཅིག་པའི་ཆོས་ནི་གང་ལ་ཡང་སྒྲུབ་པ་འམ། འཇིག་པར་བགྱིད་པ་མ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན། ནམ་མཁའ་ནི་ཆོས་གང་ལ་ཡང་སྒྲུབ་པ་མ་ལགས་ཤིང་འཇིག་པར་བགྱིད་པ་མ་ལགས་སོ། །བཅོམ་ལྡན་ འདས་དེ་བཞིན་དུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ནི་ཆོས་གང་ཡང་སྒྲུབ་པ་མ་ལགས་ཤིང་འཇིག་པར་བགྱིད་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་རང་གི་ མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ནི་ཆོས་གང་ཡང་སྒྲུབ་པ་འམ། འཇིག་པར་བྱེད་པ་མ་ཡིན་ནོ། །རབ་འབྱོར་སེམས་ཅན་གང་དག་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་མི་ཤེས་པ་དེ་དག་གི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ནི་ བྱང་ཆུབ་བསྒྲུབ་པ་ཡིན་ནོ་ཞེས་བསྟན་ཏོ། །རབ་འབྱོར་གཞན་ཡང་གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་རྣམས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གང་ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་གང་ཡིན་པ་དང་། བསམ་གཏན་དང་པོ་གང་ཡིན་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་གང་དག་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་གང་ཡིན་པ་ 36-1-33a དང་། རྣམ་པར་ཐར་པ་བརྒྱད་གང་ཡིན་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་བར་དུ་གང་ཡིན་པ་དང་། མི་འཇིགས་པ་བཞི་གང་ཡིན་པ་དང་། སོ་སོ་ཡང་ དག་པར་རིག་པ་བཞི་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་འཕགས་པའི་ཆོས་འདུལ་བ་ འདི་ལ་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ ཅད་གཟུང་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་སྙད་དུ་འདོགས་པར་མཛད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཐམས་ཅད་ལ་ཡང་ཤེས་པ་དང་། མཐོང་བས་བསླབ་པར་བྱའོ། ། དེ་ལ་ཤེས་པ་དང་མཐོང་བས་ཇི་ལྟ་བ་བཞིན་དུ་བསླབས་ནས། ཆོས་ཁ་གཅིག་ནི་རྟོགས་པར་བྱ། ཆོས་ཁ་ཅིག་ནི་རྟོགས་པར་མི་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པ་དང་མཐོང་བས་ བསླབས་ནས་རྟོགས་པར་བགྱི་བའི་ཆོས་རྣམས་ནི་གང་ལགས། རྟོགས་པར་མི་བགྱི་བའི་ཆོས་རྣམས་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ནི་ཤེས་པ་དང་མཐོང་བས་རྟོགས་པར་བྱ་བ་མ་ ཡིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་འཕགས་པའི་ཆོས་འདུལ་བ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པའི་ཆོས་འདུལ་བ་འཕགས་པའི་ཆོས་འདུལ་བ་ཞེས་བགྱི་ན། 36-1-33b བཅོམ་ལྡན་འདས་འཕགས་པའི་ཆོས་འདུལ་བ་ནི་གང་ལགས། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་འཕགས་པའི་ཆོས་འདུལ་བ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །རབ་འབྱོར་འདི་ལ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདོད་ཆགས་དང་ལྡན་པ་ ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །ཞེ་སྡང་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །གཏི་མུག་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ ཡིན་ནོ། །ཐེ་ཙོམ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །འདོད་པའི་འདོད་ཆགས་དང་། གནོད་སེམས་དང་ལྡན་པ་ཡང་མ་ཡིན་ མི་ལྡན་པ་ཡང་མ་ཡིན་ནོ། །གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །མ་རིག་པ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །རྒོད་པ་དང་ལྡན་པ་ཡང་མ་ཡིན་ མི་ལྡན་པ་ཡང་མ་ཡིན་ནོ། །བསམ་གཏན་དང་པོ་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །བསམ་གཏན་བཞི་པའི་བར་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །བྱམས་པ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ ཡང་མ་ཡིན་ནོ། །སྙིང་རྗེ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །དགའ་བ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །བཏང་སྙོམས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ མཆེད་ཀྱི་བར་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། སྙིང་རྗེ་ཆེན་པོའི་བར་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་དང་ལྡན་པ་ 36-1-34a ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་གཟུགས་ཅན་མ་ཡིན་ཞིང་། བསྟན་དུ་མེད་ལ། ཐོགས་པ་མེད་ཅིང་། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། ། གཟུགས་ཅན་མ་ཡིན་པ་དེ་དག་ནི་གཟུགས་ཅན་མ་ཡིན་པ་དང་ལྷན་ཅིག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །བསྟན་དུ་མེད་པ་རྣམས་ནི་བསྟན་དུ་མེད་པ་དང་ལྷན་ཅིག་ཏུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །ཐོགས་པ་མེད་པ་ རྣམས་ནི་ཐོགས་པ་མེད་པ་དང་ལྷན་ཅིག་ཏུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །མཚན་ཉིད་གཅིག་པ་རྣམས་ནི་མཚན་ཉིད་གཅིག་པ་དང་ལྷན་ཅིག་ཏུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །མཚན་ཉིད་མེད་པ་རྣམས་ནི་མཚན་ ཉིད་མེད་པ་དང་ལྷན་ཅིག་ཏུ་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །རབ་འབྱོར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབ་པར་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདི་ལྟར་མཚན་ཉིད་ མེད་པར་མཚན་ཉིད་གཅིག་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མེད་ཅིང་བསྟན་དུ་མེད་ལ་ཐོགས་པ་མེད་པ་སྟེ། དེ་ལ་དེས་བསླབས་ན་ཆོས་གང་གིས་མཚན་ཉིད་ཀྱང་མི་དམིགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་ མི་བགྱི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མི་བགྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། 36-1-34b བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མི་བགྱི། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་མཚན་ཉིད་ལ་བསླབ་པར་མི་བགྱི། བསམ་གཏན་དང་པོའི་མཚན་ཉིད་ལ་བསླབ་པར་མི་བགྱི། བསམ་གཏན་བཞི་པའི་བར་གྱི་མཚན་ཉིད་ལ་བསླབ་པར་མི་བགྱི། བྱམས་པའི་ མཚན་ཉིད་ལ་བསླབ་པར་མི་བགྱི། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ བར་གྱི་མཚན་ཉིད་ལ་བསླབ་པར་མི་བགྱི། དྲན་པ་ཉེ་བར་གཞག་པ་བཞིའི་མཚན་ཉིད་ལ་བསླབ་པར་མི་བགྱི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་མཚན་ཉིད་ལ་བསླབ་པར་མི་བགྱི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་བསླབ་པར་མི་བགྱི། རྣམ་པར་ཐར་པའི་སྒོ་རྣམས་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མི་བགྱི། དེ་བཞིན་གཤེགས་པའི་སྟོབས་བཅུའི་ མཚན་ཉིད་ལ་བསླབ་པར་མི་བགྱི། མི་འཇིགས་པ་བཞིའི་མཚན་ཉིད་ལ་བསླབ་པར་མི་བགྱི། སོ་སོ་ཡང་དག་པར་རིག་པ་བཞིའི་མཚན་ཉིད་ལ་བསླབ་པར་མི་བགྱི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་མཚན་ཉིད་ལ་བསླབ་ པར་མི་བགྱི། སྙིང་རྗེ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མི་བགྱི། སྡུག་བསྔལ་འཕགས་པའི་བདེན་པའི་མཚན་ཉིད་ལ་བསླབ་པར་མི་བགྱི། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པའི་མཚན་ཉིད་ལ་བསླབ་ པར་མི་བགྱི། རྟེན་ཅིང་འབྲེལ་བར་འབྱུང་བའི་ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བའི་མཚན་ཉིད་ལ་བསླབ་པར་མི་བགྱི། འདུས་བྱས་ཀྱི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི། འདུས་མ་བྱས་ཀྱི་ཁམས་ཀྱི་ 36-1-35a མཚན་ཉིད་ལ་བསླབ་པར་མི་བགྱི་ལགས་སམ། བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་གི་མཚན་ཉིད་ལ་བསླབ་པར་མི་བགྱི་ཞིང་། འདུ་བྱེད་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཆོས་རྣམས་ཀྱི་མཚན་ཉིད་དང་། འདུ་བྱེད་ཀྱི་མཚན་ཉིད་ལ་མ་བསླབ་པར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་ཇི་ལྟར་འགྱུར་ལགས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་མ་འདས་པར་ཡང་བྱང་ཆུབ་ སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་ཇི་ལྟར་འགྱུར་ལགས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་མ་ཞུགས་པར་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་ཇི་ལྟར་འགྱུར་ལགས། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་མ་ཐོབ་པར་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བར་ཇི་ལྟར་འགྱུར་ལགས། ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ཡང་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོའི་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་གྲོལ་བར་ ཇི་ལྟར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་ཆོས་འགའ་ཞིག་གི་མཚན་ཉིད་ཡོད་པར་གྱུར་ན་ནི་མཚན་ཉིད་དེ་ལ་བྱང་ཆུབ་སེམས་དཔས་ བསླབ་པར་བྱ་བ་ཞིག་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པ། གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་མཚན་ཉིད་དེ་དག་ལ་ཡང་བསླབ་པར་མི་བྱ། མཚན་ཉིད་མེད་པ་རྣམས་ལ་ཡང་བསླབ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔ་ན་མཚན་ཉིད་ཡོད་ལ་ཕྱིས་མཚན་ཉིད་མེད་པར་གྱུར་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་ འདི་ལྟར་དེ་དག་ནི་སྔ་ནས་ཀྱང་མཚན་ཉིད་མེད་ལ། ད་ལྟར་ཡང་མཚན་ཉིད་མེད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་རྣམས་ལ་ཡང་བསླབ་པར་མི་བྱ། མཚན་ཉིད་མེད་པ་རྣམས་ལ་ཡང་བསླབ་པར་མི་བྱའོ། ། 36-1-35b དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་ཀྱི་ཁམས་དེ་ནི་གནས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་ དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མཚན་ཉིད་མ་མཆིས་ཤིང་མཚན་ཉིད་ཐ་དད་པ་ཡང་མ་ལགས་ལ། མཚན་ཉིད་གཅིག་པ་ཡང་མ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བསྒོམས་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ འདའ་བར་རྔོ་མི་ཐོག་ལགས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་མ་འདས་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་རྔོ་མི་ཐོག་ལ། བྱང་ཆུབ་སེམས་དཔའི་སྐྱོན་མ་ མཆིས་པ་ལ་མ་ཞུགས་པར་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་པར་རྔོ་མི་ཐོག་ལགས་སོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་མ་བསྐྱེད་པར་ཡང་མངོན་པར་ཤེས་པ་བསྐྱེད་པར་རྔོ་མི་ཐོག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་ཤེས་པ་ མ་བསྐྱེད་པར་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པར་རྔོ་མི་ཐོག་ལགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བགྱིས་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བགྱིས་ པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་རྔོ་མི་ཐོག་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བར་རྔོ་མི་ཐོག་ལགས་སོ། །ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ཡང་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་ འབྲས་བུ་ལ་དགོད་པར་རྔོ་མི་ཐོག་ལ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་དགོད་པར་རྔོ་མི་ཐོག །ཕྱིར་མི་འོང་བའི་འབྲས་བུ་ལ་ཡང་དགོད་པར་རྔོ་མི་ཐོག །དགྲ་བཅོམ་པ་ཉིད་ལ་ཡང་དགོད་པར་ཡང་རྔོ་མི་ཐོག །རང་བྱང་ཆུབ་ལ་ཡང་དགོད་པར་ 36-1-36a རྔོ་མི་ཐོག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དགོད་པར་རྔོ་མི་ཐོག་ལགས་སོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་ཡང་སེམས་ཅན་རྣམས་དགོད་པར་རྔོ་མི་ཐོག །ཚུལ་ ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་ཡང་དགོད་པར་རྔོ་མི་ཐོག །བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་ཡང་དགོད་པར་རྔོ་མི་ཐོག་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་ཉིད་མེད་དེ། མཚན་ཉིད་ཐ་དད་པ་མ་ཡིན་ལ། མཚན་ཉིད་གཅིག་པ་ཡང་མ་ཡིན་ཏེ། རབ་འབྱོར་མཚན་ཉིད་མེད་པ་ ལ་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་མཚན་ཉིད་མ་མཆིས་པ་ལ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ ལགས། བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ལ་བསྒོམ་པ་རྣམ་པར་འཇིག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བསྒོམ་པ་རྣམ་པར་འཇིག་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་བསྒོམ་པ་ལགས། བཀའ་སྩལ་པ། གཟུགས་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བསྒོམ་པ་རྣམ་པར་འཇིག་པ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །མིག་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ བསྒོམ་པའོ། །གཟུགས་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །སྒྲ་དང་དྲི་དང་རོ་དང་། རེག་བྱ་དང་། ཆོས་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །བླང་བ་ལ་ 36-1-36b བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །དོར་བ་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །བསམ་གཏན་དང་པོ་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་བསྒོམ་པའོ། །བསམ་གཏན་གཉིས་པ་དང་གསུམ་པ་དང་། བཞི་པ་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །བྱམས་པ་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་ པའོ། །སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་ པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །སངས་རྒྱས་རྗེས་སུ་དྲན་པ་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །ཆོས་ རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། སྐྱེ་བ་རྗེས་སུ་དྲན་པ་དང་། དབུགས་རྔུབ་པ་དང་། དབྱུང་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་ དྲན་པ་དང་། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའོ། །མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་ལ་བསྒོམ་པ་རྣམ་པར་ འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །བདག་ཏུ་འདུ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ 36-1-37a སྒོམ་པའོ། །སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། སྐྱེ་བ་པོར་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པར་འདུ་ཤེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། གསོ་བར་འདུ་ཤེས་པ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། བྱེད་པ་པོར་འདུ་ཤེས་པ་དང་། བྱེད་དུ་འཇུག་པ་པོར་འདུ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །རྟག་པའི་འདུ་ཤེས་དང་། སྡུག་པའི་འདུ་ཤེས་དང་། བདེ་བའི་འདུ་ཤེས་དང་། བདག་གི་འདུ་ ཤེས་ལ་བསྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །དྲན་པ་ཉེ་བར་གཞག་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་ པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྒོམ་པ་རྣམ་པར་ འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །རྣམ་པར་ཐར་པ་བརྒྱད་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྒོམ་པ་རྣམ་པར་འཇིག་ པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །རྟོག་པ་དང་བཅས་པ་དང་། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་པ་དང་། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྒོམ་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ཀུན་འབྱུང་བ་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་ 36-1-37b རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སྡུག་བསྔལ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ཀུན་འབྱུང་བ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། ། འགོག་པ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ལམ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ཟད་པ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །མི་སྐྱེ་བ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ཆོས་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །རྗེས་སུ་ རྟོགས་པ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ཀུན་རྫོབ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །འདྲིས་པ་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་ པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སྒྲ་ཇི་བཞིན་ཤེས་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྒོམ་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། དེ་བཞིན་དུ་སྦྱར་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་བར་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །མི་འཇིགས་པ་བཞི་ལ་ 36-1-38a སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་ བརྒྱད་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །སྙིང་རྗེ་ཆེན་པོ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྒོམ་པ་རྣམ་པར་ འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། ། རང་བྱང་ཆུབ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །བག་ཆགས་ཀྱི་མཚམས་སྦྱོར་ བ་ཐམས་ཅད་སྤོང་བ་ལ་སྒོམ་པ་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ གཟུགས་ལ་རྣམ་པར་འཇིག་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ལགས། དེ་བཞིན་དུ་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བའི་བར་ལ་སྒོམ་པ་རྣམ་པར་འཇིག་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྒོམ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོར་འདུ་ཤེས་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ 36-1-38b ཕྱིན་པ་སྒོམ་པ་མེད་ཅིང་། དེ་བཞིན་དུ་སྦྱར་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དངོས་པོར་འདུ་ཤེས་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་པའི་ཕྱིར་རོ། །འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དངོས་པོ་ཡོད་ཅེས་བྱ་ བར་མི་སྒོམ་མོ། །བག་ལ་ཉལ་དང་། ཀུན་ནས་དཀྲིས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོར་འདུ་ཤེས་པ་ལ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་མེད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་ དངོས་པོ་ལ་ཆགས་ཀྱི། དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ནི་ཆགས་པར་མི་བྱེད་པའི་ཕྱིར་རོ། །གང་དངོས་པོ་ལ་འདི་ནི་ངའོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པ་ དེ་ལ་ནི་ཐར་པ་མེད་དོ། །རབ་འབྱོར་དངོས་པོར་འདུ་ཤེས་པ་ལ་ནི་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་། ཡང་དག་པར་སྤོང་བ་སྒོམ་པ་དང་། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་དང་། དབང་པོ་སྒོམ་པ་དང་། སྟོབས་སྒོམ་པ་དང་། བྱང་ཆུབ་ཀྱི་ཡན་ལག་ སྒོམ་པ་དང་། ལམ་སྒོམ་པ་དང་། སྟོང་པ་ཉིད་སྒོམ་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྒོམ་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒོམ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་དངོས་ པོ་ལ་ཆགས་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དངོས་པོ་ནི་གང་ལགས། དངོས་པོ་མ་མཆིས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་མེད་པ་ནི་དངོས་པོ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་གཉིས་གང་ལགས། བཀའ་སྩལ་པ། རབ་འབྱོར་གཟུགས་སུ་འདུ་ཤེས་པ་ནི་གཉིས་སོ། །ཚོར་བར་འདུ་ཤེས་པ་དང་། འདུ་ཤེས་ 36-1-39a སུ་འདུ་ཤེས་པ་དང་། འདུ་བྱེད་རྣམས་སུ་འདུ་ཤེས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པ་དང་། མིག་ཏུ་འདུ་ཤེས་པ་ནས་ཡིད་དུ་འདུ་ཤེས་པའི་བར་དང་། གཟུགས་སུ་འདུ་ཤེས་པ་ནས་ཆོས་སུ་འདུ་ཤེས་པའི་བར་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་སུ་འདུ་ཤེས་པ་དང་། བྱང་ཆུབ་ཏུ་འདུ་ཤེས་པ་དང་། འདུས་བྱས་ཀྱི་ཁམས་སུ་འདུ་ཤེས་པ་དང་། འདུས་མ་བྱས་ཀྱི་ཁམས་སུ་འདུ་ཤེས་པ་དང་། རབ་འབྱོར་འདུ་ཤེས་ཇི་སྙེད་པ་ཐམས་ཅད་དང་། འདུ་ཤེས་མེད་ པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་གཉིས་སོ། །ཇི་ཙམ་དུ་གཉིས་ཡོད་པ་དེ་ཙམ་དུ་དངོས་པོ་ཡིན་ནོ། །ཇི་ཙམ་དུ་དངོས་པོ་ཡོད་པ་དེ་ཙམ་དུ་འདུ་བྱེད་དོ། །ཇི་ཙམ་དུ་འདུ་བྱེད་ཡོད་པ་དེ་ཙམ་དུ་སེམས་ཅན་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མི་འགྲོལ་ལོ། །རབ་འབྱོར་རྣམ་གྲངས་དེས་ན། ཁྱོད་ཀྱིས་གཉིས་ཀྱི་འདུ་ཤེས་ཅན་ལ་ནི་སྦྱིན་པ་མེད་དོ། །ཚུལ་ཁྲིམས་ མེད་དོ། །བཟོད་པ་མེད་དོ། །བརྩོན་འགྲུས་མེད་དོ། །བསམ་གཏན་མེད་དོ། །ཤེས་རབ་མེད་དོ། །ལམ་མེད་དོ། །མངོན་པར་རྟོགས་པ་མེད་དོ། །ཐ་ན་འཐུན་པའི་བཟོད་པ་ཡང་མེད་ན། གཟུགས་ཡོངས་སུ་ཤེས་པ་ནས་རྣམ་པར་ཤེས་པའི་བར་དུ་ཡོངས་ སུ་ཤེས་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་རིག་པར་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །གང་ལ་ལམ་བསྒོམ་པ་མེད་པ་དེ་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས། དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བའི་བར་དུ་ཡང་ག་ལ་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ལམ་བསྒོམ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་དྲུག་བཅུ་རྩ་དགུ་པའོ།། །། དེ་སྐད་ཅེས་ བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དངོས་པོའི་འདུ་ཤེས་ཅན་ལ་འཐུན་པའི་བཟོད་པ་ཡང་མ་མཆིས་ན། ཐོབ་པ་ལྟ་ག་ལ་མཆིས། མངོན་པར་རྟོགས་པ་ལྟ་ག་ལ་ 36-1-39b མཆིས་ཏེ། མ་མཆིས་ན་ཅི་དངོས་པོ་མ་མཆིས་པའི་འདུ་ཤེས་ཅན་ལ་འཐུན་པའི་བཟོད་པ་མཆིས་ལགས་སམ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། ལམ་བསྒོམ་པ་མཆིས་ལགས་སམ། ལམ་བསྒོམ་པ་ལ་བརྟེན་ནས་ཉན་ཐོས་དང་ལྡན་པ་འམ། རང་སངས་རྒྱས་དང་ ལྡན་པའི་ཉོན་མོངས་པ་རྣམས་ཀྱང་སྤོང་བར་འགྱུར་ལགས་སམ། ཉོན་མོངས་པ་དེ་དག་གིས་བསྒྲིབས་ན་ནི་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པར་ཡང་མི་འགྱུར་ལ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་མ་ཞུགས་པར་ཡང་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་བག་ཆགས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་ཆོས་འགའ་ ཙམ་གྱིས་གནས་པ་དང་སྐྱེ་བ་ཡང་མ་མཆིས་ན་ནི། ཆོས་མ་བསྐྱེད་པ་དེ་དག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་རྔོ་མི་ཐོག་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །རབ་འབྱོར་དེ་དེ་བཞིན་ཏེ། དངོས་པོ་མེད་པའི་འདུ་ཤེས་ཅན་ལ་ནི་འཐུན་པའི་བཟོད་པ་ཡང་མེད་དོ། །དེ་བཞིན་དུ་སྦྱར་ཏེ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བའི་བར་དུ་མེད་དོ། ། གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ། དངོས་པོའི་འདུ་ཤེས་སམ། དངོས་པོ་མ་མཆིས་པའི་འདུ་ཤེས་སམ། གཟུགས་ཀྱི་འདུ་ཤེས་ནས་རྣམ་པར་ཤེས་ པའི་འདུ་ཤེས་ཀྱི་བར་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འདུ་ཤེས་སམ། འདོད་ཆགས་ཀྱི་འདུ་ཤེས་སམ། འདོད་ཆགས་སྤོང་བའི་འདུ་ཤེས་སམ། ཞེ་སྡང་གི་འདུ་ཤེས་སམ། ཞེ་སྡང་སྤོང་བའི་འདུ་ཤེས་སམ། གཏི་མུག་གི་འདུ་ 36-1-40a ཤེས་སམ། གཏི་མུག་སྤོང་བའི་འདུ་ཤེས་སམ། མ་རིག་པའི་འདུ་ཤེས་སམ། མ་རིག་པ་སྤོང་བའི་འདུ་ཤེས་སམ། འདུ་བྱེད་ཀྱི་འདུ་ཤེས་སམ། འདུ་བྱེད་སྤོང་བའི་འདུ་ཤེས་སམ། རྣམ་པར་ཤེས་པའི་འདུ་ཤེས་སམ། རྣམ་ པར་ཤེས་པ་སྤོང་བའི་འདུ་ཤེས་སམ། མིང་དང་གཟུགས་ཀྱི་འདུ་ཤེས་སམ། མིང་དང་གཟུགས་སྤོང་བའི་འདུ་ཤེས་སམ། སྐྱེ་མཆེད་དྲུག་གི་འདུ་ཤེས་སམ། སྐྱེ་མཆེད་དྲུག་སྤོང་བའི་འདུ་ཤེས་སམ། རེག་པའི་འདུ་ཤེས་སམ། རེག་པ་སྤོང་ བའི་འདུ་ཤེས་སམ། ཚོར་བའི་འདུ་ཤེས་སམ། ཚོར་བ་སྤོང་བའི་འདུ་ཤེས་སམ། སྲེད་པའི་འདུ་ཤེས་སམ། སྲེད་པ་སྤོང་བའི་འདུ་ཤེས་སམ། ལེན་པའི་འདུ་ཤེས་སམ། ལེན་པ་སྤོང་བའི་འདུ་ཤེས་སམ། སྲིད་པའི་འདུ་ཤེས་སམ། སྲིད་པ་སྤོང་བའི་ འདུ་ཤེས་སམ། སྐྱེ་བའི་འདུ་ཤེས་སམ། སྐྱེ་བ་སྤོང་བའི་འདུ་ཤེས་སམ། རྒ་ཤིའི་འདུ་ཤེས་སམ། རྒ་ཤི་སྤོང་བའི་འདུ་ཤེས་སམ། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་འདུ་ཤེས་སམ། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་སྤོང་བའི་འདུ་ཤེས་སམ། སྡུག་བསྔལ་གྱི་འདུ་ཤེས་སམ། སྡུག་བསྔལ་སྤོང་བའི་འདུ་ཤེས་སམ། ཀུན་འབྱུང་བའི་འདུ་ ཤེས་སམ། ཀུན་འབྱུང་བ་སྤོང་བའི་འདུ་ཤེས་སམ། འགོག་པའི་འདུ་ཤེས་སམ། འགོག་པ་མངོན་སུམ་དུ་བགྱིད་པའི་འདུ་ཤེས་སམ། ལམ་གྱི་འདུ་ཤེས་སམ། ལམ་བསྒོམ་པའི་འདུ་ཤེས་སམ། དེ་བཞིན་དུ་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་གྱི་འདུ་ཤེས་སམ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བའི་འདུ་ཤེས་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་ཆོས་གང་ལ་ཡང་དངོས་པོའི་འདུ་ཤེས་སམ། དངོས་པོ་མེད་པའི་འདུ་ཤེས་མེད་དོ། །རབ་འབྱོར་གང་ལ་དངོས་པོའི་འདུ་ཤེས་མེད་པ་དང་། དངོས་པོ་མེད་པའི་འདུ་ཤེས་ 36-1-40b ཀྱང་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཐུན་པའི་བཟོད་པ་ཡིན་ནོ། །གང་ལ་དངོས་པོའི་འདུ་ཤེས་མེད་པ་དང་། དངོས་པོ་མེད་པའི་འདུ་ཤེས་ཀྱང་མེད་པ་དེ་ནི་དེའི་ལམ་བསྒོམ་པ་ཡིན་ནོ། །གང་ལ་དངོས་པོའི་འདུ་ཤེས་མེད་ པ་དང་། དངོས་པོ་མེད་པའི་འདུ་ཤེས་ཀྱང་མེད་པ་དེ་ནི་དེའི་འབྲས་བུ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ནི་དངོས་པོ་མེད་པའོ། །མངོན་པར་རྟོགས་པ་ནི་དངོས་པོ་མེད་པ་སྟེ། རབ་འབྱོར་རྣམ་གྲངས་ དེས་ཀྱང་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་དེ་ལྟར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་བརྒྱད་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་ པས་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་ལ། གང་དག་མངོན་པར་རྫོགས་པར་སངས་རྒྱས་པས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་བརྙེས་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་ འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་ང་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ནས། བསམ་གཏན་ བཞི་པའི་བར་དུ་བསྒྲུབས་ཏེ། གནས་ལ་ངས་བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དེ་དག་གི་མཚན་མ་བཟུང་ཡང་། བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དེ་དག་གིས་རློམ་སེམས་སུ་མ་བྱས། བསམ་གཏན་རྣམས་ ཀྱི་རོ་མྱང་བ་མ་བྱས། བསམ་གཏན་རྣམས་ལ་དམིགས་པ་མ་བྱས་ཤིང་། ང་བསམ་གཏན་དེ་དག་གི་རྣམ་པ་ཡོངས་སུ་དག་པ་ལ་སྙོམས་པར་ཞུགས་ནས། རྫུ་འཕྲུལ་བྱ་བ་མངོན་སུམ་དུ་བྱ་བའི་ཕྱིར་ཏེ་སེམས་མངོན་པར་གཞོལ་བར་ 36-1-41a བྱས་སོ། །ལྷའི་རྣ་བའི་ཤེས་པ་མངོན་སུམ་དུ་བྱ་བ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱ་བ་དང་། ལྷའི་མིག་གི་ཤེས་པ་མངོན་སུམ་དུ་བྱ་བའི་ ཕྱིར་སེམས་མངོན་པར་གཞོལ་བར་བྱ་སྟེ། ངས་མངོན་སུམ་དུ་བྱ་བ་དེ་དག་གི་མཚན་མ་བཟུང་ཡང་མངོན་པར་ཤེས་པ་དེ་དག་གིས་རློམ་སེམས་སུ་མ་བྱས། རོ་མྱང་བ་མ་བྱས། དམིགས་པ་མ་བྱས་ཏེ། ང་མངོན་པར་ཤེས་པ་དེ་དག་ལ་ནམ་ མཁའ་ལྟ་བུར་མཐོང་བས་སྙོམས་པར་ཞུགས་སོ། །རབ་འབྱོར་ངས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་འདི་ནི་སྡུག་བསྔལ་ཡིན་ནོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཡིན་ནོ། །འདི་ནི་སྡུག་བསྔལ་འགོག་པ་ཡིན་ནོ། ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཡིན་ནོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་ཞིང་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་ རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་ལྡན་པས་སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་བསམ་གཏན་བཞི་ཇི་ལྟར་བསྐྱེད་ལགས། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་མངོན་པར་ ཤེས་པ་དྲུག་ཇི་ལྟར་བསྐྱེད་ལགས། སེམས་ཅན་མ་མཆིས་པར་ཡང་སེམས་ཅན་རྣམས་ཕུང་པོ་གསུམ་དུ་ཇི་ལྟར་ལུང་བསྟན་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་འདོད་པ་རྣམས་སམ། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཅིག་ཡོད་པར་གྱུར་ཏམ། རང་གི་དངོས་པོ་འམ། གཞན་གྱི་དངོས་པོ་ཞིག་ཡོད་པར་གྱུར་ན་ནི། རབ་འབྱོར་ང་སྔོན་བྱང་ཆུབ་སེམས་ 36-1-41b དཔའི་སྤྱད་པ་སྤྱོད་པའི་ཚེ་འདོད་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་འདོད་པ་ རྣམས་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་དངོས་པོ་འམ། དངོས་པོ་མེད་པ་འམ། རང་གི་དངོས་པོ་འམ། གཞན་གྱི་དངོས་པོ་མེད་དེ། གཞན་དུ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ན་ཡིན་པས། དེའི་ཕྱིར་ང་སྔོན་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པའི་ཚེ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་ པར་གྱུར་ཏོ། །བསམ་གཏན་བཞི་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རབ་འབྱོར་གལ་ཏེ་མངོན་པར་ཤེས་པ་རྣམས་དངོས་པོ་འམ། རང་གི་དངོས་པོ་འམ། གཞན་གྱི་དངོས་པོ་ཞིག་ཡིན་པར་གྱུར་ན་ནི། རབ་འབྱོར་ངས་མངོན་ པར་ཤེས་པ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་མངོན་པར་ཤེས་པ་ཐམས་ཅད་ལ་དངོས་ པོ་མེད་དེ། རང་གི་དངོས་པོ་དང་། གཞན་གྱི་དངོས་པོ་མེད་ལ། གཞན་དུ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ན་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ཐམས་ཅད་ དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཐུགས་སུ་ཆུད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 36-1-42a མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་གྱིས་བགྱི་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་ བསྒྲུབ་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་མཐར་གྱིས་བགྱི་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་བསྒྲུབ་པ་ཇི་ལྟར་མཆིས་པར་འགྱུར་ལགས། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོག་མ་ཉིད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་ དཔའ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་སངས་རྒྱས་རྣམས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། དགྲ་བཅོམ་པ་རྣམས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཕྱིར་མི་འོང་བ་རྣམས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ དངོས་པོ་མེད་པའི་ངོ་བོ་ཉིད་དང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། འཕགས་པ་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཐ་ན་འདུ་བྱེད་ཐམས་ཅད་ཀྱི་ངོ་བོ་ཉིད་སྐྲའི་རྩེ་མོའི་ཆའི་གནས་ཙམ་ཡང་མེད་དོ་ཞེས་ཐོས་ པར་གྱུར་ལ། ཐོས་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རྒྱུན་ཏུ་ཞུགས་པའི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ལ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཡང་རུང་། གལ་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཡང་རུང་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ནའོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ 36-1-42b བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དངོས་པོའི་འདུ་ཤེས་ལ་གནས་པ། ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་དགོད་པར་ བྱའོ། །སྙམ་དུ་སེམས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་འཇུག་གོ། །དེ་སྔོན་གྱི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གང་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་མཐར་གྱིས་བྱ་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་སྒྲུབ་ པ་རྩོམ་པར་བྱེད་དོ། །དེ་ཐོག་མ་ཉིད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ན། བདག་ཉིད་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་པ་ལ་འགོད་ཅིང་སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་སྦྱིན་ པ་སྦྱིན་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དེ། དེ་སྦྱིན་པ་ལ་གོམས་པ་དེས་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་སེར་སྣ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་དེ། ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། བཞོན་པ་འདོད་པ་ལ་ནི་བཞོན་པ། གོས་འདོད་པ་ལ་ནི་གོས། སྤོས་འདོད་པ་ལ་ནི་སྤོས། མེ་ཏོག་ཕྲེང་འདོད་པ་ལ་ནི་མེ་ཏོག་ཕྲེང་། བྱུག་པ་འདོད་པ་ལ་ནི་བྱུག་པ། མལ་འདོད་པ་ལ་ནི་མལ། རྒྱབ་རྟེན་འདོད་པ་ལ་ནི་རྒྱབ་ རྟེན། གནས་འདོད་པ་ལ་ནི་གནས། མར་མེ་འདོད་པ་ལ་ནི་མར་མེ་འམ། མིའི་ཡོ་བྱད་ཅི་ཡང་རུང་བ་དག་སྦྱིན་པར་བྱེད་དེ། དེ་སྦྱིན་པ་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་སྲུང་བར་བྱེད་ཅིང་། སྦྱིན་པ་དེ་ཉིད་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། 36-1-43a ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་ཀྱང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །དེ་ནས་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་ཅིང་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྦྱིན་པས་མཐར་གྱིས་བྱ་བ་ཡོད་དེ། བྱ་བ་དེ་དག་ཐམས་ཅད་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བདག་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་དག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་གོ། །དེ་བཞིན་དུ་རྗེས་སུ་དགའ་བར་བྱེད་ཅེས་བྱ་བའི་ བར་དུ་སྦྱར་རོ། །དེ་ཚུལ་ཁྲིམས་དེས་ལྷའི་ཆེ་བ་ཉིད་དང་མིའི་ཆེ་བ་ཉིད་ཀྱང་ཐོབ་པར་འགྱུར་ཏེ། དེ་སེམས་ཅན་དབུལ་པོ་རྣམས་ལ་ནོར་སྦྱིན་པར་བྱེད་དོ། །བྱིན་ནས་ཀྱང་ཚུལ་ཁྲིམས་ལ་འགོད་པར་བྱེད། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འགོད་པར་བྱེད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ། །འདས་ནས་ཀྱང་ཚུལ་ཁྲིམས་ཀྱི་ཕུང་པོ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་བར་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་སྟེ། 36-1-43b དེ་བཞིན་དུ་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་པའི་བར་དུ་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱིས་མཐར་གྱིས་བྱ་བ་ཡོད་དེ། བྱ་བ་དེ་དག་ཀྱང་ཐམས་ཅད་ ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བདག་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་ཅིང་། གཞན་དག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་གོ། །དེ་བཞིན་དུ་རྗེས་སུ་དགའ་བར་བྱེད་པའི་བར་དུ་སྦྱར་རོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སེམས་ཅན་རྣམས་སྦྱིན་ པས་ཚིམ་པར་བྱེད། ཚུལ་ཁྲིམས་ལ་འགོད་པར་བྱེད། ཏིང་ངེ་འཛིན་ལ་འགོད་པར་བྱེད་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་བར་ལ་འགོད་པར་བྱེད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ ནས་བྱང་ཆུབ་ཐོབ་པར་འགྱུར་བའི་བར་དུ་དེ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་ཉིད་ཀྱང་དགེ་བའི་ཆོས་རྣམས་ལ་བརྩོན་པར་བྱེད་ལ་གཞན་དག་ཀྱང་བརྩོན་འགྲུས་ཡང་དག་པར་ འཛིན་དུ་འཇུག་སྟེ། དེ་བཞིན་དུ་རྗེས་སུ་དགའ་བར་བྱེད་པའི་བར་དུ་སྦྱར་རོ། །དེའི་ངོ་བོ་ཉིད་མེད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་ཉིད་ཀྱང་བསམ་གཏན་ལ་ སྙོམས་པར་འཇུག་ཅིང་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་དག་ལ་འགོད་པར་བྱེད་ཅིང་། བསམ་ 36-1-44a གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་བསྔགས་པ་ཡང་བརྗོད་པར་བྱེད་དོ། །གཞན་གང་དག་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་ལ་སྙོམས་པར་འཇུག་པ་གང་ཡིན་པ་དེ་དག་གི་བསྔགས་པ་ཡང་བརྗོད་པར་བྱེད་པ་ནས་རྗེས་སུ་དགའ་བར་བྱེད་པའི་བར་དུ་དེ་བཞིན་དུ་སྦྱར་རོ། །དེ་བསམ་གཏན་དེ་དག་དང་ཚད་མེད་པ་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་དེ་དག་ལ་གནས་ནས། སེམས་ཅན་རྣམས་སྦྱིན་པས་ཚིམ་པར་བྱེད། ཚུལ་ཁྲིམས་ལ་འགོད་པར་བྱེད། བཟོད་པ་ལ་འགོད་པར་བྱེད། བརྩོན་འགྲུས་ལ་འགོད་པར་བྱེད། ཏིང་ངེ་འཛིན་ལ་འགོད་པར་བྱེད། ཤེས་རབ་ལ་འགོད་པར་བྱེད། རྣམ་པར་གྲོལ་བ་ལ་འགོད་པར་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་འགོད་པར་བྱེད་དོ། །དེ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྡན་པ་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ ལས་འདའ་བར་འགྱུར་རོ། །འདས་ནས་ཀྱང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དེས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནས། དེའི་ངོ་བོ་ཉིད་མེད་པའི་བར་དུ་དེ་བཞིན་ དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་སྦྱིན་པས་ཚིམ་པར་བྱེད། ཚུལ་ཁྲིམས་ ལ་འགོད་པར་བྱེད། བཟོད་པ་ལ་འགོད་པར་བྱེད། བརྩོན་འགྲུས་ལ་འགོད་པར་བྱེད། ཏིང་ངེ་འཛིན་ལ་འགོད་པར་བྱེད། ཤེས་རབ་ལ་འགོད་པར་བྱེད། རྣམ་པར་གྲོལ་བ་ལ་འགོད་པར་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ ལ་འགོད་པར་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བདག་ཉིད་ཀྱང་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒྲུབ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་སྙོམས་པར་འཇུག་ 36-1-44b པར་བྱེད། ཤེས་རབ་སྒོམ་པར་བྱེད། གཞན་དག་ཀྱང་སྦྱིན་པ་ལ་འགོད་པར་བྱེད། ཚུལ་ཁྲིམས་ལ་འགོད་པར་བྱེད། བཟོད་པ་ལ་འགོད་པར་བྱེད། བརྩོན་འགྲུས་ལ་འགོད་པར་བྱེད། ཏིང་ངེ་འཛིན་ལ་འགོད་པར་བྱེད། ཤེས་རབ་ལ་ འགོད་པར་བྱེད་པ་ནས་རྗེས་སུ་དགའ་བར་བྱེད་པའི་བར་དུ་སྦྱར་རོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་ཐབས་ལ་མཁས་པ་དང་ལྡན་པས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནས། དེའི་ངོ་བོ་ཉིད་མེད་པའི་བར་དུ་སྦྱར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་གྱིས་བྱ་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་སྒྲུབ་པ་ཡང་ཡོད་དོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཐར་གྱིས་བྱ་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་སྒྲུབ་པ་ལ་སློབ་སྟེ། སེམས་དང་པོ་བསྐྱེད་པ་ཉིད་ནས་བཟུང་སྟེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ ལྡན་པའི་ཡིད་ལ་བྱེད་པ་དག་གིས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མོས་ཏེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་ དྲན་པ་དང་། ལྷ་རྗེས་སུ་དྲན་པ་སྒོམ་མོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཟུགས་སུ་ཡིད་ལ་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་ཡིད་ལ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ལ་ངོ་བོ་ཉིད་ 36-1-45a མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ལ་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ རྗེས་སུ་དྲན་པ་ནི་དྲན་པར་བྱ་བ་མ་ཡིན་ཞིང་ཡིད་ལ་བྱ་བ་མ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་སུ་ཡིད་ལ་མི་བྱའོ། ། སྐུ་གསེར་གྱི་ཁ་དོག་ཅན་དུ་ཡིད་ལ་མི་བྱའོ། །འོད་འདོམ་གང་བར་ཡིད་ལ་མི་བྱའོ། །དཔེ་བྱད་བཟང་པོ་བརྒྱད་བཅུའི་ཚུལ་གྱིས་ཡིད་ལ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐུ་དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་ དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པར་བྱ་བ་མ་ཡིན་ཞིང་ཡིད་ལ་བྱ་བ་མ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ནི་ཚུལ་ཁྲིམས་ཀྱི་ཕུང་པོར་ཡིད་ལ་མི་བྱའོ། །ཏིང་ངེ་འཛིན་གྱི་ཕུང་པོར་ཡིད་ལ་མི་བྱའོ། །ཤེས་རབ་ཀྱི་ཕུང་པོར་ཡིད་ལ་མི་བྱའོ། །རྣམ་པར་གྲོལ་བའི་ཕུང་པོར་ཡིད་ལ་མི་བྱའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ ཕུང་པོར་ཡིད་ལ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པར་བྱ་བ་མ་ཡིན་ཞིང་ཡིད་ལ་བྱ་བ་མ་ ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྟོབས་བཅུར་ཡིད་ལ་མི་བྱའོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དུ་ཡིད་ལ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ 36-1-45b རྗེས་སུ་དྲན་པ་ནི་དྲན་པར་བྱ་བ་མ་ཡིན་ཞིང་ཡིད་ལ་བྱ་བ་མ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་ཡིད་ལ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པར་བྱ་བ་མ་ཡིན་ཞིང་ཡིད་ལ་བྱ་བ་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་སངས་རྒྱས་ཡིད་ལ་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་གྱིས་བྱ་བ་དང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པ་ཡང་ཡོད་དེ། མཐར་གྱིས་ བསླབ་པ་འདི་ལ་སློབ་ཅིང་། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པ་ལ་སློབ་པ་ན། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ནར་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ལ་ངོ་བོ་ཉིད་ཀྱི་འདུ་ཤེས་སམ། དངོས་པོ་མེད་པའི་འདུ་ཤེས་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དགེ་བའི་ཆོས་རྣམས་ཡིད་ལ་མི་བྱའོ། །མི་དགེ་བའི་ཆོས་རྣམས་ཡིད་ལ་མི་བྱའོ། །ལུང་བསྟན་དུ་ཡོད་པ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ 36-1-46a ལས་འདས་པ་རྣམས་དང་། འཕགས་པ་རྣམས་དང་། འཕགས་པ་མ་ཡིན་པ་རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པ་རྣམས་དང་། འདོད་པའི་ཁམས་སུ་གཏོགས་པ་རྣམས་དང་། གཟུགས་ཀྱི་ཁམས་སུ་གཏོགས་པ་རྣམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་རྣམས་དང་། མ་གཏོགས་པ་རྣམས་དང་། འདུས་བྱས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཡིད་ལ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ ན། འདི་ལྟར་ཆོས་དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་ཆོས་རྗེས་སུ་དྲན་པ་ནི་དྲན་པར་བྱ་བ་མ་ཡིན་ཞིང་ཡིད་ལ་བྱ་བ་མ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ ཆོས་ཀྱི་དབྱིངས་འདི་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་རོ། །དེས་ཆོས་རྣམས་དངོས་པོ་མེད་པ་ཁོ་ནར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོའི་འདུ་ཤེས་སམ། དངོས་པོ་མེད་པའི་འདུ་ཤེས་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྗེས་སུ་དྲན་པ་དེ་ལྟར་བསྒོམ་པར་བྱ་སྟེ། དེ་ལ་ནི་དྲན་པའི་ཆོས་ཕྲ་རབ་ཙམ་ཡང་མེད་ན། དྲན་པ་དང་བྲལ་བ་ལྟ་ཅི་སྨོས། རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་འདུན་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དགེ་འདུན་རྗེས་སུ་དྲན་པར་བྱ་སྟེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་གང་ཡིན་པ་དེ་དག་གི་ངོ་བོ་ཉིད་མེད་དེ། སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་ནི་ངོ་བོ་ཉིད་མེད་ཅིང་དངོས་པོ་མེད་པའི་ངོ་བོ་ ཉིད་ཀྱིས་ཕྱེ་བ་ཡིན་ཏེ། དེ་ནི་དངོས་པོ་མེད་པ་ཉིད་དུ་ཡིད་ལ་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནས་དགེ་འདུན་རྗེས་སུ་དྲན་པ་ནི་དྲན་པར་བྱ་བ་མ་ཡིན་ཞིང་། ཡིད་ལ་བྱ་བ་མ་ཡིན་པའི་བར་དུ་སྦྱར་རོ། ། 36-1-46b རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་འདུན་རྗེས་སུ་དྲན་པ་དེ་ལྟར་བསྒོམ་པར་བྱ་སྟེ། དེ་ལ་ནི་དྲན་པའི་ཆོས་ཕྲ་རབ་ཙམ་ཡང་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་རྗེས་ སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྐྱོན་མེད་པ་དང་མ་ཉམས་པ་དང་། མ་འདྲེས་པ་དང་ནག་ནོག་ མེད་པ་དང་། དབང་འབྱོར་བ་དང་། མཁས་པས་བསྔགས་པ་དང་། ཤིན་ཏུ་རྫོགས་པ་དང་། ཏིང་ངེ་འཛིན་དུ་འགྱུར་བའི་ཚུལ་ཁྲིམས་ལ་ཞུགས་ནས་ཚུལ་ཁྲིམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དེ། དེ་ལ་དྲན་པའི་ལས་ཕྲ་ རབ་ཙམ་ཡང་མེད་པ་དེ་ལྟ་བུར་ཡིད་ལ་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་བར་དུ་སྦྱར་ཏེ། དེ་ལ་དངོས་པོའི་འདུ་ཤེས་སམ། དངོས་པོ་མེད་པའི་འདུ་ཤེས་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཏོང་བ་རྗེས་སུ་དྲན་པ་ཇི་ལྟར་ཡིད་ལ་བྱ་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དངོས་པོ་མེད་པའི་ངོ་བོ་ ཉིད་ཀྱི་ཚུལ་གྱིས་ཟང་ཟིང་གཏོང་བ་འམ། ཆོས་གཏོང་བ་རྗེས་སུ་དྲན་པར་བྱ་སྟེ། གཏོང་བ་དེས་སྦྱིན་ནོ་སྙམ་པ་འམ། མི་སྦྱིན་ནོ་སྙམ་པ་འམ། ཡོངས་སུ་གཏོང་ངོ་སྙམ་པ་འམ། ཡོངས་སུ་མི་གཏང་ངོ་སྙམ་དུ་སེམས་བསྐྱེད་པར་མི་བྱའོ། ། ཡན་ལག་དང་ཉིང་ལག་རྣམས་ཡོངས་སུ་གཏོང་བར་ཡང་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དེ་ལྟར་དེ་གཏོང་བ་རྗེས་སུ་དྲན་པ་ལ་སྤྱོད་པ་ཡིན་ནོ། །དེ་ལྟར་སློབ་ན་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་དུ་རིམ་གྱིས་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཏོང་བ་རྗེས་སུ་དྲན་པ་དེ་ལྟ་དེ་ལྟར་ཡིད་ལ་བྱའོ། །རབ་འབྱོར་བྱང་ཆུབ་ 36-1-47a སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ལྷ་རྗེས་སུ་དྲན་པ་ཇི་ལྟར་ཡིད་ལ་བྱ་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་དུ་ཞུགས་པ་རྒྱལ་ཆེན་བཞིའི་ རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དག་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པའི་ལྷ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ལྷ་དེ་དག་དེ་ལྟར་ཡིད་ལ་བྱའོ། །དེ་ལ་དྲན་པའི་ལས་ཕྲ་རབ་ཙམ་ཡང་མེད་དེ། དེ་ལྟར་ཡིད་ལ་བྱེད་ཅིང་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་བར་དུ་ཡིད་ལ་བྱེད་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་ཕྱིར་མི་འོང་བ་གང་ཡིན་པ་དེ་དག་དངོས་པོ་མེད་པའི་ ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ངོ་བོ་ཉིད་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའི་ཕྱིར་ཏེ། དེ་བས་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ལྷ་དེ་དག་རྗེས་སུ་དྲན་པར་བྱ་སྟེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་བར་དུ་དེ་བཞིན་དུ་སྦྱར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་དྲན་པ་དྲུག་པོ་དག་དེ་ལྟར་ཡིད་ལ་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྗེས་སུ་དྲན་པ་དྲུག་ཡིད་ལ་བྱེད་པ་མཐར་གྱིས་བྱ་བ་ཡང་ཡོད། མཐར་གྱིས་བསླབ་པ་དང་། མཐར་གྱིས་འཇུག་པ་ཡང་ཡོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་བྱ་བ་དང་། མཐར་ གྱིས་བསླབ་པ་དང་། མཐར་གྱིས་བསྒྲུབ་པ་ཡོངས་སུ་རྫོགས་པར་འདོད་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ནང་སྟོང་པ་ཉིད་ལ་བསླབས་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་ 36-1-47b བཞི་ལ་བསླབ་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། སྙིང་རྗེ་ཆེན་པོའི་བར་ལ་བསླབ་པར་བྱའོ། །དེ་དེ་ལྟར་བྱང་ཆུབ་ཀྱི་ལམ་ལ་སློབ་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་ནི་དྲན་པའི་ ལས་ཕྲ་རབ་ཙམ་ཡང་མེད་ན་གཟུགས་ལྟ་ཅི་སྨོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མཐར་གྱིས་བྱ་བ་ཡང་ཡོད། མཐར་གྱིས་བསླབ་པ་དང་། མཐར་གྱིས་བསྒྲུབ་པ་ཡང་ཡོད་ལ། དེ་ལ་ནི་སེམས་ཀྱི་སྤྱོད་པའི་བྱ་བ་དང་། སེམས་ཀྱི་སྤྱོད་པའི་བསླབ་པ་དང་། སེམས་ཀྱི་སྤྱོད་ པའི་ལམ་ཡང་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ ན། འོ་ན་ནི་གཟུགས་ཀྱང་མ་མཆིས། རྣམ་པར་ཤེས་པའི་བར་དུ་ཡང་མ་མཆིས། ཕུང་པོ་རྣམས་ཀྱང་མ་མཆིས། ཁམས་རྣམས་ཀྱང་མ་མཆིས། སྐྱེ་མཆེད་རྣམས་ཀྱང་མ་མཆིས། དྲན་པ་ཉེ་བར་གཞག་པ་རྣམས་ ཀྱང་མ་མཆིས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་ཡང་མ་མཆིས། སངས་རྒྱས་ཀྱང་མ་མཆིས། ཆོས་ཀྱང་མ་མཆིས། དགེ་འདུན་ཡང་མ་མཆིས། ལམ་ཡང་མ་མཆིས། འབྲས་བུ་ཡང་མ་ མཆིས། ཀུན་ནས་ཉོན་མོངས་པ་ཡང་མ་མཆིས། རྣམ་པར་བྱང་བ་ཡང་མ་མཆིས། ཐོབ་པ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ་མཆིས་པར་འགྱུར་ལགས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ མ་མཆིས་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཡོད་ 36-1-48a པ་འམ། མེད་པར་དམིགས་སུ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ་ནི་མཆིས་པ་འམ། མ་མཆིས་པ་མི་དམིགས་ ལགས་སོ། །བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། དེའི་ཕྱིར་ཇི་ལྟར་གཟུགས་མེད་པ་དང་། རྣམ་པར་ཤེས་པའི་བར་དུ་མེད་པ་དང་། ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་ མེད་པའི་བར་དུ་དེ་བཞིན་དུ་སྦྱར་ཏེ། དེ་ལྟ་བུར་ཇི་ལྟ་བུར་འགྱུར། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཆོས་འདི་དག་ལ་ཡིད་ གཉིས་མི་འཚལ། ཐེ་ཙོམ་མི་འཚལ་ལགས་མོད་ཀྱི། འོན་ཀྱང་མ་འོངས་པའི་དུས་ན་སེམས་ཅན་ཁྱིམ་པ་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་འདི་སྐད་དུ་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ་འདིར་སུ་ཞིག་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་ ཞེས་མཆི་བར་འགྱུར་ཏེ། དེ་དག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་འཚལ་ནས་ཚུལ་ཁྲིམས་ཉམས་པར་འགྱུར། ལྟ་བ་ཉམས་པར་འགྱུར། སྤྱོད་པ་ཉམས་པར་འགྱུར་ཏེ། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ ཉམས་པ་དང་། སྤྱོད་པ་ཉམས་པ་དེ་དག་ནི་སེམས་ཅན་དམྱལ་བའི་འགྲོ་བ་དང་། དུད་འགྲོའི་འགྲོ་བ་དང་། གཤིན་རྗེའི་འཇིག་རྟེན་གྱི་འགྲོ་བ་འམ། འགྲོ་བ་གསུམ་པོ་དག་ལས་གང་ཡང་རུང་བ་གཅིག་ཏུ་མཆི་བར་འཚལ་བར་བགྱི་ ལགས་སོ། །བཅོམ་ལྡན་འདས་བདག་གིས་ནི་མ་འོངས་པའི་དོགས་པ་འདི་མཐོང་བས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཉིད་ཞུས་པ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་ཆོས་དེ་དག་ལ་ 36-1-48b ཡིད་གཉིས་མི་འཚལ། ཐེ་ཙོམ་མི་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ ལས། མཐར་གྱིས་བྱ་བ་དང་། བསླབ་པ་དང་། བསྒྲུབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་བཅུ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། བཅོམ་ལྡན་འདས་དོན་ཅི་ཞིག་མཐོང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་གོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམིགས་པ་ནི་ཐ་ཆད་ཡིན་ཏེ། དམིགས་པའི་འདུ་ཤེས་ཅན་ལ་ནི་ཐོབ་པའང་མེད། མངོན་པར་རྟོགས་པའང་མེད། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཀྱང་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་དམིགས་སུ་མ་མཆིས་པ་ལ་འཐོབ་པ་འམ། མངོན་པར་རྟོགས་པ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆིས་ལགས་སམ། བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་དབྱིངས་རྣམ་པར་མི་འཁྲུག་པའི་ཕྱིར་མི་དམིགས་པ་ཉིད་ཐོབ་པ་ཡིན། མི་དམིགས་པ་ཉིད་ཐོབ་པ་མངོན་པར་རྟོགས་པ་ཡིན། མི་དམིགས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །མི་དམིགས་པ་ཉིད་ འཐོབ་པ་འམ། མངོན་པར་རྟོགས་པ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་འདོད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་འདོད་དུ་ཟད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དམིགས་སུ་མ་ 36-1-49a མཆིས་པ་ལ་ཐོབ་པ་མ་མཆིས། མངོན་པར་རྟོགས་པ་མ་མཆིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་ཤིང་། དམིགས་སུ་མ་མཆིས་པ་ཉིད་ཐོབ་པ་ལགས། དམིགས་སུ་མ་མཆིས་པ་ཉིད་མངོན་པར་ རྟོགས་པ་ལགས། དམིགས་སུ་མ་མཆིས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོ་ག་ལ་མཆིས། གཉིས་པ་ཡང་ག་ལ་མཆིས། བཅུ་པའི་བར་དུ་ཡང་ག་ལ་མཆིས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་ཆོས་གང་དག་ལ་གནས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་བགྱིད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞལ་ཟས་དང་། བཏུང་བ་དང་། ན་བཟའ་དང་། བཅིབས་པ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། གཟིམས་ཆ་དང་། གདན་དང་། མར་མེ་དང་། མིའི་ཕུན་ སུམ་ཚོགས་པ་དག་གིས་བསྙེན་བཀུར་བགྱིད་ལ་དེའི་དེ་དག་ཀྱང་རྒྱུན་ཆད་པར་མི་འགྱུར་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ཀྱི་བར་དང་། ཉན་ཐོས་རྣམས་ལ་རྣམ་པར་སྨིན་པར་བགྱིས་ཀྱང་བས་པར་མི་འགྱུར་བའི་རྣམ་པར་ སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་ཚུལ་ཁྲིམས་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བཟོད་པ་ཡང་ག་ལ་ མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བརྩོན་འགྲུས་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་ཏིང་ངེ་འཛིན་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་ཤེས་རབ་ཀྱང་ག་ལ་མཆིས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་གི་ཕྱིར་དམིགས་སུ་མེད་པ་དེ་ཉིད་ཀྱི་ཕྱིར། ས་དང་པོ་ནས་ས་བཅུ་པའི་བར་དག་ཡོད་དོ། །དེ་ཉིད་ཀྱི་ཕྱིར་དགེ་བའི་རྩ་བ་གང་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནས་ཡོངས་སུ་མྱ་ངན་ 36-1-49b ལས་འདས་པའི་བར་དུ་ཡང་མཆོད་པ་འབྱུང་བའི་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་ཡོད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ ཡོད་དོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་དགེ་བའི་རྩ་བ་དག་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དམིགས་སུ་མ་མཆིས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། མངོན་པར་ཤེས་པ་རྣམས་ལ་བྱེ་བྲག་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དམིགས་སུ་མེད་པའི་སྦྱིན་པ་དང་། མངོན་པར་ཤེས་པ་རྣམས་ཀྱི་བར་ལ་ནི་ཐ་དད་དུ་བྱ་བ་ཅི་ཡང་མེད་དོ། །རབ་འབྱོར་གོས་པ་མེད་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། མངོན་པར་ཤེས་པ་དེ་དག་ནི་ཐ་དད་དུ་བྱ་བར་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་གོས་པ་མ་མཆིས་པའི་སྦྱིན་པ་ནས་མངོན་པར་ཤེས་པའི་བར་དུ་ཇི་ལྟར་ཐ་དད་དུ་ བགྱི་བར་བསྟན། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྦྱིན་པར་བྱ་བ་ཡང་མི་དམིགས། ལེན་པ་པོ་ཡང་མི་དམིགས། སྦྱིན་པ་པོ་ཡང་མི་དམིགས། སྦྱིན་པ་ཡང་མི་དམིགས་པར་སྦྱིན་པ་སྦྱིན་པར་བྱེད་དོ། །ཚུལ་ཁྲིམས་མི་དམིགས་པར་ཚུལ་ཁྲིམས་སྲུང་བར་བྱེད་དོ། །བཟོད་པ་མི་དམིགས་པར་བཟོད་པ་བསྐྱེད་པར་བྱེད་དོ། །བརྩོན་འགྲུས་མི་དམིགས་པར་བརྩོན་འགྲུས་རྩོམ་པར་བྱེད་དོ། ། ཏིང་ངེ་འཛིན་མི་དམིགས་པར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད་དོ། ཤེས་རབ་མི་དམིགས་པར་ཤེས་རབ་བསྒོམ་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་མི་དམིགས་པར་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་ 36-1-50a རྣམས་མི་དམིགས་པར་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སྒོམ་པར་བྱེད་དོ། །ཏིང་ངེ་འཛིན་གསུམ་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་བར་དུ་མི་དམིགས་པར་སྒོམ་པར་བྱེད་དོ། །སེམས་ཅན་མི་དམིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་མི་དམིགས་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་མི་དམིགས་པར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དམིགས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཇི་ལྟར་སེམས་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་ པར་བགྱིད། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་ དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཇི་ལྟར་ཡོངས་སུ་འཛིན་པར་བགྱིད། རྣམ་པར་ཐར་པའི་སྒོ་གསུམ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་ཇི་ལྟར་ཡོངས་སུ་འཛིན་པར་བགྱིད། བཀའ་སྩལ་པ། 36-1-50b རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སྦྱིན་པ་གང་སྦྱིན་ཡང་རུང་སྟེ། སྦྱིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་སྟེ། གཞན་དུ་མ་ཡིན་ནོ། །ཚུལ་ཁྲིམས་གང་ སྲུང་བ་དང་། བཟོད་པ་གང་སྒོམ་པ་དང་། བརྩོན་འགྲུས་གང་བརྩོམ་པ་དང་། ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་ཀྱང་རུང་སྟེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་སྟེ། གཞན་དུ་མ་ཡིན་ནོ། །བསམ་གཏན་གང་དག་ ལ་སྙོམས་པར་འཇུག་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་སྟེ། གཞན་དུ་མ་ཡིན་ནོ། །ཚད་མེད་པ་གང་དག་ལ་སྙོམས་པར་འཇུག་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་སྟེ་གཞན་དུ་མ་ཡིན་ནོ། ། གཟུགས་མེད་པའི་སྙོམས་པར་འཇུག་པ་གང་དག་ལ་སྙོམས་པར་འཇུག་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་སྟེ། གཞན་དུ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་གང་དག་སྒོམ་པ་ནས། དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་ བཟང་པོ་བརྒྱད་བཅུའི་བར་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་སྟེ། གཞན་དུ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་ཡོངས་སུ་འཛིན་པ་ལགས། དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དུ་ཇི་ ལྟར་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སྦྱིན་པ་གང་སྦྱིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དེ་ནི་ གཉིས་ཀྱི་འདུ་ཤེས་ཅན་དུ་མི་འགྱུར་རོ། །ཚུལ་ཁྲིམས་གང་སྲུང་བ་དེ་ལ་གཉིས་ཀྱི་འདུ་ཤེས་ཅན་དུ་མི་འགྱུར་རོ། །བཟོད་པ་གང་སྒོམ་པ་དེ་ལ་གཉིས་ཀྱི་འདུ་ཤེས་ཅན་དུ་མི་འགྱུར་རོ། །བརྩོན་འགྲུས་གང་རྩོམ་པ་དེ་ལ་གཉིས་ཀྱི་འདུ་ཤེས་ཅན་དུ་ 36-1-51a མི་འགྱུར་རོ། །ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དེ་ལ་གཉིས་ཀྱི་འདུ་ཤེས་ཅན་དུ་མི་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དུ་མངོན་པར་སྒྲུབ་པ་དེ་ལ་གཉིས་ཀྱི་འདུ་ཤེས་ཅན་དུ་མི་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཇི་ལྟར་སྦྱིན་པ་སྦྱིན་ཡང་དེ་ལ་གཉིས་ཀྱི་འདུ་ཤེས་ཅན་དུ་ཡང་མི་འགྱུར་བ་ལགས། དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་ བཅུའི་བར་དུ་ཡང་མངོན་པར་སྒྲུབ་ལ། དེ་ལ་གཉིས་ཀྱི་འདུ་ཤེས་ཅན་དུའང་མི་འགྱུར་བ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེའི་ནང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ནས། སྦྱིན་པ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ པར་བྱེད་ཅིང་ལམ་གྱི་བར་གྱི་ནང་དེར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདུས་པར་བྱས་ཏེ་ལམ་སྒོམ་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་གང་གི་ཚེ་སྦྱིན་པ་སྦྱིན་ པ་ན་ཟག་པ་མེད་པའི་སེམས་ལ་གནས་ནས་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ཟག་པ་མེད་པའི་སེམས་དེ་ལ་གནས་ཏེ། བདག་གིས་སུ་ཞིག་ལ་སྦྱིན་པར་བྱ། ཅི་ཞིག་སྦྱིན་པར་བྱ། སུ་ཞིག་སྦྱིན་པར་བྱེད་སྙམ་པའི་མཚན་མ་ཡང་ཡང་དག་པར་རྗེས་ སུ་མི་མཐོང་ངོ་། །དེ་མཚན་མ་དང་བྲལ་བའི་སེམས་དང་། ཟག་པ་དང་བྲལ་བ་དང་། སྲེད་པ་དང་བྲལ་བ་དང་། མ་རིག་པ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་དོ། །དེས་སེམས་དེ་འང་མི་མཐོང་ལ། དེས་སྦྱིན་པ་དེ་ཡང་ཡང་དག་པར་ རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། མཚན་མ་དང་བྲལ་བའི་སེམས་ཀྱིས་ 36-1-51b ཚུལ་ཁྲིམས་སྲུང་སྟེ། ཚུལ་ཁྲིམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་དང་བྲལ་བའི་སེམས་ཀྱིས་བཟོད་པ་བསྒོམ་སྟེ། བཟོད་པ་དེ་ཡང་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་དང་བྲལ་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་པར་བྱེད་དེ། བརྩོན་འགྲུས་དེ་ཡང་ཡང་དག་ པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་དང་བྲལ་བའི་སེམས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། སངས་རྒྱས་ཀྱི་ཆོས་ ཐམས་ཅད་ཀྱི་བར་དུ་ཡང་ཡོངས་སུ་རྫོགས་པར་བྱེད་དེ། དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་དང་བྲལ་བའི་སེམས་ཀྱིས་ཤེས་རབ་སྒོམ་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །མཚན་མ་དང་ བྲལ་བའི་སེམས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པར་བྱེད་པ་ནས། དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དུ་མངོན་པར་སྒྲུབ་སྟེ། དེ་བཞིན་དུ་སྦྱར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་མཚན་མ་མ་མཆིས་ཤིང་མངོན་པར་འདུ་བགྱིད་ པ་མ་མཆིས་པའི་ཆོས་རྣམས་ལ་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ལགས། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ལགས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ལགས། 36-1-52a དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་ དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་ པ་སྦྱིན་པར་བྱེད་དེ། ཟས་འདོད་པ་རྣམས་ལ་ནི་ཟས་ནས་མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་པར་བྱེད་དོ། །ནང་གི་ཡན་ལག་དང་ཉིང་ལག་རྣམས་སམ། ཕྱི་རོལ་གྱི་ཆུང་མ་དང་། བུ་དང་བུ་མོ་དང་། རྒྱལ་སྲིད་རྣམས་བརྒྱན་ཅིང་སློང་བ་ རྣམས་ལ་སྦྱིན་པར་བྱེད་དོ། །ལ་ལ་ཞིག་དེར་འོངས་ནས་དེ་ལ་འདི་སྐད་དུ་ཁྱོད་ཀྱི་སྦྱིན་པ་འདི་ལྟ་བུ་བྱིན་ན། འདི་ལྟར་ཕན་པ་མེད་པ་འདིས་ཅི་ཞིག་བྱ་ཞེས་ཟེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་འདི་སྐད་དུ་ཁྱོད་ཀྱི་སྦྱིན་པ་མི་བརྟན་པ་བྱིན་པ་འདིས་ཅི་ཞིག་བྱ་ཞེས་གཤེ་མོད་ཀྱི། འོན་ཀྱང་བདག་གིས་ནི་སྦྱིན་པ་སྦྱིན་པར་བྱའི་བདག་གིས་སྦྱིན་པ་མི་སྦྱིན་པར་མི་བྱའོ་སྙམ་མོ། ། དེས་སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དེས་ཡོངས་སུ་བསྔོ་བ་ན་ཅི་ནས་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟ་བུའི་ ཚུལ་གྱིས་ཡོངས་སུ་བསྔོ་བར་བྱེད་དེ། བདག་གིས་ཅི་ཞིག་སྦྱིན་པར་བྱ། གང་ལ་སྦྱིན་པར་བྱ། སུ་ཞིག་སྦྱིན་པར་བྱེད། གང་དུ་ཡོངས་སུ་བསྔོ་བར་བྱ། ཅི་ཞིག་ཡོངས་སུ་བསྔོ་བར་བྱ་གང་གིས་ཡོངས་སུ་བསྔོ་བར་བྱ་བ་དང་། གང་ཏུ་བྱིན་ནས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དངོས་པོ་དེ་ཡང་དེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ནང་སྟོང་པ་ཉིད་ཀྱིས་སྟོང་པ་དང་། ཕྱི་སྟོང་པ་ཉིད་ཀྱིས་སྟོང་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པ་དང་། སྟོང་པ་ཉིད་ 36-1-52b སྟོང་པ་ཉིད་ཀྱིས་སྟོང་པ་དང་། དེ་བཞིན་དུ་སྦྱར་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་པའི་ཕྱིར་རོ། །དེས་གང་དུ་ཡོངས་སུ་བསྔོ་བར་འགྱུར། ཅི་ཞིག་ཡོངས་སུ་བསྔོ་བར་འགྱུར། གང་གིས་ཡོངས་སུ་བསྔོ་བར་འགྱུར་ཞེས་ དེ་ལྟར་མཐོང་སྟེ། དེ་ལྟར་ཡོངས་སུ་བསྔོས་ན། ལེགས་པར་ཡོངས་སུ་བསྔོས་པ་ཡིན་ཏེ། དེ་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ བཅུ་རྩ་བདུན་གྱི་བར་དག་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་རྫོགས་པར་བྱེད་དེ། རྣམ་པར་སྨིན་པ་ཡང་འཛིན་པར་མི་བྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ནི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་བསམས་པ་ཙམ་གྱིས་གྲུབ་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོ་བྱད་ཐམས་ཅད་ ཀྱང་བསམས་པ་ཙམ་གྱིས་ཡོངས་སུ་རྫོགས་པར་འགྱུར་རོ། །དེས་ཡོ་བྱད་ཕུན་སུམ་ཚོགས་པ་དེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་བསྙེན་བཀུར་བྱེད་ལ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་ཚིམ་པར་བྱེད་དོ། ། དེས་སེམས་ཅན་དེ་དག་སྦྱིན་པས་བསྡུས་ནས་ཐབས་ལ་མཁས་པས་ཐེག་པ་གསུམ་ལ་འགོད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ 36-1-53a ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེས་འཕགས་པ་ཟག་པ་མེད་པ་ལམ་དུ་གཏོགས་པ་ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །དེའི་ཚུལ་ཁྲིམས་ དེ་ཡང་མ་ཉམས་ཤིང་སྐྱོན་མེད་ལ་མ་འདྲེས་པ་དང་། མ་འཆོལ་བ་དང་། དབང་འབྱོར་བ་དང་། ནག་ནོག་མེད་པ་དང་། ཤིན་ཏུ་རྫོགས་པ་དང་། མཁས་པས་བསྔགས་པ་ཡིན་ནོ། །དེ་ཚུལ་ཁྲིམས་དེས་ཆོས་གང་དག་ལའང་མཆོག་ཏུ་འཛིན་ པར་མི་བྱེད་དེ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་འམ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་སམ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། བྲམ་ཟེའི་ རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་བཅུ་རྩ་གསུམ་པ་འམ། འཐབ་བྲལ་བ་འམ། དགའ་ལྡན་ནམ། འཕྲུལ་དགའ་འམ། གཞན་འཕྲུལ་དབང་བྱེད་དམ། ཚངས་རིས་སམ། ཚངས་པའི་མདུན་ན་འདོན་པ་འམ། ཚངས་འཁོར་རམ། འོད་ཆུང་ངམ། ཚད་མེད་འོད་དམ། འོད་གསལ་ལམ། དགེ་ཆུང་ངམ། ཚད་མེད་དགེ་འམ། དགེ་རྒྱས་སམ། འབྲས་བུ་ཆེ་བ་འམ། འདུ་ཤེས་མེད་པའི་སེམས་ཅན་ནམ། མི་ཆེ་བ་འམ། མི་གདུང་བ་འམ། གྱ་ནོམ་སྣང་ངམ། ཤིན་ཏུ་མཐོང་ངམ། འོག་མིན་ནམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དམ། རྣམ་ཤེས་མཐའ་ཡས་ སྐྱེ་མཆེད་དམ། ཅི་ཡང་མེད་པའི་སྐྱེ་མཆེད་དམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ ཉིད་དམ། རང་བྱང་ཆུབ་བམ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དམ། རྒྱལ་སྲིད་ལ་དབང་བྱེད་པ་ལ་ཡང་མཆོག་ཏུ་འཛིན་པར་མི་བྱེད་དེ། གཞན་དུ་ན་སེམས་ཅན་ཐམས་ཅད་དང་མཐུན་མོང་དུ་བྱས་ནས། མཚན་མ་མེད་པ་དང་། 36-1-53b དམིགས་སུ་མེད་པ་དང་། གཉིས་སུ་མེད་པས་འཇིག་རྟེན་གྱི་ཐ་སྙད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་ཀྱིས་དོན་དམ་པར་ནི་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེ་དང་། ཐབས་ལ་མཁས་པ་དེས་བསམ་གཏན་བཞི་རོ་མྱང་བ་མེད་པའི་ཚུལ་གྱིས་བསྐྱེད་པར་བྱེད་དོ། །ལྷའི་མིག་རྣམ་པར་སྨིན་པ་ལས་བྱུང་བ་གང་གིས། ཤར་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་ གཞེས་པ་དེ་དག་མཐོང་ལ། དེའི་མཐོང་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མི་འགྱུར་བ་དང་། ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་ཀྱི་འཇིག་རྟེན་ གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཀྱང་མཐོང་ལ། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་དེའི་མཐོང་བ་དེ་ཆུད་མི་ཟ་བར་འགྱུར་ བའི་ལྷའི་མིག་མངོན་པར་སྒྲུབ་པར་བྱེད་དོ། །ལྷའི་རྣ་བ་རྣམ་པར་དག་པ་མིའི་ལས་འདས་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གསུང་བའི་སྒྲ་ཡང་ཐོས་ཏེ། ཐོས་པ་དེས་ནམ་བདག་དང་གཞན་གྱི་དོན་མ་བྱས་ཀྱི་བར་དུ་ཐོས་པ་དེ་ཆུད་ཟ་བར་མི་འགྱུར་རོ། ། སེམས་ཀྱི་རྣམ་གྲངས་ཤེས་པས་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགོངས་པ་སེམས་ཀྱིས་ཤེས་ཏེ། སེམས་ཀྱི་རྣམ་གྲངས་ཤེས་པ་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པས་ནི་ལས་གང་བྱས་པས་ ལས་དེ་ཆུད་ཟ་བར་མི་འགྱུར་བའི་སྔོན་གྱི་ལས་དེ་སྟོན་པར་བྱེད་དོ། །ཟག་པ་ཟད་པ་ཤེས་པས་ནི་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་པ་བྱེད་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་འགོད་པར་བྱེད། རང་བྱང་ཆུབ་ལ་འགོད་པར་ བྱེད། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་དེ། སེམས་ཅན་རྣམས་དགེ་བའི་ཆོས་གང་དང་གང་ལ་འཇུག་ནུས་པ་དེ་དང་དེ་ལ་འགོད་པར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མ་དང་བྲལ་བའི་སེམས་ཀྱིས་ཚུལ་ཁྲིམས་ 36-1-54a ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་དགུ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་མེད་པ་དང་། རྩོལ་བ་མེད་པ་དང་། དམིགས་སུ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པའི་ཆོས་རྣམས་ལ་ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་ཅན་ཐམས་ཅད་ ལྷགས་ཏེ། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁྲུག་པའི་སེམས་བསྐྱེད་པ་གཅིག་ཙམ་འབྱུང་བའི་སྐབས་ཀྱང་དབྱེ་བར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བཟོད་པ་གཉིས་བསྒོམ་པར་བྱ་སྟེ། གཉིས་གང་ཞེ་ན་སེམས་ཅན་ཐམས་ཅད་ཀྱི་གཤེ་བ་དང་། སྤྱོ་བ་དང་། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་པ་གང་ཡིན་པ་བཟོད་པར་བྱ་བ་དང་། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་བསྐྱེད་པ་གང་ཡིན་ པའོ། །དེ་ལ་སྤྱོས་ཤིང་བརྒྱང་ངམ། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བརྟག་པར་བྱ་སྟེ། བདག་ལ་སུ་ཞིག་གཤེ་ཞིང་རྒྱ་ལ། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་ པར་བྱེད་ཅེས་དེས་ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་རྟོག་པ་ན་ཆོས་རྣམས་ཉིད་ཀྱང་མི་དམིགས་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་ལྟ་ག་ལ་ཡོད། དེ་དེ་ལྟར་ཆོས་ཀྱི་ངོ་བོ་ཉིད་ལ་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ང་ལ་གཅོད་པ་འམ། འབིགས་པ་སུ་ཡོད་སྙམ་མོ། ། དེ་དེ་ལྟར་ཆོས་ཀྱི་ངོ་བོ་ཉིད་ལ་རྟོག་པ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་གང་ཞེ་ན། ཉོན་མོངས་པ་མི་སྐྱེ་བ་ཉིད་དང་། ཤེས་པ་གཅད་དུ་མེད་པ་ཉིད་དོ། །བཟོད་པ་འདི་གཉིས་ལ་གནས་ནས་བསམ་གཏན་ བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། དེ་བཞིན་ 36-1-54b གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་འཕགས་པ་ཟག་པ་མེད་པའི་ཆོས་འཇིག་རྟེན་ལས་འདས་པའི་ ཆོས་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ཐུན་མོང་མ་ཡིན་པ་དེ་དག་ལ་གནས་ནས་འཕགས་པའི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་དེ་དག་ཡོངས་སུ་རྫོགས་པར་བྱས་ནས་མངོན་པར་ཤེས་པ་ དེ་དག་ལ་གནས་ཏེ། ལྷའི་མིག་རྣམ་པར་དག་པས་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ངོ་། །མཐོང་ནས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་ཀྱི་བར་དུ་དེའི་སངས་རྒྱས་རྗེས་སུ་དྲན་པ་རྒྱུན་མི་ཆད་པར་འབྱུང་བར་འགྱུར་རོ། །ཕྱོགས་མཚམས་ཀྱི་བར་དུ་ཡང་དེ་བཞིན་ནོ། །ལྷའི་རྣ་བའི་ཁམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་གསུངས་པ་ དེ་དག་ཐམས་ཅད་འཛིན་པར་བྱེད་དོ། །བཟུང་ནས་ཀྱང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་དེ། སེམས་ཅན་རྣམས་ལ་ཡང་དེ་བཞིན་ཉིད་དུ་ཆོས་སྟོན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱང་སེམས་ཀྱིས་ཤེས་སོ། །དེས་སེམས་ཀྱི་ རྣམ་གྲངས་ཤེས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་སེམས་ཀྱིས་ཤེས་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་ནས་ཀྱང་དེ་བཞིན་ཉིད་དུ་ཆོས་སྟོན་ཏོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པས་ནི་སེམས་ཅན་དེ་དག་གི་དགེ་བའི་ རྩ་བ་ཤེས་ཏེ། སྔོན་གྱི་དགེ་བའི་རྩ་བ་དེས་དགའ་བར་བྱེད་ཅིང་ཡང་དག་པར་འཛིན་དུ་འཇུག་གོ། །ཟག་པ་ཟད་པ་ཤེས་པས་ནི་སེམས་ཅན་དེ་དག་ཐེག་པ་གསུམ་པོ་དག་ལ་འཛུད་པར་བྱེད་འགོད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་ 36-1-55a པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མ་མེད་པ་དང་། རྩོལ་བ་མེད་པ་དང་། དམིགས་སུ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་ཆོས་རྣམས་ལ་ཇི་ལྟར་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ལུས་ཀྱི་བརྩོན་འགྲུས་དང་ཡང་ལྡན་ལ་སེམས་ཀྱི་བརྩོན་འགྲུས་དང་ཡང་ལྡན་ཏེ། དེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་གནས་སོ། །བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་ཏེ་གནས་སོ། །དེ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ནས་རྫུ་འཕྲུལ་བྱ་བ་དུ་མ་དག་ཉམས་སུ་མྱོང་སྟེ། ཉི་མ་དང་ཟླ་བ་གཉིས་ ལ་ཡང་ལག་པས་ཉུག་གོ། །དེ་ལུས་ཀྱི་བརྩོན་འགྲུས་དེ་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་དུ་མ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་གིས་དྲུང་དུ་རྫུ་འཕྲུལ་གྱིས་སོང་ནས་སངས་རྒྱས་བཅོམ་ ལྡན་འདས་དེ་དག་ལ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དོ། །དེའི་གོས་དང་ཞལ་ཟས་དེ་དག་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གོས་དང་། ཟས་ཀྱི་བདེ་བ་དང་ལྡན་པར་བྱེད་དོ། །དེས་ན་ཡོངས་སུ་མྱ་ངན་ལས་འདས་ པའི་སྐུ་གདུང་དག་ལ་ཡང་མཆོད་པ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་ཉིད་ཀྱིས་སོང་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པར་འགྱུར་རོ། །ཅི་ཐོས་པ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 36-1-55b མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམས་ཀྱང་ཆུད་ཟ་བར་མི་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་བྱེད་དོ། །རབ་འབྱོར་དེ་ ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལུས་ཀྱི་བརྩོན་འགྲུས་དང་ལྡན་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་ཀྱི་བརྩོན་འགྲུས་འཕགས་པ་ཟག་པ་མེད་པ་ལམ་དང་ལམ་གྱི་ཡན་ལག་ཏུ་གཏོགས་པ་དང་ལྡན་པས་ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ལུས་ཀྱི་བརྩོན་འགྲུས་དང་ལྡན་པས་ལུས་ཀྱི་ལས་མི་དགེ་བའི་སྐབས་མི་འབྱེད་དོ། །ངག་གི་ལས་མི་དགེ་བའི་སྐབས་མི་འབྱེད་དོ། །རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་ འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཡོད་ཅེས་བྱ་བ་འམ། བདག་མེད་ཅེས་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་མ་བྱས་ཤེས་བྱ་བ་འམ། འདོད་པའི་ཁམས་ཤེས་བྱ་བ་འམ། གཟུགས་ཀྱི་ཁམས་ཤེས་བྱ་བ་འམ། གཟུགས་མེད་པའི་ཁམས་ ཤེས་བྱ་བ་འམ། ཟག་པ་དང་བཅས་པའི་ཁམས་ཤེས་བྱ་བ་འམ། ཟག་པ་མེད་པའི་ཁམས་ཤེས་བྱ་བ་འམ། བསམ་གཏན་དང་པོ་ཤེས་བྱ་བ་འམ། བསམ་གཏན་བཞི་པའི་བར་ཞེས་བྱ་བ་འམ། བྱམས་པ་ཞེས་བྱ་བ་འམ། སྙིང་རྗེ་ཞེས་བྱ་བ་འམ། དགའ་བ་ ཞེས་བྱ་བ་འམ། བཏང་སྙོམས་ཞེས་བྱ་བ་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ཞེས་བྱ་བ་འམ། དྲན་པ་ཉེ་བར་གཞག་པ་རྣམས་ཤེས་བྱ་བ་འམ། ཡང་དག་པར་སྤོང་བ་རྣམས་ ཤེས་བྱ་བ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤེས་བྱ་བ་འམ། དབང་པོ་རྣམས་ཤེས་བྱ་བ་འམ། སྟོབས་རྣམས་ཤེས་བྱ་བ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་བྱ་བ་འམ། སྟོང་པ་ཉིད་ཅེས་བྱ་བ་འམ། 36-1-56a མཚན་མ་མེད་ཅེས་ཞེས་བྱ་བ་འམ། སྨོན་པ་མེད་པ་ཞེས་བྱ་བར་མཆོག་ཏུ་འཛིན་པར་མི་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཡོད་པ་ཞེས་བྱ་བ་འམ། བདག་མེད་པ་ཞེས་བྱ་བར་མཆོག་ཏུ་འཛིན་པར་མི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་འམ། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་འམ། དགྲ་བཅོམ་ པ་ཉིད་ཅེས་བྱ་བ་འམ། རང་བྱང་ཆུབ་ཅེས་བྱ་བ་འམ། དེ་བཞིན་དུ་སྦྱར་ཏེ། རྒྱུན་ཏུ་ཞུགས་པ་ཞེས་བྱ་བ་ནས། རང་སངས་རྒྱས་ཤེས་བྱ་བའི་བར་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་མཆོག་ཏུ་འཛིན་པར་མི་བྱེད་དོ། །སེམས་ཅན་འདི་དག་ནི་མཐོང་ བས་རབ་ཏུ་ཕྱེ་བའོ། །སེམས་ཅན་འདི་དག་ནི་བསྲབས་པས་རབ་ཏུ་ཕྱེ་བའོ། །སེམས་ཅན་འདི་དག་ནི་ཐ་མའི་ཆ་དང་འཐུན་པས་རབ་ཏུ་ཕྱེ་བའོ། །འདི་དག་ནི་གོང་མའི་ཆ་དང་འཐུན་པས་རབ་ཏུ་ཕྱེ་བའོ། །འདི་དག་ནི་རང་སངས་རྒྱས་ཉིད་ཀྱིས་རབ་ཏུ་ཕྱེ་བའོ། ། འདི་དག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་དེ་ལྟར་ཡང་མཆོག་ཏུ་འཛིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངོ་བོ་ཉིད་གང་གིས་རབ་ཏུ་ཕྱེ་བའི་ངོ་བོ་ཉིད་དེ་དག་ལ་མེད་པའི་ཕྱིར་རོ། །དེ་སེམས་ཀྱི་བརྩོན་འགྲུས་དེ་དང་ལྡན་པས་འཆི་ཀར་ཡང་སེམས་ ཅན་རྣམས་ཀྱི་དོན་བྱེད་ལ་སེམས་ཅན་དེ་དག་ཀྱང་མི་དམིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡང་ཡོངས་སུ་ རྫོགས་པར་བྱེད་ལ། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་མི་དམིགས་སོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ་སངས་རྒྱས་ཀྱི་ཞིང་དེ་ཡང་མི་དམིགས་སོ། །དེ་ལུས་དང་སེམས་ཀྱི་བརྩོན་འགྲུས་དེ་དང་ལྡན་པས་དགེ་བའི་ཆོས་ཐམས་ཅད་ཀྱང་ ཡོངས་སུ་འཛིན་ལ་དེ་དག་ལ་ཡང་ཆགས་པར་མི་བྱེད་དེ། དེ་ཆགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འགྲོ་སྟེ། སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། རྫུ་འཕྲུལ་ 36-1-56b གྱི་ཆོ་འཕྲུལ་གང་དང་གང་རྣམ་པར་སྤྲུལ་པར་འདོད་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དང་དེ་རྣམ་པར་སྤྲུལ་པར་བྱེད་དོ། །ཡང་ན་ནི་མེ་ཏོག་གི་ཆར་འབེབས་སོ། །ཡང་ན་ནི་སྤོས་འགྱེད་པར་བྱེད་དོ། །ཡང་ན་ནི་འབྲུག་སྒྲ་སྒྲོགས་པར་བྱེད་དོ། །ཡང་ན་ནི་ གླུ་དབྱངས་སྒྲོགས་པར་བྱེད་དོ། །ཡང་ན་ནི་ས་གཡོ་བར་བྱེད་དོ། །ཡང་ན་ནི་རིན་པོ་ཆེ་སྣ་བདུན་གྱི་ས་གཞི་སྟོན་པར་བྱེད་དོ། །ཡང་ན་ནི་མུན་ནག་གི་སེམས་ཅན་རྣམས་ཀྱི་ཆེད་དུ་བདག་ཉིད་ལས་འོད་འབྱིན་པར་བྱེད་དོ། །ཡང་ན་ནི་སྤོས་གཏོང་བར་བྱེད་དོ། ། ཡང་ན་ནི་སྲོག་གཅོད་པ་མེད་པའི་མཆོད་སྦྱིན་བྱེད་དོ། །ཡང་ན་ནི་སེམས་ཅན་མཐའ་ཡས་པ་ལམ་ལ་འཛུད་པར་བྱེད་དོ། །སྲོག་གཅོད་པ་ལས་ཟློག་པར་བྱེད་པ་ནས། ལོག་པར་ལྟ་བའི་བར་དག་ལས་ཟློག་པར་བྱེད་དོ། །ཁ་ཅིག་ལ་ནི་སྦྱིན་པས་ཕན་འདོགས་ པར་བྱེད་དོ། །ཁ་ཅིག་ལ་ནི་ཚུལ་ཁྲིམས་ཀྱིས་ཕན་འདོགས་པར་བྱེད་དོ། །ཁ་ཅིག་གི་དོན་དུ་ནི་ཡན་ལག་དང་། ཉིང་ལག་ཡོངས་སུ་གཏོང་བར་བྱེད་དོ། །ཁ་ཅིག་ལ་ནི་བུ་དང་ཆུང་མ་ཡོངས་སུ་གཏོང་བར་བྱེད་དོ། །ཁ་ཅིག་ལ་ནི་རྒྱལ་སྲིད། ཁ་ཅིག་གི་དོན་ དུ་ནི་བདག་ཉིད་ཡོངས་སུ་གཏོང་བར་བྱེད་དེ། ཐབས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་བྱར་རུང་བའི་ཐབས་དེ་དང་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཀྱི་བརྩོན་འགྲུས་དང་ལྡན་པས་མིང་མེད་པ་དང་མཚན་མ་མེད་པའི་ཆོས་རྣམས་ལ་གནས་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མིང་མེད་པ་དང་། མཚན་མ་མེད་པའི་ཆོས་རྣམས་ལ་གནས་ནས་ཇི་ལྟར་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། 36-1-57a རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་སོ། །དེ་བྱམས་པ་དང་ལྡན་པའི་ སེམས་དང་། བཏང་སྙོམས་དང་ལྡན་པའི་བར་གྱི་སེམས་ཀྱིས། འཇིག་རྟེན་ཐམས་ཅད་ཀྱི་བར་དུ་ཁྱབ་པར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་བསྒྲུབས་ཏེ་གནས་སོ། །དེ་ཏིང་ངེ་འཛིན་གྱི་ཕ་ རོལ་ཏུ་ཕྱིན་པ་དེ་ལས་རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་། ལུགས་མ་ཡིན་པར་སྙོམས་པར་འཇུག་ཅིང་ལྡང་བར་ཡང་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒྲུབས་ཏེ་ གནས་སོ། །མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒྲུབས་ཏེ་གནས་སོ། །བར་ཆད་མེད་པའི་ཏིང་ངེ་འཛིན་བསྒྲུབས་ཏེ་གནས་སོ། །མངོན་པར་འཕགས་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་ ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྒྲུབས་ཏེ་གནས་སོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་བསྒྲུབས་ཏེ་གནས་སོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་ པ་འདི་ལ་གནས་ནས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ནང་དུ་ཏིང་ངེ་འཛིན་གྱི་ཚོགས་རྣམས་འདུས་པར་བྱས་ནས། དཀར་པོ་རྣམ་པར་མཐོང་བའི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་ དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་སྟེ། སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་ པར་བྱེད་དོ། །དེ་དེ་དག་ལ་སྤྱོད་ཀྱང་བར་མ་དོར་འབྲས་བུ་ཐོབ་པར་མི་འགྱུར་རོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ 36-1-57b ལ་བསྙེན་བཀུར་བྱེད་དོ། །དེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དགེ་བའི་རྩ་བ་བསྐྱེད་དེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་ནས་འཇིག་ རྟེན་གྱི་ཁམས་སུ་འགྲོ་སྟེ། སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དེར་སེམས་ཅན་ཁ་ཅིག་ལ་ནི་སྦྱིན་པས་ཕན་འདོགས་སོ། །ཁ་ཅིག་ལ་ནི་ཚུལ་ཁྲིམས་ཀྱིས། ཁ་ཅིག་ལ་ནི་ཏིང་ངེ་འཛིན་གྱིས། ཁ་ཅིག་ལ་ནི་ཤེས་རབ་ཀྱིས། ཁ་ཅིག་ལ་ནི་ རྣམ་པར་གྲོལ་བས། ཁ་ཅིག་ལ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཕན་འདོགས་སོ། །ཁ་ཅིག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་དོ། །དེ་བཞིན་དུ་སྦྱར་ཏེ། ཁ་ཅིག་ནི་དགྲ་བཅོམ་པ་ཉིད་ཀྱི་བར་ལ་འགོད་དོ། །ཁ་ཅིག་ ནི་རང་བྱང་ཆུབ་ལ་འགོད་དོ། །དགེ་བའི་ཆོས་གང་དང་གང་དག་གིས་སེམས་ཅན་རྣམས་འབོགས་པར་འགྱུར་བ་དེ་དང་དེ་ལ་སྦྱོར་བར་བྱེད་དོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་གཟུངས་ཀྱི་སྒོ་ཐམས་ཅད་སྒྲུབ་པར་བྱེད་ དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་འགྱུར་རོ། །རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་ཀྱང་ཐོབ་པར་འགྱུར་རོ། །དེ་ནམས་ཀྱང་མའི་མངལ་དུ་སྐྱེ་བར་མི་འགྱུར། ནམས་ཀྱང་འདོད་པ་ལ་སྟེན་པར་མི་འགྱུར། དེ་སྐྱེ་བ་གང་ཡང་ཡོངས་སུ་མི་འཛིན་པ་མེད་ལ། སྐྱེ་བའི་སྐྱོན་གྱིས་ཀྱང་གོས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ལེགས་པར་མཐོང་བའི་ཕྱིར་རོ། །དེས་འདུ་བྱེད་ཐམས་ཅད་སྒྱུ་མ་ལྟ་ བུར་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཀྱང་དེ་ལ་སེམས་ཅན་དང་། སེམས་ཅན་དུ་གདགས་པ་འང་མི་དམིགས་སོ། །དེས་ཆོས་ཐམས་ཅད་མི་དམིགས་པས་སེམས་ཅན་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་མི་དམིགས་པ་ཉིད་ལ་ འགོད་པར་བྱེད་དེ། དོན་དམ་པར་ནི་མ་ཡིན་ནོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས། བསམ་གཏན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་སྤྱོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ 36-1-58a ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་ནམས་ཀྱང་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར་རོ། །དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་སྒྲུབ་པར་བྱེད་དེ། དེ་ལ་གནས་ནས་བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་དོ། །བག་ཆགས་དང་མཚམས་སྦྱོར་བ་ཐམས་ཅད་སྤངས་ནས། བདག་དང་གཞན་གྱི་དོན་བྱེད་དོ། །བདག་དང་གཞན་གྱི་དོན་བྱས་པས། ལྷ་དང་མི་དང་། ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མ་མེད་པའི་ཆོས་རྣམས་ལ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་གང་ཡང་ཡོད་པ་ཉིད་དམ། ཡོངས་སུ་གྲུབ་པ་ཉིད་དུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། དེས་གཟུགས་ལ་ཡོད་པ་ཉིད་དམ། ཡོངས་སུ་གྲུབ་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ ཤེས་པའི་བར་ལ་ཡོད་པ་ཉིད་དང་། ཡོངས་སུ་གྲུབ་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་བར་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་གཟུགས་ ཀྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་ལ། རྣམ་པར་ཤེས་པའི་བར་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་མ་མཐོང་བས་གཟུགས་ཀྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་བར་གྱི་སྐྱེ་བའི་སྒོ་ཡང་དག་པར་རྗེས་ སུ་མི་མཐོང་ངོ་། །གཟུགས་ཀྱི་བསགས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་བར་གྱི་བསགས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཐམས་ཅད་ཀྱི་བར་གྱི་ 36-1-58b སྐྱེ་བའི་སྒོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གསོབ་ཉིད་དང་། གསོག་ཉིད་དང་། སྙིང་པོ་མེད་པ་ཉིད་དུ་མཐོང་ངོ་། །དེ་དེ་ལྟར་རྟོག་པ་ན་གཟུགས་ཀྱི་ངོ་བོ་ཉིད་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་ པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་བར་དུ་མི་དམིགས་ཏེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་ཐམས་ཅད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མོས་སོ། །དེ་དེ་ལྟར་མོས་ལ་ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། རང་གི་མཚན་ཉིད་སྟོང་ པ་ཉིད་ཀྱི་བར་ལ་སྤྱོད་ན་ཆོས་གང་ལ་ཡང་ཞེན་པར་མི་འགྱུར་ཏེ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་འམ། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་གྱི་ཆོས་གང་ལ་ཡང་མངོན་པར་ ཞེན་པར་མི་འགྱུར་རོ། །དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་དེ། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་རྣམ་པར་ སྨིན་པའི་ཆོས་བྱང་ཆུབ་སེམས་དཔའི་ལམ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཡོངས་སུ་རྫོགས་ཤིང་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་ཡོངས་སུ་ རྫོགས་པར་གྱུར་ན། སེམས་ཅན་གང་དག་སྦྱིན་པས་བསྡུ་བར་བྱ་བ་དེ་དག་ནི་སྦྱིན་པས་སྡུད་པར་བྱེད་དོ། །གང་དག་ཚུལ་ཁྲིམས་ཀྱིས་བསྡུ་བར་བྱ་བ་དང་། གང་དག་ཏིང་ངེ་འཛིན་གྱིས་བསྡུ་བར་བྱ་བ་དང་། གང་དག་ཤེས་རབ་ཀྱིས་བསྡུ་བར་བྱ་བ་དང་། གང་དག་རྣམ་པར་གྲོལ་བས་བསྡུ་བར་བྱ་བ་དང་། གང་དག་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བས་བསྡུ་བར་བྱ་བ་དེ་དག་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་སྡུད་པར་བྱེད་དོ། །གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་དོ། །གང་ 36-1-59a དག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དང་། གང་དག་ཕྱིར་མི་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དང་། གང་དག་དགྲ་བཅོམ་པ་ཉིད་ལ་དགོད་པར་བྱ་བ་དང་། གང་དག་རང་བྱང་ཆུབ་ལ་དགོད་པར་བྱ་བ་དང་། གང་དག་བྱང་ཆུབ་ ལ་དགོད་པར་བྱ་བ་དེ་དག་ནི་བྱང་ཆུབ་ལ་འགོད་པར་བྱེད་དེ། ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་རྫུ་འཕྲུལ་བྱ་བ་རྣམ་པ་དུ་མ་དག་བྱེད་ཅིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འགྲོ་སྟེ། འདོད་ན་འཇིག་རྟེན་གྱི་ ཁམས་དེ་དག་ཏུ་རིན་པོ་ཆེ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་རིན་པོ་ཆེ་དག་མངོན་པར་སྤྲུལ་ནས་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དེ་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་འཇིག་རྟེན་གྱི་ཁམས་ ནས་འཇིག་རྟེན་གྱི་ཁམས་སུ་འགྲོའོ། །དེས་འཇིག་རྟེན་གྱི་ཁམས་དེ་དག་མཐོང་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པར་བྱེད་དེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་ཅི་འདྲ་བ་དག་དང་། སངས་རྒྱས་ ཀྱི་ཞིང་གཞན་དག་ན་ཡོངས་སུ་ཚོལ་བ་མེད་པ་གང་ཡིན་པ་དེ་ལྟ་བུའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་དག་ཀྱང་དེར་འབྱུང་བར་འགྱུར་རོ། །དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་དང་། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་རྣམས་དང་། རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ལམ་གང་ཡིན་པ་དེས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་ ན། ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གལ་ཏེ་ཇི་ཙམ་དུ་གཟུགས་ཡོངས་སུ་མི་འཛིན་ཅིང་། རྣམ་པར་ཤེས་པའི་བར་དང་། ཆོས་ཐམས་ཅད་ཀྱི་བར་དུ་ཡོངས་སུ་མི་འཛིན་ཏེ། དགེ་བ་འམ། མི་དགེ་བ་འམ། འཇིག་རྟེན་པ་འམ། འཇིག་རྟེན་ལས་འདས་པ་འམ། ཟག་པ་དང་བཅས་པ་འམ། ཟག་པ་མེད་པ་འམ། འདུས་བྱས་སམ། འདུས་མ་བྱས་ཡོངས་སུ་མི་འཛིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་ 36-1-59b རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཡང་དེའི་སངས་རྒྱས་ཀྱི་ཞིང་ན་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་ཐམས་ཅད་ཡོངས་སུ་འཛིན་པ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དམིགས་ སུ་མེད་པའི་ཚུལ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཚན་མ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་མཚན་མ་མེད་པ་དང་། དམིགས་སུ་མེད་པའི་ཆོས་ཉིད་ཀྱི་ལེའུ་ཞེས་བྱ་སྟེ། བདུན་བཅུ་རྩ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཚན་མ་མ་མཆིས་པ་དང་། རྩོལ་བ་མ་མཆིས་པ་དང་། མ་འདྲེས་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་ པར་འགྱུར་ལགས། ཟག་པ་མ་མཆིས་པའི་ཆོས་འདི་དག་ལ་ཇི་ལྟར་ཐ་དད་དུ་བགྱི་བ་གདགས་ལགས། འདི་དག་ལ་ཐ་དད་དུ་དབྱེ་བ་ཇི་ལྟར་མཆིས་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་ལགས། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་ལགས། བཅོམ་ལྡན་འདས་མཚན་ཉིད་མ་མཆིས་པའི་ཆོས་འདི་ལྟར་མཚན་ཉིད་མ་ མཆིས་པར་མཚན་ཉིད་གཅིག་པའི་ཆོས་རྣམས་ལ་ཇི་ལྟར་ཐ་དད་དུ་བགྱི་བ་གདགས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་ 36-1-60a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྨི་ལམ་ལྟ་བུའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ། སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་ རྩོམ་པར་བྱེད། བསམ་གཏན་རྣམས་ལ་སྙོམས་པར་འཇུག་པར་བྱེད། ཤེས་རབ་སྒོམ་པར་བྱེད་དོ། །བྲག་ཆ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ། སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་བསྒོམ་ པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་སྙོམས་པར་འཇུག་པར་བྱེད། ཤེས་རབ་སྒོམ་པར་བྱེད་དོ། །མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་དག་ལ་གནས་ཏེ། སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་བསྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱེད། ཤེས་རབ་སྒོམ་པར་བྱེད་དོ། །ཕུང་པོ་ལྔ་པོ་དེ་དག་ནི་རྨི་ལམ་ལྟ་བུ་སྟེ། མཚན་ ཉིད་མེད་པའོ། །ཕུང་པོ་ལྔ་པོ་དག་ནི་བྲག་ཆ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་སྟེ། མཚན་ཉིད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ལ་ནི་ངོ་བོ་ཉིད་ཅི་ཡང་མེད་ལ། བྲག་ཆ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ལ་ནི་ངོ་བོ་ཉིད་ཅི་ཡང་མེད་པའི་ཕྱིར་རོ། །གང་ལ་ངོ་བོ་ཉིད་མེད་པ་དེ་ལ་ནི་མཚན་ཉིད་མེད་དོ། །གང་ལ་མཚན་ཉིད་མེད་པ་དེ་ལ་ནི་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་གོ། །རབ་འབྱོར་དེ་བས་ ན་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་སྦྱིན་པའི་མཚན་ཉིད་མེད་པ་དང་། སྦྱིན་པ་པོའི་མཚན་ཉིད་མེད་པ་དང་། ལེན་པ་པོའི་མཚན་ཉིད་མེད་པར་དེ་ལྟར་རིག་པར་བྱའོ། །གང་གིས་དེ་ལྟར་ཤེས་ནས་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལྡོག་པར་མི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། 36-1-60b བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལྡོག་པར་མི་འགྱུར་རོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གནས་ནས་བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱེད་ དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་ པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ནང་སྟོང་པ་ཉིད་དང་། དེ་བཞིན་དུ་སྦྱར་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་ འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་ལྔ་ཡོངས་སུ་ རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་ལྔ་བརྒྱ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་ རྫོགས་པར་བྱེད་དོ། །དེ་རྣམ་པར་སྨིན་པ་ལས་བྱུང་བའི་འཕགས་པ་ཟག་པ་མེད་པའི་ཆོས་འདི་དག་ལ་གནས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་རྫུ་འཕྲུལ་གྱིས་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་ བཀུར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོ་ཡང་བྱེད་དོ། །དེར་ལོངས་སྤྱོད་དག་གིས་སེམས་ཅན་རྣམས་ཀྱི་དོན་ཡང་བྱེད་དོ། །དེར་སེམས་ཅན་གང་དག་སྦྱིན་པས་བསྡུ་བར་བྱ་བ་དེ་དག་ནི་སྦྱིན་པས་བསྡུད་པར་བྱེད་དོ། ། གང་དག་ཚུལ་ཁྲིམས་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་ཚུལ་ཁྲིམས་ཀྱིས་སྡུད་པར་བྱེད་དོ། །གང་དག་བཟོད་པས་བསྡུ་བར་བྱ་བ་དེ་དག་ནི་བཟོད་པས་བསྡུད་པར་བྱེད་དོ། །གང་དག་བརྩོན་འགྲུས་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་བརྩོན་འགྲུས་ཀྱིས་ 36-1-61a བསྡུད་པར་བྱེད་དོ། །གང་དག་ཏིང་ངེ་འཛིན་གྱིས་བསྡུ་བར་བྱ་བ་དེ་དག་ནི་ཏིང་ངེ་འཛིན་གྱིས་བསྡུད་པར་བྱེད་དོ། །གང་དག་ཤེས་རབ་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་ཤེས་རབ་ཀྱིས་བསྡུད་པར་བྱེད་དོ། །དགེ་བའི་ཆོས་ཐམས་ཅད་ཀྱིས་བསྡུ་བར་ བྱ་བའི་བར་གང་ཡིན་པ་དེ་དག་ནི་དགེ་བའི་ཆོས་ཐམས་ཅད་ཀྱིས་བསྡུད་པར་བྱེད་དེ། དགེ་བའི་ཆོས་དེ་དག་དང་ལྡན་པས་འཁོར་བ་ཡང་ལེན་པར་བྱེད་ལ། འཁོར་བ་ན་ཡོད་པའི་སྡུག་བསྔལ་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་རོ། །སེམས་ ཅན་རྣམས་ཀྱི་ཆེད་དུ་ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཀྱང་འཛིན་པར་བྱེད་དེ། ཕུན་སུམ་ཚོགས་པ་དེ་དག་གིས་སེམས་ཅན་དེ་དག་ལ་ཕན་འདོགས་པར་བྱེད་དོ། །དེས་མཚན་མ་མེད་པའི་ཆོས་རྣམས་རྟོགས་པས་རྒྱུན་ཏུ་ཞུགས་ པའི་འབྲས་བུ་ཡང་ཤེས་ལ། དེ་ལ་གནས་པར་ཡང་མི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །དགྲ་བཅོམ་པ་ཉིད་ ཀྱང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །རང་བྱང་ཆུབ་ཀྱང་ཤེས་ལ་དེ་ལ་གནས་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཐམས་ཅད་རྟོགས་ནས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་མཚན་ཉིད་མེད་པར་ཤེས་ ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་མཚན་ཉིད་མེད་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ དག་ལ་གནས་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྲག་ཆ་ལྟ་བུ་དང་མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ 36-1-61b ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་རྟོགས་ལ། བྲག་ཆ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཀྱང་རྟོགས་ ནས་མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཉམས་པ་དང་། སྐྱོན་མེད་པ་དང་། མ་འདྲེས་པ་དང་། མ་འཆོལ་བ་དང་། ནག་ནོག་མེད་པ་དང་། དབང་འབྱོར་པ་དང་། མཁས་པས་བསྔགས་པ་དང་། ཤིན་ཏུ་རྫོགས་པ་དང་། འཕགས་པ་ ཟག་པ་མེད་པའི་ལམ་དུ་གཏོགས་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་གནས་ནས་ཡང་དག་པར་བླང་བ། བརྡའ་ཅན་གྱི་ཚུལ་ཁྲིམས་དང་། ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། རྣམ་པར་རིག་བྱེད་ཀྱི་ཚུལ་ ཁྲིམས་དང་། ཡང་དག་པར་སྤྱོད་པའི་ཚུལ་ཁྲིམས་སྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལྟ་བུ་དག་དང་ལྡན་ཡང་འདིས་བདག་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་། སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་འམ། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་ པོ་ལྟ་བུ་དག་དང་། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་འམ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འམ། ཁམས་ཀྱི་རྒྱལ་པོར་གྱུར་ཅིག་ཅེ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་ པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་འམ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སམ། འཐབ་བྲལ་བ་རྣམས་སམ། དགའ་ལྡན་པ་རྣམས་སམ། འཕྲུལ་དགའ་བ་རྣམས་སམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། སྐལ་པ་མཉམ་པར་སྐྱེ་བར་ གྱུར་ཅིག་ཅེ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཅིག་ཅེ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་མཆོག་ཏུ་འཛིན་པར་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་འདི་ལྟ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་པས་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །མཚན་ཉིད་མེད་པའི་ཆོས་ཀྱིས་ནི་མཚན་ཉིད་མེད་པའི་ཆོས་ཐོབ་པར་མི་འགྱུར་རོ། ། 36-1-62a མཚན་ཉིད་ཐ་དད་པའི་ཆོས་ཀྱིས་ཀྱང་མཚན་ཉིད་ཐ་དད་པའི་ཆོས་ཐོབ་པར་མི་འགྱུར་རོ། །མཚན་ཉིད་ཐ་དད་པ་འམ། མཚན་ཉིད་མེད་པའི་ཆོས་རྣམས་ཀྱིས་ཀྱང་མཚན་ཉིད་ཐ་དད་པ་འམ། མཚན་ཉིད་མེད་པའི་ཆོས་རྣམས་ཐོབ་པར་མི་འགྱུར་རོ། ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པར་བྱས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། རྣམ་པར་སྨིན་པ་ལས་བྱུང་ བའི་མངོན་པར་ཤེས་པ་རྣམས་ཐོབ་ལ། གཟུངས་ཀྱི་སྒོ་ལྔ་བརྒྱ་ལ་གནས་ནས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་སྟེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བསྙེན་བཀུར་བྱེད། སེམས་ ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་བྱེད་དོ། །དེ་འཁོར་བའི་འགྲོ་བ་ལྔར་ཡང་འཁོར་ལ་འཁོར་བ་ན་སྤྱོད་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པས་ཀྱང་གོས་པར་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་སྤྲུལ་ པ་ནི་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བར་ཡང་བྱེད་ལ་དེ་ལ་འགྲོ་བ་དང་། འོང་བ་དང་། གནས་པ་དང་། འདུག་པ་དང་། ཉལ་བ་ཡང་མེད་དེ། དེ་ནི་སེམས་ཅན་གྱི་དོན་ཡང་བྱེད་ལ། སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་ དམིགས་སོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ ཚད་མེད་པ་དག་བཏུལ་ནས་ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་ཀྱང་བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ལུང་བསྟན་པ་འགའ་ཡང་མ་མཐོང་ནས། དེས་ཚེའི་འདུ་བྱེད་བོར་ཏེ། སྤྲུལ་པ་ 36-1-62b སྤྲུལ་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རབ་འབྱོར་སྤྲུལ་པ་དེས་ཀྱང་བསྐལ་པ་འདས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། སྤྲུལ་པ་དེ་ལ་ཡང་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའི་དངོས་པོ་ཅི་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཡང་སེམས་ཅན་དང་། སེམས་ཅན་དུ་གདགས་པ་ཡང་མི་དམིགས་ལ། སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡོངས་སུ་རྫོགས་ན་ཆོས་ཐམས་ཅད་ནང་དུ་འདུས་པར་འགྱུར་བ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་ནི་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་དང་། བྲག་ཆ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས་མཚན་ཉིད་མེད་པའི་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་མེད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཡོངས་ སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་རྣམ་པ་གཉིས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། གཉིས་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་སྐབས་དེར་སེམས་ཅན་ཐམས་ཅད་ལྷགས་ནས། སྤྱོས་སམ། བརྒྱང་ངམ། ཚོགས་པར་མི་འབྱུང་བ་འམ། ཚིག་རྩུབ་པོ་བརྗོད་ཀྱང་རུང་། 36-1-63a བོང་བ་དང་། དབྱུག་པ་དང་། མཚོན་གྱིས་བསྣུན་ཀྱང་རུང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་འདོད་པས་སུ་ཞིག་བདག་ལ་སྤྱོ་བར་བྱེད་ཅེ་འམ། རྒྱ་བར་བྱེད་ ཅེ་འམ། ཚོགས་པར་མི་དབྱུང་བ་འམ། ཚིག་རྩུབ་པོ་བརྗོད་པར་བྱེད་ཅེ་འམ། བོང་བ་དང་། དབྱུག་པ་དང་། མཚོན་ཆས་བསྣུན་པར་བྱེད་ཅེས་འཁྲུག་པ་དང་ལྡན་པའི་སེམས་གཅིག་ཙམ་ཡང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མཚན་ཉིད་མེད་པར་བཟོད་ན། དེ་ལ་སུ་ཞིག་བདག་ལ་སྤྱོ་བར་བྱེད་ཅེ་འམ། རྒྱ་བར་བྱེད་ཅེ་འམ། ཚོགས་པར་མི་དབྱུང་བ་འམ། ཚིག་རྩུབ་པོ་བརྗོད་པར་བྱེད་ཅེ་འམ། བོང་བ་དང་། དབྱུག་པ་དང་། མཚོན་ཆས་ བསྣུན་པར་བྱེད་ཅེས་བྱ་བར་འབྱུང་བར་ག་ལ་འགྱུར་ཏེ། དེ་དེ་ལྟར་རྟོག་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དེས་ན་མི་སྐྱེ་བའི་ཆོས་ལ་བཟོད་ པ་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཅི་ཞིག་ལགས། འདིའི་ཚད་ནི་ཇི་ཙམ་ལགས། ཤེས་པ་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཆོས་ཕྲ་རབ་ཙམ་ཡང་སྐྱེ་བ་མེད་པ་དེ་ནི་མི་སྐྱེ་བའི་ཆོས་ཅན་ཞེས་བྱའོ། །དེ་ལ་བཟོད་པ་ གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱ་སྟེ། ཤེས་པ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་ རྣམས་དང་། རང་སངས་རྒྱས་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་གང་ལགས་པའི་བཟོད་པ་འདི་གཉིས་ལ་ཐ་དད་དུ་བགྱི་བ་ཅི་ཞིག་མཆིས་ལགས། 36-1-63b དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ བཟོད་པའོ། །ལན་ཅིག་ཕྱིར་འོང་བའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ཕྱིར་མི་འོང་བའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །དགྲ་བཅོམ་པའི་ཤེས་པ་གང་ཡིན་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །རང་སངས་རྒྱས་ཀྱི་ཤེས་པ་གང་ཡིན་པ་དང་། སྤོང་བ་ གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་སྟེ། རབ་འབྱོར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བཟོད་པ་དང་། བྱང་ཆུབ་སེམས་དཔའི་བཟོད་པ་ཐ་དད་དུ་བྱ་བ་ནི་དེ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི་བཟོད་པ་འདི་ལྟ་བུ་དང་ལྡན་པས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་རྣམ་པར་སྨིན་པ་ལས་བྱུང་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་གནས་ནས་བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཅིང་ ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ཡོངས་སུ་རྫོགས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་བྲལ་བར་མི་འགྱུར་རོ། ། དེ་མངོན་པར་ཤེས་པ་ལྔ་དང་ཡང་བྲལ་བར་མི་འགྱུར་རོ། །དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་དང་མ་བྲལ་བས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །དེས་སེམས་ཅན་རྣམས་ ཀྱང་ཡོངས་སུ་སྨིན་པར་བྱས་ཤིང་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ 36-1-64a དཔའ་ཆེན་པོ་མཚན་ཉིད་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཤིང་སྤྲུལ་པ་ལྟ་བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། མཚན་ཉིད་མེད་པའི་ལུས་དང་སེམས་ཀྱིས་བརྩོན་འགྲུས་རྩོམ་པར་བྱེད་དེ། དེ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ་མངོན་པར་ སྒྲུབ་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ བྱས་ནས། ཐེག་པ་གསུམ་པོ་དག་ལ་འགོད་པར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཚན་ཉིད་མེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བྱེད་དོ། །དེ་སེམས་ཀྱི་བརྩོན་འགྲུས་ཟག་པ་མེད་པའི་ལམ་དང་། ལམ་དུ་རྟོགས་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེར་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་ འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭ་བརྒྱད་དང་། དགེ་བའི་ཆོས་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྤྱོད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དེ་ཡོངས་སུ་རྫོགས་ན་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ 36-1-64b ཅད་སྤོང་བར་འགྱུར་རོ། །དེས་སྤངས་ཤིང་མཚན་ཉིད་མེད་པ་ཡོངས་སུ་གྲུབ་པ། ཡོངས་སུ་རྫོགས་ལ་སྙོམས་པར་འཇུག་པའི་མཐུ་བསྒྲུབས་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་བསྐོར་བ་བསྐོར་བར་འགྱུར་ཏེ། དེ་བསྐོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བར་འགྱུར། རབ་ཏུ་གཡོ་བར་འགྱུར། ཀུན་ཏུ་རབ་ཏུ་གཡོ་བར་འགྱུར། འགུལ་བར་འགྱུར། རབ་ཏུ་འགུལ་བར་འགྱུར། ཀུན་ཏུ་རབ་ཏུ་འགུལ་བར་འགྱུར། ལྡེག་པར་འགྱུར། རབ་ཏུ་ལྡེག་པར་འགྱུར། ཀུན་ཏུ་རབ་ཏུ་ལྡེག་པར་འགྱུར་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་ལས་སྒྲ་སྐད་འབྱུང་བར་འགྱུར་ཏེ། དེས་སྒྲ་ཐོས་པར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གང་དག་འཁོད་པ་དེ་དག་གིས་ཀྱང་སྒྲ་དེ་ཐོས་པར་འགྱུར་ཏེ། དེ་དག་ཐམས་ཅད་ཐེག་པ་གསུམ་པོ་ དག་ལ་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལྟར་གཅེས་སྤྲས་བྱེད་པ་ཡིན་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་པ། རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྤྲུལ་པ་ལྟ་ བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་རྨི་ལམ་ལྟ་བུ་ནས། སྤྲུལ་པ་ལྟ་བུའི་བར་ 36-1-65a གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ ནི། བསམ་གཏན་དང་པོ་བསྒྲུབས་ཏེ་གནས་ནས་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་སོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། འདུ་ཤེས་མེད་འདུ་ཤེས་ མེད་མིན་སྐྱེ་མཆེད་ཀྱི་བར་དུ་བསྒྲུབས་ཏེ་གནས་སོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གློག་ལྟ་བུའི་ཏིང་ངེ་འཛིན་དང་། ཡང་དག་པའི་ཏིང་ངེ་ འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་གཏོགས་པར་ཏིང་ངེ་འཛིན་གང་ཡང་རུང་བ་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏམ། ཏིང་ངེ་འཛིན་གྱི་ཚོགས་གཞན་གང་ཡང་རུང་བ་དེ་དག་ཐམས་ཅད་ལུས་ཀྱིས་ཁྱབ་པར་ བྱས་ནས་བསྒྲུབས་ཏེ་གནས་ལ། ཏིང་ངེ་འཛིན་དེ་དག་དང་། ཏིང་ངེ་འཛིན་གྱི་འབྲས་བུ་ཡང་མྱོང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཏིང་ངེ་འཛིན་གྱི་མཚན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་འདུ་ ཤེས་པའི་ཕྱིར་ཏེ། ཇི་ལྟར་མཚན་ཉིད་མེད་པའི་ཆོས་ཀྱིས་མཚན་ཉིད་མེད་པའི་ཆོས་ཀྱི་རོ་མྱོང་བར་མི་བྱེད་ཅིང་། དངོས་པོ་མེད་པས་དངོས་པོ་མེད་པའི་རོ་མྱོང་བར་མི་བྱེད་དེ། དེ་རོ་མྱོང་བར་མི་བྱེད་པས་ན། ཏིང་ངེ་འཛིན་གང་གི་དབང་གིས་ཀྱང་འདོད་ པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་དེ་དག་མི་དམིགས་ལ་གང་སྙོམས་པར་འཇུག་པ་དང་། ཅིས་སྙོམས་པར་འཇུག་པ་དེ་ ཡང་མི་དམིགས་པའི་ཕྱིར་རོ། །དེས་མི་དམིགས་པས་མཚན་ཉིད་མེད་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ། ། 36-1-65b དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་མཚན་ཉིད་མ་མཆིས་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ བགྱིས་ཤིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནང་སྟོང་པ་ཉིད་ལ་ལེགས་པར་བསླབས་ཤིང་། རང་གི་མཚན་ཉིད་སྟོང་པ་ཉིད་ ཀྱི་བར་དག་ལ་ལེགས་པར་བསླབས་པས་ན། སྟོང་པ་ཉིད་འདི་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་གང་ལ་གནས་པར་བྱ་བའི་ཆོས་གང་ཡང་མི་དམིགས་སོ། །སྟོང་པ་ཉིད་དེ་ཡང་སྟོང་སྟེ། དེ་སྟོང་པ་ཉིད་དེ་དག་གིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ འཇུག་གོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྐྱོན་ནི་གང་ལགས། སྐྱོན་མ་མཆིས་པ་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་དམིགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ཡིན་ནོ། ། དམིགས་པ་མེད་པ་ཐམས་ཅད་ནི་སྐྱོན་མེད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དམིགས་པ་ནི་གང་ལགས། དམིགས་པ་མ་མཆིས་པ་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་དམིགས་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པ་ཡིན་ནོ། །མིང་དང་གཟུགས་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་པ་ནི་སྐྱོན་ཡིན་ནོ། །རབ་འབྱོར་སྐྱོན་མེད་པ་ནི་ 36-1-66a གང་ལ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་འདི་དག་གི་བརྗོད་པ་ཡང་མི་དམིགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ཀྱི་ངོ་བོ་ཉིད་ནི་དམིགས་སུ་མེད་དོ། །གཟུགས་ཀྱི་ངོ་བོ་ཉིད་ གང་ཡིན་པ་དེ་ནི་དངོས་པོ་མེད་ཅིང་བརྗོད་དུ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དངོས་པོ་མེད་དོ། །བརྗོད་དུ་མེད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱོན་མེད་པ་ལ་ཞུགས་ནས། ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་ཡང་བྱེད་ལ། སྙོམས་པར་འཇུག་པའི་དབང་གིས་ཀྱང་སྐྱེ་བར་མི་འགྱུར་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་སྐྱེ་བ་ལྟ་ཅི་སྨོས་ཏེ། དེ་ལ་གནས་ནས་ལས་གང་མངོན་པར་འདུས་བྱས་པས་བསམ་གཏན་བཞི་ལས་གང་ཡང་རུང་བར་སྐྱེ་བར་འགྱུར་བའི་ལས་དེ་མངོན་པར་འདུ་བྱེད་པ་དེ་ནི་གནས་མེད་དོ། །གཞན་དུ་ན་སྒྱུ་མ་ལྟ་ བུའི་ཆོས་རྣམས་ལ་གནས་ནས་སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་ལ། སེམས་ཅན་ཡང་མི་དམིགས། སྒྱུ་མ་ཡང་མི་དམིགས་སོ། །དེས་མི་དམིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་ སུ་འཛིན་པར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། འདི་ལྟ་སྟེ། དམིགས་སུ་མེད་པའི་འཁོར་ལོའི་ཆོས་ཀྱི་འཁོར་ལོའི་བར་དུ་བསྐོར་བར་བྱེད་དོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་ཤིང་། ཆོས་ཐམས་ཅད་བྲག་ཆ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ 36-1-66b ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་འཚལ་ཅིང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ་ཡོངས་སུ་འཚལ་བ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་རྨི་བ་མ་ཡིན། རྨི་ལམ་རྨི་བ་པོ་ཡང་མ་ཡིན་ནོ། །བྲག་ཆ་ཐོས་པ་མ་ཡིན། བྲག་ཆ་ཉན་པ་པོ་ཡང་མ་ཡིན་ནོ། །མིག་ཡོར་མཐོང་བ་མ་ཡིན། མིག་ཡོར་ མཐོང་བ་པོ་ཡང་མ་ཡིན་ནོ། །སྨིག་རྒྱུ་མཐོང་བ་མ་ཡིན། སྨིག་རྒྱུ་མཐོང་བ་པོ་ཡང་མ་ཡིན་ནོ། །སྒྱུ་མ་མཐོང་བ་མ་ཡིན། སྒྱུ་མ་མཐོང་བ་པོ་ཡང་མ་ཡིན་ནོ། །སྤྲུལ་པ་མཐོང་བ་མ་ཡིན། སྤྲུལ་པ་མཐོང་བ་པོ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་དང་བྲག་ཆ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ནི་ཕྱིན་ཅི་ལོག་ཡིན་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་ཡིན་ཏེ། དགྲ་བཅོམ་པ་ནི་རྨི་ལམ་རྨི་བ་མ་ཡིན། རྨི་ལམ་རྨི་བ་པོ་ཡང་མ་ཡིན་ཞིང་། སྤྲུལ་པའི་ བར་དུ་མཐོང་བ་མ་ཡིན་ཞིང་། སྤྲུལ་པ་མཐོང་བ་པོ་ཡང་མ་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཀྱང་རྨི་ལམ་རྨི་བ་མ་ཡིན། རྨི་ལམ་རྨི་བ་པོ་ཡང་མ་ཡིན་ཞིང་། སྤྲུལ་པའི་བར་དུ་མཐོང་བ་མ་ཡིན། སྤྲུལ་པ་མཐོང་བ་པོ་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། མ་སྐྱེས་པ་དང་། ཡོད་པ་མ་ཡིན་པའི་ཕྱིར་ རོ། །དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཡོངས་སུ་མ་གྲུབ་པ་གང་ཡིན་པ་དེ་དག་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དངོས་པོའི་འདུ་ཤེས་ཅན་ནམ། ཡོངས་སུ་གྲུབ་པའི་འདུ་ཤེས་ཅན་དུ་ཇི་ལྟར་ འགྱུར་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་འགའ་ཞིག་ལ་དངོས་པོ་འམ། ཡོངས་སུ་གྲུབ་པ་འམ། ཡོད་པ་ཞིག་ཏུ་གྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ 36-1-67a དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ལ་ཆགས་པ་མེད་ཅིང་རྣམ་པར་ཤེས་པའི་བར་ལ་ཆགས་པ་མེད་དོ། །འདོད་པའི་ཁམས་ལ་ཆགས་པ་མེད་དོ། །གཟུགས་ཀྱི་ཁམས་ལ་ཆགས་པ་མེད་དོ། །གཟུགས་ མེད་པའི་ཁམས་ལ་ཆགས་པ་མེད་དོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་ཆགས་པ་མེད་པ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་བར་ དག་ལ་ཆགས་པ་མེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཆགས་པ་མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ་ཚུལ་ཁྲིམས་དང་། བཟོད་པ་ དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་ཡང་འདུན་པའི་འདོད་ཆགས་མི་བསྐྱེད་དོ། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་དེས་ས་དེ་མ་དམིགས་ན། འདུན་པའི་འདོད་ཆགས་བསྐྱེད་པར་ཇི་ལྟར་འགྱུར། དེ་བཞིན་དུ་ས་བཅུ་པའི་བར་དུ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་ཡང་འདུན་པའི་འདོད་ཆགས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ དེས་ས་དེ་མ་དམིགས་ན། དེ་ལ་འདུན་པའི་འདོད་ཆགས་བསྐྱེད་པར་ཇི་ལྟར་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མི་དམིགས་སོ། །དེ་མི་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་ན། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་ནང་དུ་འདུས་པར་མཐོང་ལ། ཆོས་དེ་དག་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཉིས་སུ་མེད་དེ་གཉིས་སུ་དབྱེར་ མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ལ་ཐ་དད་པ་ཅི་ཡང་མེད་དེ། ཆོས་ཀྱི་དབྱིངས་བསྟན་པ་དང་། དེ་བཞིན་ཉིད་བསྟན་པ་དང་། ཡང་དག་པའི་མཐའ་བསྟན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པའི་ཕྱིར་རོ། ། 36-1-67b གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན། དགེ་བ་དང་། མི་དགེ་བའི་ཆོས་རྣམས་ཇི་ལྟར་བསྟན་ལགས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཇི་ལྟར་བསྟན་ལགས། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་ཆོས་རྣམས་ཇི་ལྟར་བསྟན་ལགས། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཇི་ལྟར་བསྟན་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་ཆོས་རྣམས་ཀྱི་ ཆོས་ཉིད་དེ་ལ། འདུས་བྱས་སམ། འདུས་མ་བྱས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། སངས་རྒྱས་ཀྱི་བྱང་ཆུབ་ ཀྱི་ཆོས་འགའ་ཙམ་གྱི་བརྗོད་པ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བས་ན་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པ་དང་། ཆོས་ཐམས་ཅད་ མཚན་ཉིད་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་དེ་ལྟར་རིག་པར་བྱའོ། །རབ་འབྱོར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གཟུགས་ཤེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་ཤེས་བྱ་བ་འམ། འདུ་བྱེད་རྣམས་ ཤེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འམ། འདུས་བྱས་ཤེས་བྱ་བ་འམ། འདུས་མ་བྱས་ཤེས་བྱ་བའི་བར་རམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བའི་བར་རམ། བྱང་ཆུབ་ཅེས་བྱ་བའི་བར་དུ་ཆོས་འགའ་ཙམ་གྱི་ངོ་བོ་ཉིད་ཀྱང་ མ་དམིགས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པར་བྱའོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཀྱི་ལམ་ཡང་ཡོངས་སུ་རྫོགས་པར་ 36-1-68a བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་འཛིན་པར་བྱེད་དོ། །དེ་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཅི་ནས་ སེམས་ཅན་རྣམས་བཏུལ་ནས་སྲིད་པ་གསུམ་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དེ་ལྟར་འདུལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་མཚན་ཉིད་མེད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་བཅུ་རྩ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། དངོས་པོ་མ་མཆིས་པ་དང་། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་འདི་དག་ནི་དགེ་བའོ། །འདི་དག་ནི་མི་དགེ་བའོ། །འདི་དག་ནི་འཇིག་རྟེན་ པའོ། །འདི་དག་ནི་འཇིག་རྟེན་ལས་འདས་པའོ། །འདི་དག་ནི་ཟག་པ་དང་བཅས་པའོ། །འདི་དག་ནི་ཟག་པ་མ་མཆིས་པའོ། །འདི་དག་ནི་འདུས་བྱས་སོ། །འདི་དག་ནི་འདུས་མ་བྱས་སོ། །འདི་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་ བྱེད་པར་འགྱུར་བའོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བའོ། །འདི་དག་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བའོ། །འདི་དག་ནི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ བའོ། །འདི་དག་ནི་རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་བའོ། །འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའོ་ཞེས་ཇི་ལྟར་གཞག་པར་འགྱུར་ལགས། དེ་བཞིན་དུ་བྲག་ཆ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། དངོས་པོ་མ་མཆིས་པ་དང་། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ 36-1-68b འགྱུར་བར་ཇི་ལྟར་རྣམ་པར་གཞག་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་རྨི་ལམ་ཡང་ དམིགས་སོ། །རྨི་ལམ་རྨི་བ་པོ་ཡང་དམིགས་སོ། །སྤྲུལ་པའི་བར་དུ་ཡང་དམིགས་སོ། །སྤྲུལ་པ་མཐོང་བ་པོ་ཡང་དམིགས་སོ། །དེ་རྨི་ལམ་ཡང་དམིགས་ལ་རྨི་ལམ་རྨི་བ་པོ་ཡང་དམིགས་པ་ནས། སྤྲུལ་པའི་བར་དུ་ཡང་དམིགས་ལ། སྤྲུལ་པ་མཐོང་བ་པོ་ཡང་དམིགས་པས་ལུས་དང་ངག་དང་། ཡིད་ཀྱིས་མི་དགེ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །ལུས་དང་ངག་དང་ཡིད་ཀྱིས་དགེ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །ལུས་དང་ངག་དང་ཡིད་ཀྱིས་ བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཐའ་ལས་འདས་པ་ སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དེ། སྟོང་པ་ཉིད་འདི་གཉིས་ལ་གནས་ནས། སེམས་ཅན་རྣམས་ལ་ཁམས་གསུམ་པ་འདི་ནི་སྟོང་ངོ་ཞེས་ཆོས་སྟོན་པར་བྱེད་དོ། །འདི་ལ་གཟུགས་སམ། ཚོར་བ་འམ། འདུ་ཤེས་ སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་འམ། ཕུང་པོ་རྣམས་སམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་མེད་དོ། །འདི་དག་ནི་རྨི་ལམ་མོ། །འདི་དག་ནི་བྲག་ཆའོ། །འདི་དག་ནི་མིག་ཡོར་རོ། །འདི་དག་ནི་སྨིག་རྒྱུའོ། །འདི་ དག་ནི་སྒྱུ་མའོ། །འདི་དག་ནི་སྤྲུལ་པའོ། །འདི་ལ་ཕུང་པོ་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་མེད་དོ། །འདི་ལ་ནི་རྨི་ལམ་དང་། རྨི་ལམ་རྨི་བ་པོ་དང་། བྲག་ཆ་དང་། བྲག་ཆ་ཐོས་པ་པོ་དང་། མིག་ཡོར་དང་། མིག་ཡོར་ མཐོང་བ་པོ་དང་། སྨིག་རྒྱུ་དང་། སྨིག་རྒྱུ་མཐོང་བ་པོ་དང་། སྒྱུ་མ་དང་། སྒྱུ་མ་མཐོང་བ་པོ་དང་། སྤྲུལ་པ་དང་། སྤྲུལ་པ་མཐོང་བ་པོ་མེད་དེ། ཆོས་འདི་དག་ཐམས་ཅད་ནི་དངོས་པོ་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ན་ཡིན་ན་ཁྱེད་ནི་ཕུང་པོ་ 36-1-69a རྣམས་མེད་པ་ལ་ཕུང་པོར་འདུ་ཤེས་པར་གྱུར། ཁམས་རྣམས་མེད་པ་ལ་ཁམས་སུ་འདུ་ཤེས་པར་གྱུར། སྐྱེ་མཆེད་རྣམས་མེད་པ་ལ་སྐྱེ་མཆེད་དུ་འདུ་ཤེས་པར་གྱུར་ལ། ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་ བ་དང་། ཕྱིན་ཅི་ལོག་ལས་སྐྱེས་པ་དང་། ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་ཟིན་པ་ཡིན་ན། ཁྱེད་ཅིའི་ཕྱིར་དངོས་པོ་མེད་པའི་ཆོས་རྣམས་ལ་དངོས་པོའི་འདུ་ཤེས་བསྐྱེད་ཅེས་སྟོན་པར་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཐབས་ལ་མཁས་པས་སེམས་ཅན་སེར་སྣ་ཅན་གང་ཡིན་པ་དེ་དག་ནི་སེར་སྣ་ལས་བཟློག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་དོ། །དེ་དག་གི་སྦྱིན་པ་ཡོངས་སུ་ གཏོང་བ་དེ་ཡང་ལོངས་སྤྱོད་ཆེན་པོར་འགྱུར་རོ། །དེས་དེ་དག་དེ་ལས་བསྐྱོད་ནས་ཚུལ་ཁྲིམས་ལས་འགོད་པར་བྱེད་དེ། དེ་དག་གི་ཚུལ་ཁྲིམས་ཡང་དག་པར་བླངས་པ་དེ་ཡང་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །དེ་ནས་བསྐྱོད་ནས་ཀྱང་ ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་དེ། དེ་དག་གི་ཏིང་ངེ་འཛིན་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་བསམ་གཏན་གཉིས་པ། བསམ་གཏན་གཉིས་པ་ལས་བསམ་གཏན་གསུམ་པ། བསམ་ གཏན་གསུམ་པ་ལས། བསམ་གཏན་བཞི་པ། བསམ་གཏན་བཞི་པ་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་ མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྦྱོར་བར་བྱེད་དོ། །དེས་སྦྱིན་པ་དང་། སྦྱིན་པའི་འབྲས་བུ་དེ་ལས་ཀྱང་རྣམ་གྲངས་དུ་མས་བསྐྱོད་ནས་ཕུང་པོའི་ལྷག་མ་མེད་ པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འདུལ་བར་བྱེད། འཛུད་པར་བྱེད། འགོད་པར་བྱེད་དོ། །དེས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ལས་ཀྱང་རྣམ་གྲངས་དུ་མས་བསྐྱོད་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ 36-1-69b སུ་འདུལ་བར་བྱེད། འཛུད་པར་བྱེད། འགོད་པར་བྱེད་དོ། །དེས་སྙོམས་པར་འཇུག་པ་དང་། སྙོམས་པར་འཇུག་པའི་འབྲས་བུ་དེ་དག་ལས་ཀྱང་རྣམ་གྲངས་དུ་མས་བསྐྱོད་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འདུལ་ བར་བྱེད། འཛུད་པར་བྱེད། འགོད་པར་བྱེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅྭ་བརྒྱད་དག་ལ་འདུལ་བར་བྱེད། འཛུད་པར་བྱེད། འགོད་པར་བྱེད་དོ། །དེས་ཟག་པ་མེད་པའི་ཆོས། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་དེ་དག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་དོན་དུ་གཉེར་བ་གང་ཡིན་པ་དེ་ དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དོན་དུ་གཉེར་བ་གང་ཡིན་པ་དེ་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འགོད་དོ། །ཕྱིར་མི་འོང་བའི་འབྲས་བུ་དོན་དུ་གཉེར་བ་གང་ཡིན་པ་དེ་དག་ནི་ཕྱིར་མི་འོང་ བའི་འབྲས་བུ་ལ་འགོད་དོ། །དགྲ་བཅོམ་པ་ཉིད་དོན་དུ་གཉེར་བ་གང་ཡིན་པ་དེ་དག་ནི་དགྲ་བཅོམ་པ་ཉིད་ལ་འགོད་དོ། །རང་བྱང་ཆུབ་དོན་དུ་གཉེར་བ་གང་ཡིན་པ་དེ་དག་ནི་རང་བྱང་ཆུབ་ལ་འགོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ དོན་དུ་གཉེར་བ་གང་ཡིན་པ་དེ་དག་ལ་ནི་བྱང་ཆུབ་ཀྱི་ལམ་བརྗོད་པར་བྱེད་དེ། སྟོན་པར་བྱེད། ཡང་དག་པར་གཟེང་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད། འགོད་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་འདི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་དང་། 36-1-70a མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་འདི་དག་ནི་དགེ་བའི་ཆོས་སོ། །འདི་དག་ནི་མི་དགེ་བའི་ཆོས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་ པ་མེད་པའི་ཆོས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་དུ་རྣམ་པར་འཇོག་པར་བགྱིད་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ། ཆོས་རྣམ་པར་འཇོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །རབ་འབྱོར་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཤེས་ན་ནི། དེའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལན་དུ་ཕན་གདགས་པར་སླ་བ་མ་ཡིན་ལ། ཁྱེད་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆོས་དང་ལྡན་པས་ཟིལ་གྱིས་མནན་པར་མི་ནུས་སོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་གང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་མ་མཆིས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རྣམ་པར་སྨིན་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་གནས་ཤིང་མངོན་པར་ཤེས་པ་ལྔ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། གཟུངས་ཀྱི་ 36-1-70b སྒོ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་སྟེ། དེ་དག་ཏུ་སེམས་ཅན་གང་དག་སྦྱིན་པས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་སྦྱིན་པས་ཕན་འདོགས་སོ། །གང་དག་ ཚུལ་ཁྲིམས་ཀྱིས་ཕན་གདགས་པར་བྱ་བ་དང་། གང་དག་བཟོད་པས་ཕན་གདགས་པར་བྱ་བ་དང་། གང་དག་བརྩོན་འགྲུས་ཀྱིས་ཕན་གདགས་པར་བྱ་བ་དང་། །གང་དག་བསམ་གཏན་གྱིས་ཕན་གདགས་པར་བྱ་བ་དང་། གང་དག་ཤེས་ རབ་ཀྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་ཤེས་རབ་ཀྱིས་ཕན་འདོགས་སོ། །གང་དག་བསམ་གཏན་དང་པོས་ཕན་གདགས་པར་བྱ་བ་དང་། གང་དག་བསམ་གཏན་གཉིས་པས་ཕན་གདགས་པར་བྱ་བ་དང་། གང་དག་བསམ་གཏན་ གསུམ་པས་ཕན་གདགས་པར་བྱ་བ་དང་། གང་དག་བསམ་གཏན་བཞི་པས་ཕན་གདགས་པར་བྱ་བ་དང་། གང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་གདགས་པར་བྱ་བ་དང་། གང་དག་འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་གྱིས་ཕན་གདགས་པར་བྱ་བ་དེ་དག་ལ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པས་ཕན་འདོགས་སོ། །གང་དག་བྱམས་པས་ཕན་གདགས་པར་བྱ་བ་ དེ་དག་ལ་ནི་བྱམས་པས་ཕན་འདོགས་སོ། །གང་དག་སྙིང་རྗེས་ཕན་གདགས་པར་བྱ་བ་དང་། གང་དག་དགའ་བས་ཕན་གདགས་པར་བྱ་བ་དང་། གང་དག་བཏང་སྙོམས་ཀྱིས་ཕན་གདགས་པར་བྱ་བ་དང་། གང་དག་དྲན་པ་ཉེ་བར་གཞག་པ་ བཞིས་ཕན་གདགས་པར་བྱ་བ་དང་། གང་དག་ཡང་དག་པར་སྤོང་བ་བཞིས་ཕན་གདགས་པར་བྱ་བ་དང་། གང་དག་རྫུ་འཕྲུལ་གྱི་རྐང་པ་བཞིས་ཕན་གདགས་པར་བྱ་བ་དང་། གང་དག་དབང་པོ་ལྔས་ཕན་གདགས་པར་བྱ་བ་དང་། གང་དག་ སྟོབས་ལྔས་ཕན་གདགས་པར་བྱ་བ་དང་། གང་དག་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ཕན་གདགས་པར་བྱ་བ་དང་། གང་དག་འཕགས་པའི་ལམ་ཡན་ལག་བརྒྱད་པས་ཕན་གདགས་པར་བྱ་བ་དང་། གང་དག་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ 36-1-71a ཕན་གདགས་པར་བྱ་བ་དང་། གང་དག་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ཕན་གདགས་པར་བྱ་བ་དང་། གང་དག་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ཕན་གདགས་པར་བྱ་བ་དེ་དག་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ཕན་འདོགས་ སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་སྦྱིན་པས་སེམས་ཅན་རྣམས་ལ་ཕན་འདོགས་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སྦྱིན་པ་སྦྱིན་པར་བྱེད་དེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཞོན་པ་དང་མེ་ཏོག་ཕྲེང་དང་། བྱུག་པ་དང་སྤོས་དང་། གོས་དང་། མལ་ཆ་དང་། སྟན་དང་། མིའི་ཡོ་བྱད་ཅི་ཡང་རུང་བའི་བར་དུ་སྦྱིན་པར་བྱེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཇི་ལྟར་འབུལ་བ་དེ་བཞིན་དུ། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་ རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཡང་དེ་བཞིན་ནོ། །མིར་གྱུར་པ་རྣམས་ལ་ཡང་ དེ་བཞིན་ནོ། །དུད་འགྲོའི་སྐྱེ་གནས་པ་རྣམས་ལ་ཡང་དེ་བཞིན་ཏེ། ཐམས་ཅད་ལ་ཡང་ཐ་དད་དུ་དབྱེ་བ་མེད་པར་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཐ་དད་པ་མེད་པར་རྟོགས་པའི་ཕྱིར་ཐ་དད་པ་ མེད་པར་སྦྱིན་པ་སྦྱིན་པར་བྱེད་དོ། །ཐ་དད་པ་མེད་པར་སྦྱིན་པ་བྱིན་པས་ཐ་དད་པ་མེད་པའི་ཆོས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དུད་འགྲོའི་ སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་མཐོང་ན། འདི་སྙམ་དུ་བདག་གི་སྦྱིན་གནས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་གྱི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། བྱང་ཆུབ་སེམས་དཔའི་ཆོས་མ་ 36-1-71b ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལ་སེམས་ཅན་འདི་དག་ལ་ནི་བདག་གིས་སྦྱིན་ པས་ཕན་གདགས་པར་བྱའོ། །འདི་དག་ལ་ནི་ཕན་གདགས་པར་མི་བྱའོ་ཞེས་བྱ་བ་མེད་པའི་ཕྱིར་རོ། །སྦྱིན་པས་ཕན་བཏགས་པ་དེ་དག་ཀྱང་། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་འགྱུར། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་ པོ་ལྟ་བུ་དག་དང་། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་འགྱུར་ཏེ། སྦྱིན་པས་ཕན་བཏགས་པ་དེ་ཉིད་ཀྱིས་དེ་དག་ཐེག་པ་གསུམ་པོ་དག་གིས་རིམ་གྱིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ སུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྐྱེ་བོ་མང་པོས་གསད་པར་གསོལ་བ་བཏབ་ན། དེས་འཁྲུག་པ་མེད་པའི་སེམས་ཀྱིས་སྐྱེ་བོ་མང་པོ་དེ་དག་ལ་ངེས་པར་སྦྱིན་ པར་བྱའི་སྦྱིན་ནམ་མི་སྦྱིན་སྙམ་པའི་སེམས་གཞན་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བོ་མང་པོ་དེ་དག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་རྟོག་ པར་བྱེད་ན་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། སློབ་པ་རྣམས་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ ཀྱང་ཁྱོད་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་། གནས་དང་། མགོན་དང་། དཔུང་གཉེན་བྱ་བར་སུས་མ་ལོངས་ཤེས་སྨད་པར་འགྱུར་རོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མིར་གྱུར་པ་རྣམས་སམ། མི་མ་ཡིན་པར་གྱུར་པ་རྣམས་ཀྱིས་ཡན་ལག་དང་ཉིང་ལག་རྣམས་བསླངས་ན་སྦྱིན་ནམ་མི་སྦྱིན་སྙམ་པའི་སེམས་གཅིག་ཤོས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་ 36-1-72a སེམས་དཔའ་སེམས་དཔའ་ཆེན་པོས་ངས་ལུས་འདིས་སེམས་ཅན་རྣམས་ཀྱི་དོན་བྱའོ་སྙམ་སྟེ། སེམས་ཅན་རྣམས་ཀྱི་དོན་དུ་བསམས་བཞིན་དུ་ལུས་ཡོངས་སུ་བཟུང་བའི་ཕྱིར་ཏེ། དེས་འདི་ལྟར་གང་དག་གི་ཕྱིར་བདག་གིས་ ལུས་བླངས་པ་དེ་དག་གིས་མ་བསླངས་བཞིན་དུ་ཁྱེར་ཏེ། འགྲོ་འདོད་ཅིག་ཅེས་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སློང་བ་མཐོང་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་མི་དམིགས་ན་སུ་ཞིག་སྦྱིན་པར་བྱེད། སུ་ལ་སྦྱིན་པར་བྱེད། ཅི་ཞིག་སྦྱིན་པར་བྱེད་ཅེས་དེ་ལྟར་སེམས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། འདི་ལྟར་ཆོས་དེ་དག་ནི་ཤིན་ཏུ་སྟོང་པའི་ཕྱིར་ཏེ། སྟོང་པ་ཉིད་ནི་སུ་ལ་ཡང་སྦྱིན་པར་མི་བྱེད། ལེན་པར་ཡང་མི་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ནས་དེ་བཞིན་དུ་སྦྱར་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དག་ལ་དེ་ལྟར་བསླབ་པར་བྱའོ། །དེ་སྟོང་པ་ཉིད་དེ་དག་ལ་གནས་ནས་སྦྱིན་པ་སྦྱིན་པར་བྱེད་པས་དེའི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་རྟག་ཏུ་རྒྱུན་མི་འཆད་པར་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ནང་དང་ཕྱིའི་ཆོས་རྣམས་བཅད་ཅིང་གཏུབས་ཀྱང་། འདི་སྙམ་དུ་སུ་ཞིག་ང་ལ་གཅོད་ཅིང་གཏུབ་པར་བྱེད་སྙམ་དུ་མི་སེམས་སོ། ། རབ་འབྱོར་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་བལྟས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བསམས་བཞིན་དུ་སེམས་ཅན་དམྱལ་བ་ཆེན་པོར་ སོང་སྟེ། སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཞི་བར་བྱས་ནས། ཆོ་འཕྲུལ་རྣམ་པ་གསུམ་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བ་པའི་སེམས་ 36-1-72b ཅན་དེ་དག་ལ་ཆོས་སྟོན་ཏེ། དེ་དག་གིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཞི་བར་བྱས་ནས་ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཆོས་སྟོན་པར་བྱེད་པ་དང་། བྱང་ཆུབ་ སེམས་དཔའ་དེ་དག་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་ཀྱང་ཆོས་སྟོན་པར་བྱེད་པ་དང་། དེ་ནས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་དེ་དག་ལ་ སེམས་དད་པར་གྱུར་ནས་སེམས་ཅན་དམྱལ་བ་དེ་དག་ནས་ཐར་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དེ་དག་ནས་ཐེག་པ་གསུམ་པོ་དག་གི། རིམ་གྱིས་སྡུག་བསྔལ་མཐར་བྱེད་པ་དག་མཐོང་ངོ་། །ལྷོ་དང་། ནུབ་དང་། བྱང་དང་། སྟེང་ དང་། འོག་དང་། ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་སུ་ཡང་དེ་བཞིན་དུ་སྦྱར་ཏོ། །རབ་འབྱོར་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་རྣམ་པར་བལྟས་ན་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ གིས་དད་པ་དྲག་པོས་ཡིད་དུ་མི་འོང་བས་མ་ཡིན་གྱི་ཡིད་དུ་འོང་བ་དང་། མི་དགའ་བས་མ་ཡིན་གྱི་དགའ་བ་དང་མ་གུས་པས་མ་ཡིན་གྱི་གུས་པས་བསྙེན་བཀུར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་དག་བསྟན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་གིས་འཛིན་པར་བྱེད་དོ། །བཟུང་ནས་ཀྱང་འཆང་བར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམས་ཀྱང་ཆུད་གཟོན་པར་མི་བྱེད་པ་དག་མཐོང་ ངོ་། །ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཡང་དེ་བཞིན་ནོ། །རབ་འབྱོར་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་བལྟས་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་ 36-1-73a བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དེ་དག་གི་དོན་དུ་བདག་ཉིད་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དག་གིས་ཡན་ལག་དང་ཉིང་ལག་རྣམས་གཏུབས་ནས། ཕྱོགས་དང་ཕྱོགས་མཚམས་དག་ཏུ་གཏོར་བར་བྱེད། སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གི་ཤ་རྣམས་ཟོས་ནས་བྱང་ ཆུབ་སེམས་དཔའ་དེ་དག་ལ་བྱམས་པ་འཐོབ་པར་འགྱུར་ཏེ། དེ་དག་བྱམས་པ་ཐོབ་པ་དེས་དུད་འགྲོའི་སྐྱེ་གནས་དེ་ནས་ཐར་བར་འགྱུར་ལ། ཐར་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་དེ། དེ་དག་སངས་རྒྱས་ བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཉན་ལ། ཆོས་དེ་དག་མཉན་ནས་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་དོ། །དེ་དག་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་ རྒྱས་ཀྱི་ཐེག་པ་འམ། སངས་རྒྱས་ཀྱི་ཐེག་པས་རིམ་གྱིས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ཅིང་། བསྐྱེད་ནས་ཀྱང་དེ་བཞིན་ཉིད་དུ་སྒྲུབ་ལ་དེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་ཡོངས་སུ་མྱ་ངན་ལས་འདའ་ བར་འགྱུར་བ་དེ་དག་ནི་གཅེས་པྲས་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་བལྟས་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དག་སེམས་ཅན་ཡི་དགས་ཀྱི་ཡུལ་ན་འཁོད་པ་རྣམས་ཀྱི་ཡི་དགས་ཀྱི་སྡུག་བསྔལ་རྣམས་སེལ་བར་བྱེད་དེ། སེར་སྣ་སྤོང་བའི་ཕྱིར་ཡང་ཆོས་སྟོན་ལ། དེ་ནས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བྱམས་པའི་ 36-1-73b སེམས་བསྐྱེད་པར་བྱེད་དེ། དེ་དག་དགེ་བའི་རྩ་བ་དེས་ཡི་དག་ཀྱི་སྐྱེ་གནས་ནས་ཐར་བར་འགྱུར་ཞིང་ཐར་ནས་ཀྱང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ནམས་ཀྱང་སངས་རྒྱས་ བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་བ་དག་མཐོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་གནས་པ་ནི་འདི་ལྟ་སྟེ། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་ དུ་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་བལྟས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་ཆོས་སྟོན་པ་དང་། སུམ་བཅུ་རྩ་ གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཆོས་སྟོན་ཏེ། ལྷའི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ཆོས་ ཐོས་ནས་ཐེག་པ་གསུམ་པོ་དག་གིས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། རབ་འབྱོར་དེ་ན་ལྷའི་བུ་གང་དག་འདོད་པའི་ཡོན་ཏན་ལྔ་རྒྱས་པ་དེ་དག་གིས་ལྷག་ པར་མོས་པ་དེ་དག་གི་གཞལ་མེད་ཁང་འབར་བར་བྱས་ནས་གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཡིན་ན། སུ་ཞིག་འདུ་བྱེད་རྣམས་ལ་ཡིད་སྟོན་ཅིང་འདུག་ཅེས་ཆོས་སྟོན་པ་དག་མཐོང་ངོ་། །རབ་འབྱོར་གཞན་ཡང་འདི་ལ་ངས་སངས་ རྒྱས་ཀྱི་སྤྱན་གྱིས་རྣམ་པར་བལྟས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སུ་དག་བྲམ་ཟེའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་ སྟོང་པ་ལ་ཇི་ལྟར་ལྟ་བ་བསྐྱེད། ཆོས་ཐམས་ཅད་གསོབ་དང་། གསོག་ཡིན་པ་ལ་ཇི་ལྟར་ལྟ་བ་བསྐྱེད་ཅེས་ལྟ་བ་དེ་དག་ལས་འབྱེད་པ་དག་མཐོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་ 36-1-74a གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །རབ་འབྱོར་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་ བལྟས་ན་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པར་བྱེད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་ དང་། དོན་སྤྱོད་པ་དང་། དོན་འཐུན་པས་བསྡུད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྦྱིན་པས་སེམས་ཅན་རྣམས་བསྡུད་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཇི་ལྟར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། སྦྱིན་པ་རྣམ་པ་གཉིས་ཀྱིས་སེམས་ཅན་རྣམས་བསྡུད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པས་ཇི་ལྟར་སེམས་ཅན་རྣམས་བསྡུད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསེར་རམ། དངུལ་ལམ། ནོར་བུ་འམ། མུ་ཏིག་གམ། བཻ་དཱུརྱ་འམ། དུང་ངམ། མན་ཤེལ་ལམ། བྱུ་རུ་འམ། ཟས་སམ། སྐོམ་འམ། གོས་སམ། བཞོན་པ་འམ། མལ་ཆ་འམ། སྟན་ནམ། སྤོས་སམ། མེ་ཏོག་ཕྲེང་ངམ། མར་མེ་འམ། སྐྱེས་པ་འམ། བུད་མེད་དམ། རྟ་འམ། བ་ལང་ངམ། གླང་པོ་ཆེ་འམ། བདག་གི་ཤ་སྦྱིན་པར་བྱེད་པ་ན། འདི་སྐད་དུ་ཀྱེ་མི་དག་ཚུར་ཤེག །ཁྱེད་ཅི་འདོད་པ་བཞིན་ དུ་ཁྱེད་ཉིད་ཀྱི་དང་འདྲ་བར་བསམ་པ་བཟང་པོས་དོགས་པ་མེད་པར་ཁྱེར་ཏེ། དེང་ཤིག་ཅེས་སྒྲ་སྒྲོགས་པར་བྱེད་དོ། །དེས་སྦྱིན་པ་དེ་བྱིན་ནས་སེམས་ཅན་དེ་དག་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱེད། ཆོས་ལ་སྐྱབས་སུ་འགྲོ་བར་བྱེད། དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱེད་དེ། ལ་ལ་དག་ནི་བསླབ་པའི་གཞི་ལྔ་འཛིན་དུ་འཇུག་གོ། །ལ་ལ་དག་ནི་གསོ་སྦྱོང་གི་ཡན་ལག་བརྒྱད་ཡང་དག་པར་འཛིན་དུ་འཇུག་གོ། །ལ་ལ་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་བྱེད་དོ། ། 36-1-74b ལ་ལ་དག་ནི་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་དུ་འཛིན་དུ་འཇུག་གོ། །ལ་ལ་དག་ནི་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཡང་དག་པར་འཛིན་ དུ་འཇུག་གོ། །ལ་ལ་དག་ནི་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། ལ་ལ་དག་ནི་ ལུས་ལ་སོ་སོར་རྟོག་པ་མི་སྡུག་པའི་འདུ་ཤེས་ལ་སོགས་པ་ལ་སྦྱོར་རོ། །ལ་ལ་དག་ནི་རྣམ་པར་དག་པ་ལ། ལ་ལ་དག་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ། ལ་ལ་དག་ནི་ཡང་དག་པར་སྤོང་བ་བཞི་ལ། ལ་ལ་དག་ནི་རྫུ་འཕྲུལ་གྱི་རྐང་ པ་བཞི་ལ། ལ་ལ་དག་ནི་དབང་པོ་ལྔ་ལ། ལ་ལ་དག་ནི་སྟོབས་ལྔ་ལ། ལ་ལ་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ། ལ་ལ་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ། ལ་ལ་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ། ལ་ལ་དག་ནི་རྣམ་པར་ཐར་པ་བརྒྱད་ལ། ལ་ལ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ། ལ་ལ་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ། ལ་ལ་དག་ནི་བྱམས་པ་ཆེན་པོ་ལ། ལ་ལ་དག་ནི་སྙིང་རྗེ་ཆེན་པོ་ལ། ལ་ལ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ། ལ་ལ་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ལ། ལ་ལ་དག་ནི་དཔེ་བྱད་བཟང་པོ་བརྒྱད་བཅུ་ལ། ལ་ལ་དག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ། ལ་ལ་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ། ལ་ལ་དག་ནི་ཕྱིར་མི་འོང་བའི་འབྲས་བུ་ལ། ལ་ལ་དག་ནི་དགྲ་བཅོམ་པ་ཉིད་ལ། ལ་ལ་དག་ནི་རང་བྱང་ཆུབ་ལ། ལ་ལ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་བར་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་ 36-1-75a དང་ལྡན་པས་ཟང་ཟིང་གི་སྦྱིན་པ་བྱིན་ནས་གྲུབ་པ་དང་། བདེ་བ་རྒྱ་ཆེན་པོ་ལ་འགོད་པར་བྱེད་དེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པས་ཇི་ལྟར་ཕན་འདོགས་ཤེ་ན། རབ་འབྱོར་ཆོས་ཀྱི་སྦྱིན་པ་ནི་འདི་གཉིས་ཏེ། གཉིས་གང་ཞེ་ན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། །རབ་འབྱོར་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་གང་ཞེ་ན། འཇིག་རྟེན་པའི་ཆོས་རྣམས་བརྗོད་པ་དང་། བསྟན་པ་དང་། བཤད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། མི་སྡུག་པ་བསྟན་པའི་ལེའུ་ལས་འབྱུང་བ་དང་། བསམ་གཏན་བཞི་དང་། ཚངས་པའི་གནས་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་དག་དང་། སོ་སོའི་སྐྱེ་བོ་དང་ཐུན་མོང་བའི་འཇིག་རྟེན་གྱི་ཆོས་གང་ཡང་རུང་བ་རྣམས་ཏེ། འདི་ནི་འཇིག་རྟེན་པའི་ཆོས་ཀྱི་ སྦྱིན་པ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འཇིག་རྟེན་གྱི་ཆོས་ཀྱི་སྦྱིན་པ་འདི་བྱིན་ནས། རྣམ་གྲངས་དུ་མས་ཡང་དག་པར་བླངས་པ་དེ་ལས་འབྱེད་པར་བྱེད་དོ། །དེས་ཕྱི་ནས་ཐབས་ལ་མཁས་པས་ འཕགས་པའི་ཆོས་རྣམས་དང་། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ལ་འགོད་པར་བྱེད་དོ། །འཕགས་པའི་ཆོས་རྣམས་དང་། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན། རབ་འབྱོར་འཕགས་པའི་ཆོས་རྣམས་ཤེས་བྱ་བ་ནི་ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་ཡིན་ནོ། །འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དག་ཡིན་ནོ། །རབ་འབྱོར་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པ་ནས་དགྲ་བཅོམ་པ་ཉིད་ཤེས་པའི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཤེས་པའི་བར་དང་། 36-1-75b དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པའི་བར་དང་། བྱམས་པ་ཆེན་པོ་ཤེས་པ་དང་། སྙིང་རྗེ་ཆེན་པོ་ཤེས་པ་དང་། དགའ་བ་ཆེན་པོ་ཤེས་པ་དང་། བཏང་སྙོམས་ཆེན་པོ་ཤེས་པའི་བར་དང་། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་ཡེ་ཤེས་མ་གཏོགས་པར་གང་དག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཏེ། འདི་དག་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཤེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ ཅད་སྤོང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པར་ཐ་དད་དུ་བགྱི་བ་ཅི་མཆིས། བཀའ་སྩལ་པ། ཐ་དད་དུ་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ཡིན་ལ། དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཐོབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་གནས་ནས་ཆོས་ཐམས་ ཅད་ཐ་དད་དུ་དབྱེར་མེད་པ་ཐོབ་པ་ལ་བྱང་ཆུབ་སེམས་དཔའི་སེམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐ་དད་པར་དམིགས་པ་མེད་པའི་ཕྱིར་རོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་ 36-1-76a དཔའ་ཆེན་པོའི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་ཡིན་ཏེ། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་འབྱུང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་ལ་བཙུད་ནས་ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གྱི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ སྦྱིན་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། ཐུན་མོང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། མངོན་པར་ཤེས་པ་དྲུག་དང་། ཤིན་ཏུ་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་ འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བསྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཀྱི་སྒྲིབ་པ་སྤངས་པ་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཏེ། དེ་དག་ནི་འཇིག་རྟེན་པ་མ་ཡིན་པ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །རབ་འབྱོར་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་ 36-1-76b སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་། རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ཕྱིའི་ལུས་ ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་། རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས་། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང་། ལུས་ལ་ འབྱུང་བར་རྗེས་སུ་ལྟ་ཞིང་གནས་པ་དང་། ལུས་ལ་འཇིག་པར་རྗེས་སུ་ལྟ་ཞིང་གནས་པ་དང་། ལུས་ལ་ཀུན་འབྱུང་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་གནས་པ་དང་། ལུས་ལ་མི་གནས་པར་གནས་ཤིང་འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་ པ་མེད་པ་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རབ་འབྱོར་ཡང་དག་པའི་སྤོང་བ་རྣམས་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར། འདུན་པ་བསྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པའོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་དང་། བརྩོན་འགྲུས་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །རབ་འབྱོར་དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་ པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་དག་ནི་དབང་པོ་ལྔ་ཞེས་བྱའོ། །རབ་འབྱོར་སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། 36-1-77a དེ་དག་ནི་སྟོབས་ལྔ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དེ་དག་ནི་བྱང་ཆུབ་ ཀྱི་ཡན་ལག་བདུན་ཞེས་བྱའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །རབ་འབྱོར་དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང་། དབེན་པའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་ བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཞི་བའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་ རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པས་སེམས་རྩེ་གཅིག་པ་གང་ཡིན་པ་སྟེ། དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རབ་འབྱོར་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། ། 36-1-77b དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པའི་བར་དག་སྟེ། དེ་དག་ནི་རྣམ་པར་ཐར་པ་བརྒྱད་ཅེས་བྱའོ། །རབ་འབྱོར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདི་ལ་ཁ་གཅིག་འདོད་པ་དག་ ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་བསམ་གཏན་གཉིས་ པ་དང་། གསུམ་པ་དང་། བཞི་པའི་བར་དག་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཏེ་གནས་པ་དང་། རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་བསྒྲུབས་ནས་གནས་པ་སྟེ། དེ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །དེ་ལ་ཟད་པར་གྱི་སྐྱེ་མཆེད་བཅུ་གང་ཞེ་ན། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་རྣམ་པར་ཤེས་པ་དང་། ཟད་པར་ནམ་མཁའ་སྟེ། དེ་དག་ནི་ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱའོ། །དེ་ལ་ཟིལ་གྱིས་གནོན་ པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུ་འདུ་ཤེས་པར་ 36-1-78a འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོར་གྱུར་པ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་ སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་ར་ནཱ་སེའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་ མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་དོང་ཀའི་མེ་ཏོག་གམ། ཡུལ་བཱ་ར་ནཱ་སེའི་རས་ཕུན་སུམ་ཚོགས་པ་སེར་པོ། ཁ་དོག་ སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་བན་དུ་ཛི་བའི་མེ་ཏོག་ དང་། ཡུལ་བཱ་ར་ནཱ་སེའི་རས་ཕུན་སུམ་ཚོགས་པ་དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་ 36-1-78b དམར་པོ། ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱི་མདོག་ལྟར་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་ པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་ ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པ་སྟེ། དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཅེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་གཅིག་པ། དེ་ལ་ཉོན་མོངས་པ་མེད་པ་གང་ཞེ་ན། བསམ་གཏན་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་པ། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་ཉོན་མོངས་པ་མི་སྐྱེ་བར་ཏིང་ངེ་འཛིན་གང་གིས་ འགྲུབ་པ་དེ་ནི་ཉོན་མོངས་པ་མེད་པ་ཞེས་བྱའོ། །དེ་ལ་སྨོན་ནས་ཤེས་པ་གང་ཞེ་ན། བསམ་གཏན་ལ་གནས་ཏེ་འདི་ཤེས་པར་བྱའོ་སྙམ་ནས་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་ཤེས་པ་འམ། ཤེས་བྱ་གང་དང་གང་ཤེས་པར་འདོད་ 36-1-79a པར་གྱུར་པ་དེ་ལ་ཡིད་ཀྱིས་སྨོན་པར་བྱེད་ཅིང་ཏིང་ངེ་འཛིན་དེ་ལས་ལངས་ནས་དེའི་སྨོན་ལམ་དེ་འགྲུབ་ཅིང་། ཤེས་བྱ་དེ་ཡང་ཤེས་པ་དེ་ནི་སྨོན་ནས་ཤེས་པ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་སྟེ་དྲུག་པོ་དེ་དག་གོ། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། གནས་ཡོངས་སུ་དག་པ་དང་། དམིགས་པ་ཡོངས་སུ་དག་པ་དང་། ཐུགས་ཡོངས་སུ་དག་པ་དང་། མཁྱེན་པ་ཡོངས་སུ་དག་ པ་སྟེ། བཞི་པོ་དེ་དག་གོ། །དེ་ལ་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་སྟེ་བཅུ་པོ་དེ་དག་གོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅིང་། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ཡང་དག་པར་བླངས་པ་རྣམས་ཀྱི་རྣམ་པར་སྨིན་པ་གནས་ ཀྱི་རྣམ་པ་དང་། རྒྱུའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དང་། འཇིག་རྟེན་གནས་པ་ཁམས་དུ་མ་པ་དང་། ཁམས་སྣ་ཚོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དང་། སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་འདུན་པ་དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དང་། སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པའི་ཤེས་པ་ 36-1-79b ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དང་། ཀུན་ཏུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་ པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་དང་། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་སྟེ། དེས་ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་པ་ནས། སྔོན་གྱི་གནས་རྣམ་པ་དུ་མའི་བར་དག་ཀྱང་ རྣམ་པ་དང་བཅས་ཡུལ་ཕྱོགས་དང་བཅས་པར་རྗེས་སུ་དྲན་པ་དང་། ལྷའི་མིག་རྣམ་པར་དག་པ་མིའི་ལས་ཤིན་ཏུ་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དག་ཀྱང་གཟིགས་ཏེ་སེམས་ཅན་གང་དག་གི་ལུས་དང་། ངག་དང་། ཡིད་གྱིས་ ཉེས་པར་སྤྱོད་པ་དང་ལྡན་པ། ལོག་པར་ལྟ་བ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དག་རྒྱུ་དེ་དང་རྐྱེན་དེས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྐྱེ་བ་དང་། སེམས་ཅན་གང་དག་ལུས་དང་ངག་དང་ ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡང་དག་པར་ལྟ་བ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་དག་རྒྱུ་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷའི་ནང་དུ་སྐྱེ་བ་དག་ཀྱང་གཟིགས་ལ། དེས་ལྷའི་མིག་རྣམ་པར་དག་པ། མིའི་ལས་ཤིན་ཏུ་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་བཟང་བ་དང་། ཁ་དོག་ངན་པ་དང་། བདེ་འགྲོ་དང་། ངན་འགྲོ་དག་ཏུ་ལུས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་དག་ཀྱང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་པ་དང་། ཟག་པ་རྣམས་ཟད་པ་དང་། ཟག་པ་མེད་ཅིང་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱའོ། ། རབ་འབྱོར་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དམ་བཅས་ན། ཀྱེ་མ་དེ་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། 36-1-80a ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་ བས་བདེ་བ་ཐོབ་ཅིང་བག་ཚ་བ་མེད་པ་ཐོབ་ལ། མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་སྦྱར་ཏེ། ང་ཟག་པ་ཟད་དོ་ཞེས་དམ་བཅས་ན། དེ་ལ་ཁྱོད་ཀྱིས་ཟག་པ་འདི་དག་ མ་ཟད་དོ་ཞེས་ཆོས་དང་འཐུན་པར་བདག་ལ་རྒོལ་བ་མེད་པ་དང་། ངས་གང་དག་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ཆོས་དང་འཐུན་པར་བདག་ལ་རྒོལ་བ་མེད་པ་དང་། ངས་གང་སྡུག་ བསྔལ་ཡང་དག་པར་ཟད་པར་བྱེད་པ། ངེས་པར་འབྱིན་པའི་ལམ་དུ་གསུངས་པ་དེ་བསྟེན་ཀྱང་སྡུག་བསྔལ་ཡང་དག་པར་ཟད་པར་མི་འགྱུར་རོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་ དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པ་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ་ མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུ་ཡང་རུང་ བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བ་སྟེ། དེ་དག་ནི་མི་འཇིགས་པ་བཞི་ཞེས་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། དོན་སོ་སོ་ཡང་དག་ 36-1-80b པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་དག་ཀྱང་གང་ཞེ་ན། དོན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། ངེས་པའི་ཚིག་ལ་ དམིགས་པ་དང་། སྤོབས་པ་ལ་དམིགས་པ་དག་གོ། །རབ་འབྱོར་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་སྐུའི་སྤྱོད་པ་ཡོངས་སུ་དག་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་དག་པ་མི་ མངའ་བས་གཞན་དག་གིས་མ་ཤེས་ན་ཅི་མ་རུང་ཞེས་གང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི་བསྲུང་བ་མེད་པ་དང་པོའོ། །དེ་བཞིན་གཤེགས་པ་གསུང་གི་སྤྱོད་པ་ཡོངས་སུ་དག་སྟེ། དེ་བཞིན་གཤེགས་པ་ལ་ གསུང་གི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བས་གཞན་དག་གིས་མ་ཤེས་ན་ཅི་མ་རུང་ཞེས་གང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི་བསྲུང་བ་མེད་པ་གཉིས་པའོ། །དེ་བཞིན་གཤེགས་པ་ཐུགས་ཀྱི་སྤྱོད་ པ་ཡོངས་སུ་དག་སྟེ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བས་གཞན་དག་གིས་མ་ཤེས་ན་ཅི་མ་རུང་ཞེས་གང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། འདི་ནི་བསྲུང་བ་མེད་པ་གསུམ་པའོ། ། དེ་ལ་དེ་བཞིན་གཤེགས་པའི་དྲན་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ་ཁ་ཅིག་རྣ་བླགས་ཏེ་གུས་པར་ཉན་ཅིང་བཀའ་ཉན་པར་སེམས་ཉེ་བར་འཇོག་ལ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ནན་ ཏན་བྱེད་ན་ཡང་དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཡིད་བདེ་བར་མི་འགྱུར། ཐུགས་ཡེད་ཡེད་པོར་མི་འགྱུར་ཏེ། འདི་ནི་དྲན་པ་ཉེ་བར་གཞག་པ་དང་པོའོ། །ཁ་ཅིག་རྣ་མི་ཀློག་གུས་པར་མི་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་ མི་འཇོག་ལ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ནན་ཏན་མི་བྱེད་ན་ཡང་དེས་དེ་བཞིན་གཤེགས་པ་ཀུན་ནས་མནར་སེམས་སུ་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་ཆེས་པར་མི་འགྱུར་ཏེ། འདི་ནི་དྲན་པ་ཉེ་བར་གཞག་པ་ 36-1-81a གཉིས་པའོ། །ཁ་ཅིག་རྣ་བླགས་ཏེ་གུས་པར་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་འཇོག་ལ་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ནན་ཏན་དུ་བྱེད། ཁ་ཅིག་ནི་རྣ་མི་ཀློག །གུས་པར་མི་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་ མི་འཇོག་ལ། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་ནན་ཏན་མི་བྱེད་ན་ཡང་དེས་དེ་བཞིན་གཤེགས་པ་དགྱེས་པ་འམ། ཀུན་ནས་མནར་སེམས་གཉིས་སུ་མི་འགྱུར་ཏེ། ཐམས་ཅད་དུ་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་བཏང་སྙོམས་སུ་ གནས་པ་འདི་ནི་དྲན་པ་ཉེ་བར་གཞག་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་བསྙེལ་བ་མི་མངའ་བའི་ཆོས་ཉིད་གང་ཞེ་ན། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་ཡོད་པའི་ཆོས་སྟོན་པའི་ཕྱིར་སེམས་ཅན་ཐམས་ཅད་ ཀྱི་དོན་མཛད་པ་ལ་དུས་ལས་མི་ཡོལ་བ་སྟེ། འདི་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་སྒྲིབ་པ་སྤངས་པ་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཉོན་མོངས་པ་རྣམས་ སྤངས་ཀྱང་དེ་དག་ལ་ལུས་ཀྱི་འགྱུར་བ་དག་འབྱུང་གི། དེ་བཞིན་གཤེགས་པ་ལ་ནི་དེ་དག་མི་མངའ་སྟེ། དེ་ནི་བག་ཆགས་ཀྱི་སྒྲིབ་པ་སྤངས་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན། དེ་བཞིན་གཤེགས་ པའི་ཐུགས་རྗེ་ཆེན་པོ་གང་དང་ལྡན་པས་འཇིག་རྟེན་གྱི་བརྡའ་ཉེ་བར་བཟུང་སྟེ། དགེ་བའི་རྩ་བ་ལ་གཟིགས་པའི་ཕྱིར་དུས་ཐམས་ཅད་དུ་ཉིན་ལན་གསུམ་མཚན་ལན་གསུམ་འཇིག་རྟེན་ལ་རྟོག་པ་མཛད་པ་སྟེ། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བ་ལ་གཟིགས་པ། རྟག་ཏུ་འབྱུང་བ་འདི་ནི་ཐུགས་རྗེ་ཆེན་པོ་ཞེས་བྱའོ། །རབ་འབྱོར་དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། བར་དེར་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་པ་མེད་པ་དང་། སེམས་ 36-1-81b མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཅེས་བྱའོ། །རབ་འབྱོར་དེ་བཞིན་ གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། གང་གི་དམིགས་པ་ནི་དངོས་པོ་མེད་པ་དབང་བྱེད་པ་ནི་དྲན་པ། རྣམ་པ་ནི་ཞི་བ། མཚན་ཉིད་ནི་མཚན་ཉིད་མེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། ། རབ་འབྱོར་དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བདུན་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལ་འབར་འབུར་མེད་པ་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པ་དང་། བྱིན་པ་རི་དགས་ཨེ་ནེ་ ཡའི་ལྟ་བུ་དང་། ཕྱག་སྦོམ་ཞིང་རིང་བ་དང་། འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པ་དང་། མདོག་གསེར་འདྲ་བ་དང་། པགས་པ་བསྲབ་པ་དང་། སྤུ་རེ་རེ་ནས་སྐྱེ་ཞིང་གཡས་སུ་འཁྱིལ་བ་དང་། ཞལ་ལ་མཛོད་སྤུའི་མཚན་མངའ་བ་དང་། 36-1-82a རོ་སྟོད་སེང་གེ་འདྲ་བ་དང་། དཔུང་མགོ་ལེགས་པར་གྲུབ་པ་དང་། ཐལ་གོང་རྒྱས་པ་དང་། རོ་བྲོ་བ་མཁྱེན་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། ལྗགས་རིང་ཞིང་སྲབ་པ་དང་། ཚངས་ པའི་དབྱངས་དང་། འགྲམ་པ་སེང་གེའི་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་དང་། སྤྱན་མཐོན་ཐིང་དང་། བའི་རྫི་མ་ལྟ་བུ་རྣམས་སོ། །དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་། ཞབས་ཀྱི་མཐིལ་དག་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། འདི་ལྟ་སྟེ་དཔེར་ན་རུས་པ་འམ། བ་སོ་ལ་གཟུགས་སུ་བརྐོས་པ་ལྟ་བུ་དག་མངའ་བས་ན་ཕྱག་དང་ ཞབས་འཁོར་ལོའི་མཚན་དང་ལྡན་པ་ཡིན་ནོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་ཞུམ་པ་མེད་པས་ན་ཞབས་ཤིན་ཏུ་གནས་པ་ཡིན་ནོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བས་ ན་ཕྱག་དང་ཞབས་དྲ་བས་འབྲེལ་བ་ཡིན་ནོ། །ཤིང་བལ་གྱི་འདའ་བ་ལྟར་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་ལ་སྙི་བས་ན་ཕྱག་དང་ཞབས་གཞོན་ཤ་ཆགས་པ་ཡིན་ནོ། །ཕྱག་དང་ཞབས་ཀྱི་བོལ་གཉིས་དང་དཔུང་མགོ་གཉིས་ དང་ལྟག་པའི་ཕྱོགས་མཐོ་བས་ན་བདུན་མཐོ་བ་ཡིན་ནོ། །ཕྱག་དང་ཞབས་ཀྱི་སོར་མོ་རིང་བས་ན་སོར་མོ་རིང་བ་ཡིན་ནོ། །ཞབས་ཀྱི་རྟིང་པ་ཆེ་བས་ན་རྟིང་པ་ཡངས་པ་ཡིན་ནོ། །ཁྲུ་བདུན་དུ་འཕགས་པར་མཐོ་ཞིང་སྐུ་མི་ཡོ་བས་ན་སྐུ་ཆེ་ཞིང་ དྲང་བ་ཡིན་ནོ། །པུས་མོའི་ལྷ་ང་དང་། ལོང་བུ་ཤིན་ཏུ་མི་མངོན་པས་ན་ཞབས་འབར་འབུར་མེད་པ་ཡིན་ནོ། །སྤུ་གཡས་ཕྱོགས་སུ་ཟླུམ་པོར་འཁྱིལ་ཞིང་གྱེན་དུ་ཕྱོགས་པས་ན་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཡིན་ནོ། །བྱིན་པ་རི་དགས་ཨེ་ནེ་ཡའི་ བྱིན་པ་དང་། མདའ་རྒྱུའི་སྙིང་པོ་ལྟར་བྱིན་གྱིས་ཟླུམ་པས་ན་བྱིན་པ་རི་དགས་ཨེ་ནེ་ཡའི་ལྟ་བུ་ཡིན་ནོ། །ཕྱག་སྦོམ་ཞིང་རིང་བའི་ཕྱིར་མ་བཏུད་ཀྱང་ཕྱག་གིས་པུས་མོ་སླེབས་པས་ན་ཕྱག་སྦོམ་ཞིང་རིང་བ་ཡིན་ནོ། །གླང་པོ་ཆེ་དང་རྟ་ཅང་ཤེས་ལྟར་ 36-1-82b གསང་བའི་མཚན་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པས་ན་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཡིན་ནོ། །གསེར་ཤིན་ཏུ་སྦྱངས་པའི་མདོག་འདྲ་བས་ན་མདོག་གསེར་འདྲ་བ་ཡིན་ནོ། །ལྤགས་པ་གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་ འཇམ་ཞིང་སྐུ་ལ་རྡུལ་གྱིས་མི་གོས་པས་ན་ལྤགས་པ་སྲབ་པ་ཡིན་ནོ། །སྤུ་ཤིན་ཏུ་འབྱེས་ཤིང་གཅིག་ཏུ་གཉིས་མ་ཡིན་པས་ན་སྤུ་རེ་རེ་ནས་སྐྱེ་ཞིང་གཡས་སུ་འཁྱིལ་བ་ཡིན་ནོ། །མེ་ཏོག་ཀུན་ད་དང་། ཟླ་བ་དང་། བའི་འོ་མ་དང་། བ་མོའི་མདོག་ལྟར་ དཀར་ཞིང་། ཉི་མ་དང་ཟླ་བ་བརྒྱ་བས་ཀྱང་ཤིན་ཏུ་འཕགས་པར་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ལེགས་པར་བརྒྱན་པས་ན་ཞལ་ལ་མཛོད་སྤུའི་མཚན་མངའ་བ་ཡིན་ནོ། །སྐུའི་སྟོད་འཕེལ་ཆེ་བས་ན་རོ་སྟོད་སེང་གེའི་འདྲ་བ་ཡིན་ནོ། ། མགུར་ཟླུམ་ཞིང་ཕྱ་ལེར་འདུག་པས་ན་དཔུང་མགོ་ལེགས་པར་གྲུབ་པ་ཡིན་ནོ། །གསེར་གྱི་གླེགས་མ་ཤིན་ཏུ་རྣམ་པར་ཕྱིས་པ་ལྟ་བུས་མཐོང་ཀ་ཤིན་ཏུ་རྒྱས་པས་ན་ཐལ་གོང་རྒྱས་པ་ཡིན་ནོ། །ལྗགས་རླུང་དང་། མཁྲིས་པ་དང་། བད་ཀན་གྱིས་ ཉམས་པ་མི་མངའ་ཞིང་། རོ་ཐམས་ཅད་སོ་སོར་རྣམ་པར་རིག་པ་དང་། འཐུན་པར་རྣམ་པར་ཤེས་པས་ན་རོ་བྲོ་བ་མཁྱེན་པ་ཡིན་ནོ། །སྐུའི་ཁྲུ་དང་། འདོམ་གྱི་ཚད་དུ་མཉམ་པས་ན་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཡིན་ནོ། །དབུའི་གཙུག་ཏོར་ ཟླུམ་ཞིང་ལྷམ་ལ་གཡས་སུ་འཁྱིལ་བ་དང་ལྡན་ཞིང་དབུ་ལེགས་པར་གྲུབ་ཅིང་བལྟ་ན་སྡུག་པས་ན་དབུ་གཙུག་ཏོར་དང་ལྡན་པ་ཡིན་ནོ། །ཨུཏྤ་ལ་དམར་པོའི་མདབ་མའི་མདོག་འདྲ་ཞིང་ཡངས་པས་ན་ལྗགས་རིང་ཞིང་སྲབ་པ་ཡིན་ནོ། ། དབྱིག་གི་སྙིང་པོ་དང་། བྱ་ཀ་ལ་པིང་ཀ་ལྟ་བུའི་གསུང་མངའ་བས་ན་ཚངས་པའི་དབྱངས་ཡིན་ནོ། །མེ་ལོང་གི་དཀྱིལ་འཁོར་ལྟར་ཤིན་ཏུ་ལེགས་པར་གྲུབ་ཅིང་ཟླུམ་ལ་རྒྱས་ཤིང་བལྟ་ན་སྡུག་ལ་མཁྲང་བས་ན་འགྲམ་པ་སེང་གེ་ལྟ་བུ་ཡིན་ནོ། །མེ་ཏོག་ཀུན་ ད་དང་། ཟླ་བ་དང་། དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བས་ན་ཚེམས་ཤིན་ཏུ་དཀར་བ་ཡིན་ནོ། །ཚེམས་མཐོན་དམན་མེད་པས་ན་ཚེམས་མཉམ་པ་ཡིན་ནོ། །ཚེམས་མཚམས་མ་དོད་པས་ན་ཚེམས་ཐགས་བཟང་ 36-1-83a བ་ཡིན་ནོ། །ཚེམས་བླ་འོག་ལྷག་ཆད་མེད་ཅིང་མཉམ་པས་ན་ཚེམས་བཞི་བཅུ་མངའ་བ་ཡིན་ནོ། །དཀར་གནག་གི་ཕྱོགས་མ་འདྲེས་ཤིང་ཤིན་ཏུ་རྣམ་པར་དག་ལ། དམར་པོའི་རྒྱུན་དང་མ་འབྲེལ་བས་ན་སྤྱན་མཐོན་ ཏིང་ཡིན་ནོ། །སྤྱན་གྱི་རྫི་མ་བླ་འོག་ལེགས་པར་གཞོལ་ཞིང་མ་འཛིངས་པས་ན་དེ་བཞིན་གཤེགས་པའི་སྤྱན་གྱི་རྫི་མ་ནི་བའི་རྫི་མ་ལྟ་བུ་ཡིན་ནོ། །དེ་ལ་བླ་མ་རྣམས་ལ་བསུ་བསྐྱལ་དང་། ཆོས་ཉན་པ་དང་། མེ་ཏོག་ཕྲེང་འབུལ་བ་ དང་། གཙུག་ལག་ཁང་དང་། མཆོད་རྟེན་ལ་སོགས་པའི་གན་དུ་འགྲོ་བ་དང་། གཡོག་འཁོར་གྱི་སྦྱིན་པ་བྱས་པས་ན་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པར་གྱུར་ཏེ། དེ་ནི་གཡོག་འཁོར་ཤིན་ཏུ་མང་བའི་སྔ་ ལྟས་ཡིན་ནོ། །ཡི་དམ་ལ་བརྟན་པས་ན་ཞབས་ཤིན་ཏུ་གནས་པར་གྱུར་ཏེ། དེ་ནི་མི་གཡོ་བའི་སྔ་ལྟས་ཡིན་ནོ། །བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པ་དག་ཀུན་ཏུ་བསྟེན་པས་ན་ ཕྱག་དང་ཞབས་དྲ་བས་འབྲེལ་བར་གྱུར་ཏེ། དེ་ནི་མྱུར་དུ་འདུ་བའི་སྔ་ལྟས་ཡིན་ནོ། །བཟའ་བ་དང་། བཏུང་བ་དང་། བལྡག་པ་དང་། བཅའ་བ་གསོད་པ་དག་གི་སྦྱིན་པ་བྱས་པས་ན་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བདུན་མཐོ་བར་གྱུར་ཏེ། དེ་གཉིས་ནི་བཟའ་བ་དང་། བཏུང་བ་དང་། བལྡག་པ་དང་བཅའ་བ་བསོད་པ་དག་འཐོབ་པའི་སྔ་ལྟས་ཡིན་ནོ། །གསད་པ་ལས་ཐར་བར་བྱས་པ་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་བྱིན་པས་སྲོག་གི་རིམ་གྲོ་ བྱས་པ་དང་། སྲོག་གཅོད་པ་སྤངས་པ་ཀུན་ཏུ་བསྟེན་པས་ན་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བར་གྱུར་ཏེ། དེ་དག་ནི་སྐུ་ཚེ་རིང་བའི་སྔ་ལྟས་ཡིན་ནོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། བཟུང་བ་རྣམས་ མངོན་པར་སྤེལ་ཅིང་ཡོངས་སུ་འགྲིབ་པར་མ་བྱས་པས་ན་ཞབས་འབར་འབུར་མེད་པ་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པར་གྱུར་ཏེ། དེ་གཉིས་ནི་ཆོས་ཡོངས་སུ་མི་ཉམས་པའི་སྔ་ལྟས་ཡིན་ནོ། །བཟོའི་ལས་དང་། རིག་པའི་གནས་ 36-1-83b རྣམས་གུས་པར་བྱས་ཤིང་བྱིན་པ་དང་། བླངས་པས་ན་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུར་གྱུར་ཏེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་ཡིན་ནོ། །བདོག་ཅིང་ཡོད་པའི་ནོར་བསླངས་ན་མེད་ཅེས་མི་ཟེར་ཞིང་བྱིན་པས་ན་ཕྱག་སྦོམ་ཞིང་རིང་བར་གྱུར་ ཏེ། དེ་ནི་དབང་སྦྱིན་ཞིང་འདུལ་བར་བྱེད་པའི་སྔ་ལྟས་ཡིན་ནོ། །མཛའ་བཤེས་དང་། གཉེན་འདབ་དང་། གཉེན་པ་ཕན་ཚུན་འབྲེལ་བ་དག་གི་དབྱེན་མ་བྱས་ཤིང་། བྱེ་བར་གྱུར་པ་དག་བསྡུམས་པ་དང་། ཚངས་པར་སྤྱོད་པ་ཡང་དག་པར་ བླངས་པ་དང་། གསང་བའི་ཚིག་བསྲུངས་པས་ན་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པར་གྱུར་ཏེ། དེ་ནི་སྲས་མང་བའི་སྔ་ལྟས་ཡིན་ནོ། །སྟན་དང་། གོས་དང་། བགོ་བ་རྣམས་དང་། ཁང་བཟངས་དང་། གཞལ་མེད་ཁང་དང་། གནས་བཟང་པོ་ དག་གི་སྦྱིན་པ་བྱས་པས་ན་མདོག་གསེར་འདྲ་བ་དང་། ལྤགས་པ་སྲབ་པར་གྱུར་ཏེ། དེ་གཉིས་ནི་སྟན་དང་། གོས་དང་། བགོ་བ་རྣམས་དང་། ཁང་བཟངས་དང་། གཞལ་མེད་ཁང་དང་། གནས་བཟང་པོ་དག་འཐོབ་པའི་སྔ་ལྟས་ཡིན་ནོ། ། འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་། ཕུ་ནུ་ལ་སོགས་པ་བླ་མ་རྣམས་ཇི་ལྟར་རིགས་པའི་གནས་སུ་བཀོད་ཅིང་རིམ་གྲོ་བྱས་པ་དང་། སྦྱིན་པ་བྱིན་པ་དང་། མགུ་བར་བྱས་པས་ན་སྤུ་རེ་རེ་ནས་སྐྱེ་ཞིང་ གཡས་སུ་འཁྱིལ་པ་དང་། ཞལ་ལ་མཛོད་སྤུའི་མཚན་མངའ་བར་གྱུར་ཏེ། དེ་གཉིས་ནི་ཟླ་མེད་པའི་སྔ་ལྟས་ཡིན་ནོ། །མུ་ཆོར་མི་སྨྲ་ཞིང་གཞན་ལ་མི་སྨོད་པ་དང་། སྙན་པར་སྨྲ་བ་དང་། ལེགས་པར་སྨྲས་པ་ལ་རྗེས་སུ་འཐུན་ པར་བྱེད་པ་དང་། སེང་གེའི་སྒྲ་དང་འཐུན་པར་སྨྲ་བས་ན་རོ་སྟོད་སེང་གེའི་འདྲ་བ་དང་། དཔུང་མགོ་ལེགས་པར་གྲུབ་པར་གྱུར་ཏེ། དེ་གཉིས་ནི་མི་ཆོམས་པའི་སྔ་ལྟས་ཡིན་ནོ། །ནད་པ་རྣམས་ལ་རྩི་དང་། གཡོག་འཁོར་དང་། སྨན་དང་འཐུན་པའི་ཁ་ཟས་བྱིན་ཞིང་རིམ་གྲོ་བྱས་པས་ན་ཐལ་གོང་རྒྱས་པ་དང་། རོ་བྲོ་བ་མཁྱེན་པར་གྱུར་ཏེ། དེ་གཉིས་ནི་གནོད་པ་མི་མངའ་བའི་སྔ་ལྟས་ཡིན་ནོ། །ཀུན་དགའ་ར་བ་དང་། འདུན་ས་དང་། བསིལ་ཁང་དང་། ཁྲོན་པ་དང་། 36-1-84a བགྲོད་དཀའ་བར་ཟམ་པ་གདགས་པ་དང་། ཁ་ཟས་དང་། མེ་ཏོག་ཕྲེང་དང་། གཙུག་ལག་ཁང་དང་། འདུག་གནས་ལ་སོགས་པ་བྱ་བ་ལ་ཐོག་མར་འགྲོ་ཞིང་གཞན་དག་ཀྱང་སྤྲོ་བ་བསྐྱེད་པ་དང་། གཞན་དག་ལ་ལྷག་པར་བྱིན་པས་ ན་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུ་གཙུག་ཏོར་དང་ལྡན་པར་གྱུར་ཏེ། དེ་གཉིས་ནི་མངའ་དབང་ཆེན་པོ་བརྙེས་པའི་སྔ་ལྟས་ཡིན་ནོ། །ཡུན་རིང་པོ་ནས་འཇམ་ཞིང་སྙན་པ་དང་། མཉེན་པའི་ཚིག་བརྗོད་པས་ན་ལྗགས་རིང་ཞིང་ སྲབ་པ་དང་། ཚངས་པའི་དབྱངས་དང་ལྡན་པར་གྱུར་ཏེ། དེ་གཉིས་ནི་གསུང་གི་ལམ་ཡན་ལག་ལྔ་དང་ལྡན་པའི་དབྱངས་བརྙེས་པའི་སྔ་ལྟས་ཡིན་ནོ། །གསུང་གི་ལམ་ཡན་ལག་ལྔ་དང་ལྡན་པའི་དབྱངས་ནི་ཀུན་ཏུ་ཤེས་པར་བྱ་ ཞིང་རྣམ་པར་རིག་པར་བྱ་བ་དང་། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། མི་ཚུགས་ཤིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའོ། །ཡུན་རིང་པོ་ནས་ཚིག་ཀྱལ་པ་སྤངས་ ཤིང་དུས་སུ་སྨྲ་བས་ན་འགྲམ་པ་སེང་གེའི་ལྟ་བུར་གྱུར་ཏེ། དེ་ནི་ཚིག་བཙུན་པའི་སྔ་ལྟས་ཡིན་ནོ། །རིམ་གྲོ་བྱེད་པ་དང་། བརྙས་པ་མེད་པ་དང་། འཚོ་བ་ཡོངས་སུ་དག་པས་ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པར་གྱུར་ ཏེ། དེ་གཉིས་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་ཡིན་ནོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པར་སྤྱད་པས་ན། ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་མངའ་བར་གྱུར་ཏེ། དེ་གཉིས་ནི་འཁོར་མི་ཕྱེད་པའི་སྔ་ལྟས་ཡིན་ ནོ། །ཁྱུད་པ་དང་སྨོད་པར་བྱེད་པ་ལ་ཡང་ཆགས་པ་དང་། སྡང་བ་མེད་ཅིང་རྨོངས་པ་མེད་པའི་མིག་གིས་ངེས་པར་རྟོགས་པས་ན་སྤྱན་མཐོན་ཏིང་དང་། བའི་རྫི་མ་ལྟ་བུར་གྱུར་ཏེ། དེ་གཉིས་ནི་ཀུན་ནས་མཛེས་པའི་སྔ་ལྟས་ཡིན་ནོ། །རབ་འབྱོར་ དེ་དག་ནི་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཡིན་ཏེ། དེ་དག་གིས་རང་བཞིན་གྱི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། བཞེད་ན་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ཀྱང་སྣང་བས་ 36-1-84b ཁྱབ་པར་མཛད་དོ། །དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་འོད་འདོམ་གང་ཙམ་དུ་བྱིན་གྱིས་རློབ་པར་མཛད་དེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འོད་འདོམ་གང་བར་བྱིན་གྱིས་མ་བརླབས་སུ་ཟིན་ན། རང་བཞིན་གྱི་ འོད་ཀྱིས་ཟིལ་གྱིས་གནོན་པར་གྱུར་པས་ཉི་མ་དང་ཟླ་བ་དག་གི་འོད་ཀྱང་མངོན་པར་མི་འགྱུར་ལ། ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་ཚིགས་དང་། ལོ་ཁྱུད་ཁོར་དག་ཀྱང་ཡོད་པར་མི་འགྱུར་རོ། །རང་བཞིན་གྱི་སྒྲ་དབྱངས་ཀྱིས་ཀྱང་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མངོན་པར་གོ་བར་མཛད་དོ། །བཞེད་ན་གཉིས་དང་། གསུམ་དང་། བཞི་དང་ཇི་སྙེད་དུ་སྣང་བས་ཁྱབ་པར་འགྱུར་བ་དེ་སྙེད་དུ་དབྱངས་ཀྱིས་མངོན་པར་གོ་བར་ཡང་མཛད་དོ། །རབ་འབྱོར་དེ་ལ་ དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་བཅུ་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱེད་པ་ཐམས་ཅད་ལ་མ་ཆགས་པའི་ཐུགས་མངའ་བས་ན་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཉེན་མདབ་ལ་བྱམས་པ་བཞིན་དུ་སེམས་ཅན་ལ་ཕན་པ་དང་། བདེ་བར་དགོངས་པའི་ཐུགས་མངའ་བས་ན་སེན་མོ་མདོག་སྣུམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིགས་ མཐོ་བའི་རྒྱུད་དུ་སྐྱེས་པས་ན་སེན་མོ་མཐོ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་ལ་ཁ་ན་མ་ཐོ་བ་མེད་པས་ན་སོར་མོ་རྣམས་ཟླུམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་རྒྱ་ཆེན་པོར་ བསགས་པས་ན་སོར་མོ་རྣམས་རྒྱས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་དག་རིམ་གྱིས་ཡང་དག་པར་བསྒྲུབས་པས་ན་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་མཐའ་དང་། འཚོ་བ་དག་ཤིན་ཏུ་དབེན་པས་ན་རྩ་མི་མངོན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་མདུད་པ་འགྲོལ་བར་མཛད་པས་ན་རྩ་མདུད་པ་མེད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་ 36-1-85a འདས་རྣམས་ནི་ཆོས་ཀྱི་དགོངས་པ་ཤིན་ཏུ་དབེན་པས་ན་ལོང་བུ་མི་མངོན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་ཐམས་ཅད་ལས་འགྲོལ་བར་མཛད་པས་ན་ཞབས་མི་མཉམ་པ་མེད་པ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་སེང་གེ་ཡིན་པས་ན་སེང་གེའི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་གླང་པོ་ཆེ་ཡིན་པས་ན་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པས་ན་ངང་པའི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེས་བུའི་ཁྱུ་མཆོག་ཡིན་པས་ན་ཁྱུ་མཆོག་གི་སྟབས་སུ་གཤེགས་ པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཐུན་པའི་ལམ་མངའ་བས་ན་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྟ་ན་མཛེས་པས་ན་མཛེས་པར་གཤེགས་པ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཐུགས་ཡོན་པོ་མི་མངའ་བས་ན་མ་ཡོ་བར་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་རྣམ་པར་དག་པའི་ཡོན་ཏན་སྟོན་པས་ན་སྐུ་ཁྲིལ་བག་ཆགས་པ་ ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པས་ན་སྐུ་བྱི་དོར་བྱས་པ་ལྟ་བུ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་རིམ་གྱིས་སྟོན་པས་ན་སྐུ་རིམ་པར་འཚམ་པ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་དང་གསུང་དང་ཐུགས་ཤིན་ཏུ་གཙང་བས་ན་སྐུ་གཙང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་ཐུགས་འཇམ་པ་དང་ལྡན་པས་ན་སྐུ་འཇམ་པ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་ཐུགས་རྣམ་པར་དག་པས་ན་སྐུ་རྣམ་པར་དག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་ཤིན་ཏུ་ཡོངས་སུ་རྫོགས་པས་ན་མཚན་ཡོངས་སུ་རྫོགས་ 36-1-85b པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡངས་ཤིང་མཛེས་པའི་ཡོན་ཏན་གསུང་བས་ན་སྐུ་ཁོ་ལག་ཡངས་ཤིང་བཟང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་པས་ན་གོམ་ པ་སྙོམས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་འཇམ་པའི་ཆོས་སྟོན་པས་ན་སྐུ་ཤིན་ཏུ་གཞོན་མདོག་ཅན་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བས་ན་སྐུ་ཞུམ་པ་མེད་པ་ ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་དགེ་བའི་རྩ་བ་རྣམས་བྱང་བས་ན་སྐུ་རྒྱས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡང་འབྱུང་བའི་སྲིད་པར་མཚམས་སྦྱོར་བ་ཟད་པས་ན་སྐུ་ཤིན་ཏུ་གྲིམས་པ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་ཉིང་ལག་རྣམས་ཤིན་ཏུ་ལེགས་པར་སྟོན་པས་ན་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་གཟིགས་པ་ཤིན་ཏུ་རྣམ་པར་དག་པས་ན་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་དང་ལྡན་པའི་སློབ་མ་མངའ་བས་ན་སྐུ་ཟླུམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་ འདས་རྣམས་ནི་འཁོར་བའི་སྐྱོན་རྣམས་རབ་ཏུ་སྦྱངས་པས་ན་སྐུ་སྐབས་ཕྱིན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ང་རྒྱལ་གྱི་རྩེ་མོ་བཅོམ་པས་ན་སྐུ་མ་རྙོངས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་ཆོས་ཟད་པར་བྱེད་པ་རྣམ་པར་ཟློག་པས་ན་ཕྱལ་ཕྱང་ངེ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཤིན་ཏུ་ཟབ་མོ་རྣམས་ཐུགས་སུ་ཆུད་པས་ན་ལྟེ་བ་ཟབ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཐུན་ པར་འཛིན་པར་ཞུགས་པའི་སློབ་མ་མངའ་བས་ན་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བས་ན་ཀུན་ནས་མཛེས་པ་ཡིན་ནོ། །སངས་རྒྱས་ 36-1-86a བཅོམ་ལྡན་འདས་རྣམས་ནི་ཐུགས་ཤིན་ཏུ་གཙང་བས་ན་ཀུན་སྤྱོད་པ་གཙང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་ནག་པོ་སྟོན་པ་དང་བྲལ་བས་ན་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིང་བལ་ལྟར་ཡང་བའི་ལུས་ཐོབ་པར་འགྱུར་བའི་ཆོས་སྟོན་པས་ན་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཉེན་མདབ་དང་། སྐྱེ་བོ་ཕལ་པོ་ཆེ་ ལ་སྙོམས་པར་བྱམས་པས་དགེ་སྦྱོང་ཆེན་པོ་ཡིན་པས་ན་ཕྱག་གི་རི་མོ་མདངས་ཡོད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་ཟབ་ཅིང་བརྟན་པར་གནས་པས་ན་ཕྱག་གི་རི་མོ་ཟབ་པ་ཡིན་ནོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་བཟོད་པ་རྒྱ་ཆེན་པོའི་ཆོས་སྟོན་པས་ན་ཕྱག་གི་རི་མོ་རིང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཧ་ཅང་ཕལ་ཆེ་བ་མ་ཡིན་པའི་བསླབ་པའི་གཞི་འཆའ་བ་ན་ཞལ་ཧ་ཅང་ཡང་མི་རིང་བ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ཐམས་ཅད་གཟུགས་བརྙན་ལྟ་བུར་སྟོན་པས་ན་ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པ་སྔོན་དུ་གཏོང་ཞིང་ འདུལ་བས་ན་ལྗགས་མཉེན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་ཆ་ཕྲ་བའི་ཚོགས་དང་ལྡན་པས་ན་ལྗགས་སྲབ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱིས་པའི་སྐྱེ་བོ་ཆགས་པ་རྣམས་ ལ་གཏིང་དཔག་དཀའ་བའི་ཆོས་ཀྱིས་འདུལ་བར་མཛད་པས་ན་ལྗགས་དམར་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་ལྟ་བུས་བསྙངས་པ་མི་མངའ་བས་ན་གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་ལྡན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་ཅིང་མཉེན་ལ་འཇམ་པར་སྨྲ་བའི་སློབ་མ་མངའ་བས་ན་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ 36-1-86b སྲིད་པའི་ཀུན་ཏུ་སྦྱོར་བ་ལས་ལོག་པས་ན་མཆེ་བ་ཟླུམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་རྣོན་པོ་འདུལ་བ་ལ་མཁས་པས་ན་མཆེ་བ་རྣོ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་ མཆོག་ཏུ་དཀར་བས་ན་མཆེ་བ་དཀར་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆ་མཉམ་པའི་ས་ལ་བཞུགས་པས་ན་མཆེ་བ་མཉམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་རྟོགས་པར་ རིམ་གྱིས་སྟོན་པས་ན་མཆེ་བ་བྱིན་གྱིས་ཕྲ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་རི་མཐོན་པོ་ལ་བཞུགས་པས་ན་ཤངས་མཐོ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུལ་བའི་ སྐྱེ་བོ་གཙང་མ་མངའ་བས་ན་ཤངས་གཙང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་རྣམ་པར་དག་པས་ན་སྤྱན་རྣམ་པར་དག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཆོས་ ཤིན་ཏུ་ཡངས་པ་དང་ལྡན་པས་ན་སྤྱན་ཡངས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པས་ན་རྫི་མ་སྡུག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྷ་དང་ལྷ་མ་ཡིན་དང་མིའི་ན་ ཆུང་མིག་དཀར་གནག་འབྱེས་ཤིང་པད་མའི་འདབ་མ་རངས་པ་ལྟ་བུ་དང་ལྡན་པའི་མཆོག་རྣམས་ཀྱིས་མངོན་པར་དགའ་བར་བྱས་ཤིང་བསྟོད་པས་ན་སྤྱན་དཀར་གནག་འབྱེས་ཤིང་པད་མའི་མདབ་མ་རངས་པ་ལྟ་བུ་ཡིན་ནོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཡངས་པ་སྟོན་པས་ན་སྨིན་ཚུགས་རིང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པོས་འདུལ་བ་ལ་མཁས་པས་ན་སྨིན་མ་འཇམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ ནི་ཀུན་ནས་སྐྱོན་མཁྱེན་པས་ན་སྨིན་མའི་སྤུ་མཉམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བའི་སྣུམ་གྱིས་སྐྱེ་བོ་རྒྱུད་སྣུམ་པ་རྣམས་འདུལ་བར་མཛད་པས་ན་སྨིན་མ་སྣུམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ 36-1-87a རྣམས་ནི་ཆོས་མཆོག་ཏུ་ཡངས་པ་སྟོན་པས་ན་སྙན་ཤལ་སྟུག་ཅིང་རིང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་གཡུལ་ལས་རྒྱལ་བས་ན་སྙན་མཉམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་སེམས་ཀྱི་རྒྱུད་མཉམ་པའི་སེམས་ཅན་འདུལ་བར་མཛད་པས་ན་སྙན་གྱི་དབང་པོ་མ་ཉམས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྟ་བར་གྱུར་པ་ཐམས་ཅད་རྣམ་པར་སྤངས་པས་ན་དཔྲལ་བ་ལེགས་པར་འབྱེས་ པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་སྦྱོང་དང་། བྲམ་ཟེ་དང་། ཕས་ཀྱི་རྒོལ་བ་རྣམས་རབ་ཏུ་བཅོམ་པས་ན་དཔྲལ་བ་དབྱེས་ཆེ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་དམ་པ་ཤིན་ཏུ་ཡོངས་སུ་རྫོགས་ པས་ན་དབུ་ཤིན་ཏུ་རྒྱས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་ལ་བོང་བ་ལྟར་དགའ་བ་རྣམ་པར་བཟློག་པས་ན་དབུ་སྐྲ་བུང་བ་ལྟར་གནག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་བ་དང་བསྒོམ་པས་སྤང་ བར་བྱ་བའི་བག་ལ་ཉལ་རྣམས་སྤངས་པས་ན་དབུ་སྐྲ་སྟུག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགོངས་པ་འཇམ་པས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པས་ན་དབུ་སྐྲ་འཇམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་རྟག་ཏུ་མ་འཁྲུགས་པའི་ཐུགས་མངའ་བས་ན་དབུ་སྐྲ་མི་འཛིང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མི་བརླང་བ་གསུང་བས་ན་དབུ་སྐྲ་མི་བཤོར་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ བྱང་ཆུབ་ཀྱི་ཡན་ལག་གི་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་རྣམས་ལ་འཐུན་པར་སྒྲུབ་པས་ན་དབུ་སྐྲ་དྲི་ཞིམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་ཀྱི་མཐིལ་དཔལ་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་ འཁྱིལ་པས་བརྒྱན་པ་སྟེ། རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པའི་སྐུ་ལ་མངའ་བའི་དཔེ་བྱད་བཟང་པོ་བརྒྱད་བཅུ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་སྦྱིན་པ་གཉིས་པོ་ཟང་ཟིང་གི་སྦྱིན་པ་དང་། 36-1-87b ཆོས་ཀྱི་སྦྱིན་པ་དག་གིས་སེམས་ཅན་རྣམས་ཡང་དག་པར་བསྡུད་པར་བྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་སྙན་པར་སྨྲ་བས་སེམས་ཅན་རྣམས་ཡང་དག་པར་བསྡུད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་སེམས་ཅན་རྣམས་ཡང་དག་པར་བསྡུད་པར་བྱེད་དེ། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྙན་པར་སྨྲ་བས་སེམས་ཅན་རྣམས་བསྡུད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །རབ་འབྱོར་ཇི་ ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་སྤྱོད་པས་སེམས་ཅན་རྣམས་བསྡུད་ཅེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་ཀྱིས་འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་དཔྱོད་པ་དང་། དོན་འཐུན་པས་སེམས་ ཅན་རྣམས་ཡུན་རིང་པོ་ནས་བསྡུས་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་སྐད་དུ་ འདོམས་ཤིང་རྗེས་སུ་སྟོན་ཏེ། རིགས་ཀྱི་བུ་དག་ཚུར་ཤོག །ཁྱེད་ཅག་ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག །ཡི་གེ་གཉིས་ལ་མཁས་པར་གྱིས་ཤིག །ཡི་གེ་བཞི་བཅུ་རྩ་ལྔའི་བར་དག་ ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་གིས་ཐམས་ཅད་འགྲིབ་པ་དང་ལྡན་པར་རྗེས་སུ་རྟོགས་པར་གྱིས་ཤིག །ཡི་གེ་གཉིས་ཀྱིས་ཐམས་ཅད་འགྲིབ་པ་དང་ལྡན་པར་རྗེས་སུ་རྟོགས་པར་གྱིས་ཤིག །ཡི་གེ་གསུམ་གྱིས་ཐམས་ཅད་ 36-1-88a འགྲིབ་པ་དང་ལྡན་པར་རྗེས་སུ་རྟོགས་པར་གྱིས་ཤིག །ཡི་གེ་བཞི་བཅུ་རྩ་ལྔའི་བར་དག་གིས་ཐམས་ཅད་འགྲིབ་པ་དང་ལྡན་པར་རྗེས་སུ་རྟོགས་པར་གྱིས་ཤིག །ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་ལྔ་འདུས་པར་བསྒོམས་ཤིག ། ཡི་གེ་བཞི་བཅུ་རྩ་ལྔ་རྣམས་སུ་གཅིག་འདུས་པར་སྒོམས་ཤིག་ཅེས་འདོམས་པར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡི་གེ་གཅིག་ལ་མཁས་པ་ཡིན་ནོ། །ཡི་གེ་བཞི་བཅུ་རྩ་ལྔའི་བར་དག་ལ་མཁས་པ་ཡིན་ ནོ། །ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་ལྔ་འདུས་པར་བསྒོམ་པ་ལ་མཁས་པ་ཡིན་ནོ། །ཡི་གེ་བཞི་བཅུ་རྩ་ལྔ་རྣམས་སུ་ཡི་གེ་གཅིག་འདུས་པར་སྒོམ་པ་ལ་མཁས་པ་ཡིན་ཏེ། ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་བྱས་ནས། ཡི་གེ་མེད་ པ་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པ་ཡིན་ཏེ། དེ་ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པས་ཆོས་སྟོན་ཏེ། ཡི་གེ་རྣམས་ཀྱིས་ཡི་གེ་མེད་པའི་ཆོས་སྟོན་པ་བཞིན་ནོ། །རབ་འབྱོར་ཆོས་དེ་ནི་ཡི་གེ་མེད་པའི་རྣམ་པས་སྤྲུལ་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གལ་ཏེ་མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མ་མཆིས་པ་སྟོང་པ་ཉིད་ཀྱི་སླད་དུ་སེམས་ཅན་ཡང་གཏན་དམིགས་སུ་མ་མཆིས་ལ། ཆོས་ཀྱང་དམིགས་སུ་མ་མཆིས་ཤིང་། ཆོས་ཀྱི་རང་བཞིན་ཡང་དམིགས་སུ་མ་ མཆིས་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྨིན་པ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་བཞི་ལ་སྤྱོད་པ་དང་། ཚད་མེད་པ་བཞི་ལ་སྤྱོད་པ་དང་། 36-1-88b གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་སྤྱོད་པ་དང་། སྟོང་པ་ཉིད་བཅུ་བཞི་ལ་སྤྱོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་དང་། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དྲུག་ལ་སྤྱོད་པ་ཇི་ལྟར་སེམས་ཅན་རྣམས་ལ་ ཆོས་སྟོན་པར་བགྱིད་ལགས། དེ་ལ་ནི་སེམས་ཅན་དང་། སེམས་ཅན་དུ་གདགས་པ་ཡང་དམིགས་སུ་མ་མཆིས་ལགས་ཏེ། སེམས་ཅན་དམིགས་སུ་མ་མཆིས་པས། གཟུགས་ཀྱང་དམིགས་སུ་མ་མཆིས་ལ། རྣམ་པར་ཤེས་པའི་བར་དུ་ ཡང་དམིགས་སུ་མ་མཆིས། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དམིགས་སུ་མ་མཆིས་ལ། དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་དམིགས་སུ་མ་མཆིས་ལགས་སོ། ། སེམས་ཅན་དང་སེམས་ཅན་དུ་གདགས་པ་དམིགས་སུ་མ་མཆིས་པ་དེ་ལ་ནི་གཟུགས་ཀྱང་མ་མཆིས་ལ། དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་ཀྱང་མ་མཆིས་ལགས་སོ། །དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་ཀྱང་ མ་མཆིས་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་སེམས་ཅན་རྣམས་མཆིས་པ་མ་ལགས་པའི་ཆོས་རྣམས་ལ་ཡང་དག་པར་འཛིན་དུ་སྩོལ་ཅིང་། ཕྱིན་ཅི་ལོག་ལ་སྦྱོར་བར་བགྱིད་པ་འམ། གཅིག་ཏུ་མི་འགྱུར་ལགས་གྲང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ 36-1-89a ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའ་ཉིད་ཀྱང་མི་དམིགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ལགས། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་སེམས་ཅན་དམིགས་སུ་མེད་པས། ནང་སྟོང་པ་ཉིད་དུ་རིག་ པར་བྱའོ། །ཕྱི་སྟོང་པ་ཉིད་དུ་རིག་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རིག་པར་བྱའོ། །ཕུང་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཁམས་སྟོང་པ་ཉིད་དུ་རིག་པར་བྱའོ། ། སྐྱེ་མཆེད་སྟོང་པ་ཉིད་དུ་རིག་པར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་དུ་རིག་པར་བྱའོ། །བདག་སྟོང་པ་ཉིད་དང་། སེམས་ཅན་སྟོང་པ་ཉིད་དང་། སྲོག་སྟོང་པ་ཉིད་དང་། སྐྱེ་བ་པོ་སྟོང་པ་ཉིད་དང་། ཤེད་ལས་སྐྱེས་པ་སྟོང་པ་ཉིད་དང་། གང་ཟག་སྟོང་པ་ཉིད་དང་། གསོ་བ་སྟོང་པ་ཉིད་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་ དུ་སྦྱར་ཏེ་བསམ་གཏན་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚད་མེད་པ་སྟོང་པ་ཉིད་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་ རྩ་བདུན་གྱི་བར་དག་སྟོང་པ་ཉིད་དུ་རིག་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་དུ་རིག་པར་བྱའོ། །མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་རྣམ་པར་ཐར་པ་བརྒྱད་སྟོང་པ་ཉིད་དང་། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་སྟོང་པ་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་པ་ཉིད་དང་། མི་འཇིགས་པ་བཞི་སྟོང་པ་ཉིད་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་སྟོང་པ་ཉིད་དུ་རིག་ 36-1-89b པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་སྟོང་པ་ཉིད་དུ་རིག་པར་བྱའོ། །སངས་ རྒྱས་ཀྱི་ཞིང་སྟོང་པ་ཉིད་དུ་རིག་པར་བྱའོ། །བྱང་ཆུབ་སྟོང་པ་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དེ་དག་ཐམས་ཅད་སྟོང་པར་མཐོང་ནས། ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་ རྣམས་ལ་ཆོས་སྟོན་ཏེ། ཅི་ནས་ཀྱང་སྟོང་པ་ཉིད་དེ་དག་ཏུ་ཕྱིར་མི་ལྡོག་པ་དེ་ལྟར་ཆོས་སྟོན་ཏོ། །དེས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་སྟེ། ཆོས་གང་ཡང་འཁྲུག་པར་མི་བྱེད་ཅིང་། གཉིས་སུ་མི་འབྱེད་པར་ཡང་ དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞིག་གིས་སྤྲུལ་པ་བྱེ་བ་ཕྲག་དུ་མ་མངོན་པར་སྤྲུལ་ནས་ཁ་ཅིག་ནི་སྦྱིན་པ་ལ་བཀོད། ཁ་ཅིག་ནི་ཚུལ་ཁྲིམས་ལ་བཀོད་ཅིང་། དེ་བཞིན་དུ་སྦྱར་ཏེ་ཁ་ཅིག་ནི་བཟོད་པ་ལ། ཁ་ཅིག་ནི་བརྩོན་འགྲུས་ལ། ཁ་ཅིག་ནི་ཏིང་ངེ་འཛིན་ལ། ཁ་ཅིག་ནི་ཤེས་རབ་ལ། ཁ་ཅིག་ནི་བསམ་གཏན་རྣམས་ལ། ཁ་ཅིག་ནི་ཚད་མེད་པ་རྣམས་ལ། ཁ་ཅིག་ནི་གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་ལ། ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ། ཁ་ཅིག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ལ། ཁ་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་བཀོད། ཁ་ཅིག་ནི་རྒྱུན་ཏུ་ཞུགས་པའི་ འབྲས་བུ་ལ་བཀོད། ཁ་ཅིག་ནི་བྱང་ཆུབ་ཀྱི་བར་དག་ལ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྤྲུལ་པ་དེས་ཆོས་གང་ཡང་རྣམ་པར་འཕེལ་བ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་རྣམ་ གྲངས་དེས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། མ་བཅིངས་མ་གྲོལ་བའི་ཚུལ་གྱིས་དེ་དག་ནི་ཕྱིན་ཅི་ལོག་རྣམས་ལས་རྣམ་པར་གྲོལ་བར་བྱེད་ཅིང་། དེ་དག་ 36-1-90a ཡང་དག་པ་ཇི་ལྟ་བ་ལ་འགོད་པ་དེ་ལྟར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ནི་མ་བཅིངས་མ་གྲོལ་བ་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མ་བཅིངས་མ་གྲོལ་བ་ ཡིན་ཏེ། གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན་ཞིང་། འདུས་བྱས་དང་ འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་ཡང་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་དང་། རྣམ་པར་ཤེས་པའི་བར་དག་ དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་བར་གྱི་ཆོས་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་སེམས་ ཅན་དུ་དམིགས་པ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་གནས་ཏེ། དེ་ཡང་གཟུགས་སྟོང་ཞེས་བྱ་བར་མི་དམིགས་པའི་ཚུལ་དང་། རྣམ་པར་ཤེས་པའི་བར་དུ་སྟོང་ཞེས་བྱ་བར་མི་ དམིགས་པའི་ཚུལ་དང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་དག་སྟོང་ཞེས་བྱ་བར་མི་དམིགས་པའི་ཚུལ་གྱིས་གནས་ཏེ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ནི་གང་དུ་ཡང་གནས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ ན། འདི་ལྟར་དེ་དག་ལ་གང་གནས་པར་འགྱུར་བའི་ངོ་བོ་ཉིད་མེད་པས་ན་དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལ་མི་གནས་ལ། རང་གི་དངོས་པོ་ཡང་དངོས་པོ་མེད་པ་ལ་མི་གནས་ཤིང་། གཞན་གྱི་དངོས་པོ་ཡང་དངོས་པོ་མེད་པ་ འམ། རང་གི་དངོས་པོ་ལ་མི་གནས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་དག་ཐམས་ཅད་ནི་དམིགས་སུ་མེད་དེ། གང་དམིགས་སུ་མེད་པ་དེ་ནི་གང་ལ་ཡང་གནས་པར་མི་འགྱུར་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་ 36-1-90b སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། འཕགས་པ་ཐམས་ཅད་ལ་ཉེས་པར་བྱས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སངས་རྒྱས་བཅོམ་ལྡན་ འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱིས་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཉིད་རྟོག་སྟེ། རྟོགས་ནས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། ཆོས་རྣམས་ཀྱི་ཆོས་ཉིད་ དེ་ལས་ཀྱང་མི་འདའ་སྟེ། ཆོས་ཀྱི་དབྱིངས་ཀྱང་འདའ་བ་མེད་ལ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཡང་འདའ་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་དག་ལ་གང་འདའ་བར་འགྱུར་བའི་རང་བཞིན་མེད་པའི་ཕྱིར་རོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་གཉིས་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་ དབྱིངས་ལ་འདའ་བ་མ་མཆིས་ཤིང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ལ་ཡང་འདའ་བ་མ་མཆིས་ན། བཅོམ་ལྡན་འདས་འོ་ན་ཅི་གཟུགས་ཀྱང་གཞན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན། དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་ཞིག་ ལགས་སམ། རྣམ་པར་ཤེས་པ་ཡང་གཞན་ལ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་ཆོས་ རྣམས་ཀྱང་གཞན་པ་ཞིག་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། གཟུགས་ཀྱང་གཞན་མ་ཡིན་ལ། ཆོས་ཀྱི་དབྱིངས་ཀྱང་གཞན་མ་ཡིན་ནོ། །དེ་བཞིན་ཉིད་ཀྱང་གཞན་མ་ཡིན་ལ། ཡང་དག་པའི་མཐའ་ཡང་ 36-1-91a གཞན་མ་ཡིན་ནོ། །རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ལ། ཆོས་ཐམས་ཅད་ཀྱི་བར་ཡང་གཞན་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱང་གཞན་མ་ཡིན་ལ། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ནོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་གཟུགས་ཀྱང་གཞན་མ་ལགས་ཤིང་། ཆོས་ཀྱི་དབྱིངས་ཀྱང་གཞན་མ་ལགས་ལ། རྣམ་པར་ཤེས་པའི་བར་ཡང་གཞན་མ་ལགས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་ཡང་གཞན་མ་ལགས། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་བར་ཡང་གཞན་མ་ལགས་ན། བཅོམ་ལྡན་འདས་འོ་ན་ནག་པོའི་ ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ནག་པོ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལགས་སོ་ཞེས་བགྱི་བ་དང་། དཀར་པོའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་པོ་ནི་ལྷ་དང་མི་རྣམས་ལགས་ སོ་ཞེས་བགྱི་བ་དང་། དཀར་གནག་གི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་དཀར་གནག་ནི་བདེ་བ་དང་། སྡུག་བསྔལ་འདྲེན་མ་ལགས་སོ་ཞེས་བགྱི་བ་དང་། མི་གནག་ཅིང་དཀར་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་མི་གནག་ཅིང་། དཀར་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་སོ་ཞེས་བགྱི་བར་ རྣམ་པར་དགོད་པར་ཇི་ལྟར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ། འབྲས་བུ་རྣམ་པར་ དགོད་པ་བསྟན་པར་ཟད་ཀྱི། དོན་དམ་པའི་བདེན་པར་ནི་འབྲས་བུ་རྣམ་པར་དགོད་པ་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། མིང་དང་གཟུགས་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་ 36-1-91b མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར། ཆོས་དེ་ནི་རྣམ་པར་རྟོག་པ་མེད་ཅིང་བསྙད་དུ་མེད་པ་སྟེ། དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ། འབྲས་བུ་རྣམ་པར་དགོད་པ་མཆིས་ཀྱི། དོན་དམ་པར་མ་མཆིས་པ་ ལགས་ན། བཅོམ་ལྡན་འདས་འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུར་མི་འགྱུར་ལགས་སམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཅི་ བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་འམ། དོན་དམ་པའི་བདེན་པ་ཤེས་སམ། འོ་ན་ནི་དེ་དག་ལ་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་རྣམ་པར་དགོད་པ་ཡོད་པར་ཡང་འགྱུར་ཏེ། གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་འམ། དོན་དམ་པའི་བདེན་པ་ཞེས་བྱ་བར་ ཤེས་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱ་བའི་གྲངས་སུ་ཡང་མི་འགྲོ་བ་ཞིག་ན། འདི་ལྟར་དེ་དག་ལ་ཡོངས་སུ་ཤེས་པ་མེད་དེ། དེའི་ཕྱིར་དེ་དག་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་ མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་རྣམ་པར་དགོད་པ་དག་ཀྱང་མེད་དོ། །རབ་འབྱོར་འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་ལམ་ཡང་མེད་ལ། 36-1-92a ལམ་རྣམ་པར་གཞག་པ་ཡང་མེད། ལམ་སྒོམ་པ་ཡང་མེད་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་འབྲས་བུ་རྣམ་པར་དགོད་པ་ལྟ་ཡོད་པར་འགྱུར་རེ་སྐན། འཕགས་པའི་གང་ཟག་རྣམས་ལ་ནི། ལམ་ཡང་ཡོད་ལ་ལམ་རྣམ་པར་ གཞག་པ་ཡང་ཡོད། ལམ་སྒོམ་པ་ཡང་ཡོད་པས་ན་འབྲས་བུ་རྣམ་པར་དགོད་པ་ཡང་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལམ་སྒོམ་པས་འབྲས་བུ་འབྱུང་ཞིང་། འབྲས་བུ་ཐོབ་པར་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ལམ་བསྒོམས་པས་འབྲས་བུ་འབྱུང་བར་མི་འགྱུར་ཞིང་། འབྲས་བུ་ཐོབ་པར་ཡང་མི་འགྱུར་རོ། །རབ་འབྱོར་ལམ་མ་བསྒོམས་པར་ཡང་འབྲས་བུ་ ཐོབ་པར་མི་འགྱུར་ཏེ། ལམ་གྱིས་ཀྱང་འབྲས་བུ་མི་འཐོབ་ལ། ལམ་མ་ཡིན་པས་ཀྱང་མ་ཡིན་ཞིང་ལམ་ལ་མི་གནས་པར་ཡང་མ་ཡིན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་ལ་སྤྱོད་པ། སེམས་ཅན་རྣམས་ལ་འབྲས་བུ་རྣམ་པར་འགོད་པར་བྱེད་དེ། ཆོས་ཀྱི་དབྱིངས་ལ་ཚར་གཅད་པའི་ཚུལ་གྱིས་འབྲས་བུ་རྣམ་པར་འགོད་པ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་འདུས་བྱས་ཀྱི་ ཁམས་སམ། འདུས་མ་བྱས་ཀྱི་ཁམས་ལ་ཚར་གཅད་པས་འབྲས་བུ་རྣམ་པར་དགོད་པ་མ་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་འདི་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་དུ་ཞུགས་པའི་འབྲས་བུ་ཡིན་ ནོ། །འདི་ནི་འདོད་པའི་འདོད་ཆགས་དང་། གནོད་སེམས་བསྲབས་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །འདི་ནི་འདོད་པ་ན་སྤྱོད་པའི་ཆ་དང་འཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤངས་པའི་ཕྱིར། ཕྱིར་མི་འོང་བའི་འབྲས་ བུའོ། །འདི་ནི་གོང་མའི་ཆ་དང་འཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར་དགྲ་བཅོམ་པ་ཉིད་ཡིན་ནོ། །ཀུན་འབྱུང་བའི་ཆོས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་ནོ་ཞེས་བྱ་བ་ནི་རང་བྱང་ཆུབ་ཡིན་ནོ། །བག་ཆགས་ཀྱི་ 36-1-92b མཚམས་སྦྱོར་བ་ཐམས་ཅད་སྤངས་པ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཚར་གཅད་པས། འབྲས་བུ་རྣམ་པར་དགོད་པ་མེད་དོ་ཞེས་བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་ བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདུས་བྱས་ཡིན་ནམ། འོན་ཏེ་འདུས་མ་བྱས་པ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ནི་འདུས་མ་བགྱིས་ལགས་སོ། །བདེ་བར་གཤེགས་པ་འདུས་མ་བགྱིས་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་འདུས་མ་བྱས་ཀྱི་ཆོས་ལ་ཚར་གཅོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཅི་གང་གི་ཚེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་ཏུ་རྟོགས་པ་དེའི་ཚེ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་ཚར་གཅོད་པར་བྱེད་དམ། གསོལ་ པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་ནས་རང་གི་མཚན་ ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཚུལ་གྱིས་ཚར་གཅད་པ་མེད་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་དུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འམ། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་འམ། བྱམས་པ་འམ། སྙིང་རྗེ་འམ། དགའ་བ་ 36-1-93a འམ། བཏང་སྙོམས་སམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་འམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་གང་ལ་ ཡང་། བདག་ཉིད་ཀྱང་མངོན་པར་ཞེན་པར་མི་བྱེད་ལ། གཞན་ཡང་མངོན་པར་ཞེན་པར་མི་བྱེད་དོ། །དེ་མངོན་པར་ཞེན་པ་མེད་པས་གང་ལ་ཡང་ཆགས་པ་མེད་དོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་སྦྱིན་པ་ཡང་སྦྱིན་པར་བྱེད་ལ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་མ་གཏོགས་པར་སྦྱིན་པའི་འབྲས་བུ་ལ་ཡང་ཆགས་པ་མེད་ཅིང་། སྦྱིན་པའི་འབྲས་བུ་ཡང་ཉམས་སུ་མྱོང་བར་མི་འགྱུར་རོ། །ཕ་རོལ་དུ་ཕྱིན་པ་དྲུག་གི་བར་དག་དང་། ཟག་པ་ དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱི་བར་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་གང་ལ་ཡང་མི་གནས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཡང་ཆོས་ཐམས་ཅད་ལ་ཡང་སྤྱོད་ལ། ཆོས་གང་ལ་ཡང་མི་གནས་ཤིང་ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལེགས་པར་ རྟོགས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། མཚན་དང་དཔེ་བྱད་བཟང་པོ་དང་། ཡི་གེ་མངོན་པར་བསྒྲུབ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་བཅུ་རྩ་གསུམ་པའོ།། །། དེ་ནས་བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལེགས་པར་རྟོགས་པ་ལགས། བཀའ་སྩལ་པ། རབ་ འབྱོར་དཔེར་ན་སྤྲུལ་པ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་ཀུན་དུ་སྤྱོད་པ་མེད་པ་དང་། གཟུགས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། རྣམ་པར་ཤེས་པའི་བར་ལ་ཀུན་དུ་སྤྱོད་པ་མེད་པ་དང་། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ལ་ཀུན་དུ་སྤྱོད་པ་མེད་ 36-1-93b པ་དང་། བག་ལ་ཉལ་དང་། ཀུན་ནས་ལྡང་བ་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་ བྱས་ཀྱི་ཆོས་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དང་། ལམ་ལ་ཀུན་དུ་སྤྱོད་པ་མེད་པ་དང་། འབྲས་བུ་རྣམས་ལ་ཀུན་དུ་སྤྱོད་པ་མེད་པ་དེ་ལྟར། རབ་འབྱོར་ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་ལེགས་པར་རྟོགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ སྤྲུལ་པའི་ལམ་སྒོམ་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རབ་འབྱོར་ལམ་བསྒོམ་པ་གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ཞིང་། རྣམ་པར་བྱང་བར་ཡང་མི་འགྱུར་ལ། འགྲོ་བ་ལྔའི་འཁོར་བ་ན་ཡང་མི་སྣང་བ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དངོས་པོ་མ་མཆིས་པའི་ཆོས་ཐམས་ཅད་རྟོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ གཤེགས་པའི་སྤྲུལ་པ་ལ་དངོས་པོ་འགའ་ཞིག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བའི་དངོས་པོ་གང་ཡང་དམིགས་སུ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ནི་དངོས་པོ་འགའ་ཞིག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བ་འམ། འགྲོ་བ་ལྔའི་འཁོར་བ་ན་གདའ་བའི་དངོས་པོ་གང་ཡང་མ་ མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཀྱི་ཚུལ་ལེགས་པར་རྟོགས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་ཅི་གཟུགས་ཐམས་ཅད་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུ་ལགས་སམ། ཚོར་བ་ཐམས་ཅད་དང་། འདུ་ཤེས་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་དང་། རྣམ་པར་ཤེས་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ 36-1-94a ལྟ་བུ་ལགས་སམ། བཀའ་སྩལ་པ། རབ་འབྱོར་གཟུགས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུ་ཡིན་ནོ། །ཚོར་བ་ཐམས་ཅད་དང་། འདུ་ཤེས་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་དང་། རྣམ་པར་ཤེས་པ་ཐམས་ ཅད་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ལྟ་བུ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། སྤྲུལ་པ་ལ་ནི་གཟུགས་མ་མཆིས། ཚོར་བ་མ་མཆིས། འདུ་ཤེས་མ་མཆིས། འདུ་བྱེད་རྣམས་མ་མཆིས། རྣམ་པར་ཤེས་པ་མ་མཆིས། ཀུན་ནས་ཉོན་མོངས་པ་མ་མཆིས། རྣམ་པར་བྱང་བ་མ་མཆིས་ཤིང་གང་ལས་སེམས་ཅན་རྣམས་ཡོངས་སུ་ཐར་བར་བགྱི་བའི་འགྲོ་བ་ལྔའི་འཁོར་བ་ཡང་མ་མཆིས་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྐྱེས་བུའི་མཐུར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་སེམས་ཅན་དམྱལ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། མི་འམ་ལྷ་དག་ལས་ཡོངས་སུ་ཐར་བར་བྱ་བའི་སེམས་ཅན་འགའ་ཡང་དམིགས་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཁམས་གསུམ་ནས་ཡོངས་སུ་ཐར་བར་བྱ་བའི་སེམས་ཅན་འགའ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ དེས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་ཤིང་མཐོང་ལ་རྣམ་པར་རིག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ ལྟ་བུར་འཚལ་ཞིང་མཐོང་ལ་རྣམ་པར་རིག་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་ཕ་རོལ་དུ་ཕྱིན་པ་དྲུག་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ 36-1-94b དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། བྱང་ཆུབ་ཀྱི་ལམ་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་སེམས་ཅན་རྣམས་རང་རང་གི་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཤེས་སུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཡང་སེམས་ཅན་རྣམས་ཀྱི་དོན་དུ་བསྐལ་པ་གྲངས་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་མི་སྤྱོད་པ་ཞིག་ན། རབ་འབྱོར་འདི་ལྟར་སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་མི་ཤེས་ཏེ། དེའི་ཕྱིར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་མེད་པར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་ པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ལགས་ན། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱང་ཅི་ལ་ གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། གང་ལས་བསྐྱོད་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་རྣམས་ནི་ཡོད་པ་མ་ཡིན་ པའི་མིང་དང་མཚན་མ་དག་ལ་གནས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། དེ་དག་གི་མིང་དང་མཚན་མ་ལས་བསྐྱོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མིང་ནི་གང་ལགས། མཚན་མ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། མིང་ཞེས་བྱ་བ་དང་། མཚན་མ་ཞེས་བྱ་བ་ནི་ 36-1-95a གློ་བུར་དུ་མིང་དུ་བཏགས་པ་སྟེ། འདི་ལྟ་སྟེ་མིང་ཞེས་བྱ་བ་འམ། མཚན་མ་ཞེས་བྱ་བ་འམ། གཟུགས་ཞེས་བྱ་བ་འམ། རྣམ་པར་ཤེས་པའི་བར་ཞེས་བྱ་བ་འམ། བུད་མེད་ཅེས་བྱ་བ་འམ། སྐྱེས་པ་ཞེས་བྱ་བ་འམ། ཁྱེའུ་ཞེས་བྱ་ བ་འམ། བུ་མོ་ཞེས་བྱ་བ་འམ། སེམས་ཅན་དམྱལ་བ་པ་ཞེས་བྱ་བ་འམ། དུད་འགྲོའི་སྐྱེ་གནས་པ་ཞེས་བྱ་བ་འམ། གཤིན་རྗེའི་འཇིག་རྟེན་པ་ཞེས་བྱ་བ་འམ། ལྷ་ཞེས་བྱ་བ་འམ། མི་ཞེས་བྱ་བ་འམ། འདུས་བྱས་ཀྱི་ཆོས་ཞེས་བྱ་བ་འམ། འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་འམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་འམ། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བ་འམ། དགྲ་བཅོམ་པ་ཉིད་ཅེས་བྱ་བ་འམ། རང་སངས་རྒྱས་ཞེས་བྱ་ བ་འམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་བ་དེ་དག་ནི་བཅོས་མར་མིང་དུ་བཏགས་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་མིང་སྟེ། གཞོལ་བའི་ཕྱིར་རོ། །འདུས་བྱས་ཐམས་ཅད་ནི་མིང་ཙམ་དུ་ཟད་ན། བྱིས་ པ་སོ་སོའི་སྐྱེ་བོ་རྣམས་དེ་ལ་ཆགས་པས། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་འདི་སྐད་དུ་མིང་འདི་ནི་ཡོངས་སུ་རྟོག་པས་ཀུན་ནས་བསྐྱེད་པ་ ཡིན་པས། རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པ་ལ་ཁྱེད་ཅག་ཡོད་པ་མ་ཡིན་པར་ཡོངས་སུ་རྟོག་པས་ཆགས་པར་མ་བྱེད་ཅིག །མཁས་པ་རྣམས་ནི་ཆོས་སྟོང་པ་དག་ལ་མངོན་པར་ཞེན་པར་མི་བྱེད་དོ། །ཞེས་ཀུན་ནས་འབྲལ་ བར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་དེ་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །རབ་འབྱོར་མཚན་མ་གང་ཞེ་ན། རབ་འབྱོར་གཉིས་པོ་འདི་དག་ནི་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཆགས་པར་འགྱུར་བའི་མཚན་མ་སྟེ། གཉིས་གང་ཞེ་ན། གཟུགས་ཀྱི་མཚན་མ་དང་། གཟུགས་མེད་པའི་མཚན་མའོ། །རབ་འབྱོར་དེ་ལ་གཟུགས་ཀྱི་མཚན་མ་ 36-1-95b གང་ཞེ་ན། རབ་འབྱོར་གཟུགས་གང་ཅི་ཡང་རུང་སྟེ། རགས་པ་འམ། ཕྲ་བ་འམ། བཟང་བ་འམ། ངན་པ་དག་སྟེ། གང་སྐད་ཅིག་པའི་ཆོས་དེ་དག་ཐམས་ཅད་ལ་ཡོངས་སུ་རྟོག་པས་འཛིན་པར་བྱེད་པ་དེ་ནི་གཟུགས་ཀྱི་མཚན་མ་ཞེས་བྱའོ། ། གཟུགས་མེད་པའི་མཚན་མ་གང་ཞེ་ན། གཟུགས་མེད་པའི་ཆོས་གང་ཅི་ཡང་རུང་སྟེ། མཚན་མར་བཟུང་ཞིང་ཡོངས་སུ་བཏགས་པ་ལས་ཉོན་མོངས་པ་སྐྱེ་བ་དེ་ནི་གཟུགས་མེད་པའི་མཚན་མ་ཞེས་བྱའོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ རྣམས་ཆགས་པས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་མཚན་མ་དེ་དག་དང་ཕྲལ་ནས་མཚན་མ་མེད་པའི་དངོས་པོ་ལ་འཛུད་ཅིང་འགོད་པར་བྱེད་དེ། ཅི་ནས་ཀྱང་འདི་ནི་མཚན་མའོ། །འདི་ནི་མཚན་མ་མེད་པའོ་ཞེས་གཉིས་སུ་མི་ལྟུང་བ་དེ་ལྟར་འཛུད་ཅིང་དེ་ལྟར་འགོད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ ཐབས་ལ་མཁས་པས་དེ་ལྟར་སེམས་ཅན་རྣམས་མཚན་མ་དང་ཕྲལ་ནས་མཚན་མ་མེད་པའི་དབྱིངས་ལ་འཛུད་ཅིང་འགོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་གལ་ཏེ་ཆོས་འདི་དག་ཐམས་ཅད་དེ་ཙམ་དུ་བས་ཏེ། འདི་ལྟར་མཚན་མ་མ་མཆིས་པ་ཙམ་དུ་བས་པ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཇི་ ལྟར་བདག་ཀྱང་དགེ་བའི་ཆོས་རྣམས་ཀྱི་བྱེ་བྲག་ཏུ་འབྲོགས་པར་འགྱུར་ལ་གཞན་དག་ཀྱང་དགེ་བའི་ཆོས་རྣམས་ཀྱི་བྱེ་བྲག་ཏུ་འབོགས་པ་ལ་འགོད་པར་བགྱིད་པ་དང་། ས་ནས་ས་ཡོངས་སུ་རྫོགས་པར་བགྱིད་ཅིང་སེམས་ཅན་རྣམས་ཀྱང་དེ་ དག་ཉིད་ལ་སྦྱོར་བར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་མཚན་མ་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་པར་གྱུར་ན་ནི། རབ་ 36-1-96a འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། དགེ་བའི་ཆོས་རྣམས་ཀྱིས་ཁྱད་པར་ཐོབ་པར་མི་འགྱུར་ལ། གཞན་དག་ཀྱང་ཁྱད་པར་འཐོབ་པ་ལ་འགོད་པར་མི་འགྱུར་བ་ཞིག་ན། རབ་འབྱོར་ འདི་ལྟར་མཚན་མ་ནི་དངོས་པོ་མ་ཡིན་ཞིང་། དངོས་པོ་མེད་དེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། མཚན་མ་མེད་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་དོ། །མཚན་མ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ་མཚན་མ་མེད་པའི་ཚུལ་གྱིས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་ རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་ པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ཡོངས་སུ་རྫོགས་པར་བྱེད་དོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ དོ། །དེ་བཞིན་དུ་སྦྱར་ཏེ། །མཚན་མ་མེད་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། མཚན་མ་མེད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ ཡོངས་སུ་རྫོགས་པར་བྱེད་དེ། དེས་དགེ་བའི་ཆོས་དེ་དག་ཡོངས་སུ་རྫོགས་པར་བྱས་ནས། མཚན་མ་མེད་པའི་ཚུལ་གྱིས་གཞན་དག་ཀྱང་དགེ་བའི་ཆོས་དེ་དག་ལ་སྦྱོར་བར་བྱེད་དོ། །རབ་འབྱོར་གལ་ཏེ་ཆོས་རྣམས་ལ་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ 36-1-96b གཞག་པ་ཙམ་གྱི་མཚན་མ་ཞིག་ཡོད་པར་གྱུར་ན་ཡང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ལ་མཚན་མ་མེད་པ་དང་། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པས་ཆོས་རྣམས་མངོན་ པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་ལ། སེམས་ཅན་རྣམས་ཀྱང་ཟག་པ་མེད་པའི་ཆོས་རྣམས་ལ་དེ་བཞིན་ཉིད་དུ་འགོད་པར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཟག་པ་མེད་ཅིང་། མཚན་ཉིད་མེད་པ་དང་། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ཡིན་ཏེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཟག་པ་མེད་པའི་ཆོས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །དེ་ནས་ བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མཚན་མ་མ་མཆིས་ཤིང་། དྲན་པ་མ་མཆིས་ལ་ཡིད་ལ་བགྱིད་པ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ ན་འདི་དག་ནི་ཟག་པ་དང་བཅས་པའི་ཆོས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་སོ། །འདི་དག་ནི་ཐུན་མོང་གི་ཆོས་སོ། །འདི་དག་ནི་ཐུན་མོང་མ་ཡིན་པའི་ཆོས་སོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་སོ། ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བགྱི་བར་ཇི་ལྟར་བགྲང་བར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་ སྙམ་དུ་སེམས། མཚན་མ་མེད་པ་ཡང་གཞན་ལ། རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་འམ། མཚན་མ་མེད་པ་ཡང་གཞན་ལ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་འམ། མཚན་མ་ 36-1-97a མེད་པ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འོ་ན་མཚན་མ་མེད་པ་ཉིད་རྒྱུན་དུ་ཞུགས་པའི་ འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཡིན་ ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་ཆོས་ཐམས་ཅད་ནི་མཚན་མ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་མཚན་མ་མེད་པའི་ཆོས་དེ་དག་ཐམས་ཅད་ལ་ སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་ཆོས་ཐམས་ཅད་ཀྱིས་རྣམ་པར་འཕེལ་བར་འགྱུར་ཏེ། འདི་ལྟ་སྟེ་ཕ་རོལ་དུ་ཕྱིན་པ་དྲུག་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་ པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་ བརྒྱད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་གིས་རྣམ་པར་འཕེལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་བསླབ་པར་བྱ་བ་མ་གཏོགས་པར་བསླབ་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་གསུམ་པོ་འདིར་དགེ་བའི་ཆོས་ཐམས་ཅད་འདུས་པའི་ཕྱིར་ ཏེ། འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན་ནོ། །མཚན་མ་དང་བྲལ་བ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ནོ། །མངོན་པར་འདུ་བྱེད་པ་མེད་པ་ནི་རྣམ་པར་ཐར་ 36-1-97b པའི་སྒོ་སྨོན་པ་མེད་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕུང་པོ་ལྔ་ལ་སློབ་པ་ཡིན། སྐྱེ་མཆེད་བཅུ་གཉིས་ལ་སློབ་པ་ཡིན། ཁམས་བཅྭ་བརྒྱད་ལ་སློབ་པ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སློབ་པ་ཡིན། འཕགས་པའི་བདེན་པ་བཞི་ལ་སློབ་པ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་སློབ་པ་ཡིན། ནང་སྟོང་པ་ཉིད་ལ་སློབ་པ་ཡིན། ཕྱི་སྟོང་པ་ཉིད་ལ་ སློབ་པ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་སློབ་པ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་ལ་སློབ་པ་ཡིན། འཕགས་ པའི་ལམ་ཡན་ལག་བརྒྱད་པའི་བར་ལ་སློབ་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་པ་ཡིན། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སློབ་པ་ ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཇི་ལྟར་ཉེ་བར་ལེན་པའི་ ཕུང་པོ་ལྔ་པོ་དག་ལ་སློབ་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། གཟུགས་རབ་ཏུ་ཤེས་ཏེ། གཟུགས་ཇི་ལྟར་སྐྱེ་བ་དང་། གཟུགས་ཇི་ལྟར་འགག་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་རབ་ཏུ་ཤེས་སོ། །གཟུགས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། དབུ་བ་རྡོས་པ་ལ་སྙིང་པོ་མེད་པ་དེ་བཞིན་དུ། གཟུགས་ཀྱང་ཤིན་དུ་ གཙེ་ཚགས་དང་། ཤིན་དུ་གསོང་ལྡོང་དང་། ཤིན་དུ་སྙིང་པོ་མེད་པར་རབ་ཏུ་ཤེས་སོ། །གཟུགས་ཀྱི་སྐྱེ་བ་ཇི་ལྟར་རབ་ཏུ་ཤེས་ཞེ་ན། གཟུགས་ནི་གང་ནས་ཀྱང་འོང་བ་མེད་ལ། གཟུགས་ནི་གང་དུ་ཡང་འགྲོ་བ་མེད་པས། གང་ 36-1-98a ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་བ་དེ་ལྟར་གཟུགས་ཀྱི་སྐྱེ་བ་རབ་ཏུ་ཤེས་སོ། །རབ་འབྱོར་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་བ་དེ་ལྟར་གཟུགས་ཀྱི་སྐྱེ་བ་དང་། འཇིག་པ་རབ་ཏུ་ཤེས་སོ། །གཟུགས་ཀྱི་ དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། དེ་བཞིན་ཉིད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། འཕེལ་བ་མེད་པ་དང་། འགྲིབ་པ་མེད་པ་དེ་ལྟར་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །རབ་འབྱོར་གཞན་ཡང་དེ་བཞིན་ཉིད་ནི་མ་ནོར་བ་དེ་བཞིན་ཉིད་ཡིན་ཏེ། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལ་ལོག་པ་ཉིད་མེད་པས་དེའི་ཕྱིར་ཡང་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ལྟར་ གཟུགས་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །ཚོར་བ་ཇི་ལྟར་རབ་ཏུ་ཤེས། ཚོར་བའི་སྐྱེ་བ་ཇི་ལྟར་རབ་ཏུ་ཤེས། ཚོར་བའི་འཇིག་པ་ཇི་ལྟར་རབ་ཏུ་ཤེས། ཚོར་བའི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། ཆུའི་ ཆུ་བུར་གྱི་སྐྱེ་བ་དང་། འཇིག་པ་གསོག་ཏུ་འདུག་པ་དེ་ལྟར་ཚོར་བ་རབ་ཏུ་ཤེས་སོ། །དེ་གང་ནས་ཀྱང་འོང་བ་མེད་ཅིང་། གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་ཚོར་བའི་སྐྱེ་བ་དང་། འཇིག་པ་རབ་ཏུ་ཤེས་སོ། །ཚོར་བའི་དེ་བཞིན་ཉིད་ ཇི་ལྟར་རབ་ཏུ་ཤེས་ཞེ་ན། དེ་བཞིན་ཉིད་ནི་མ་ནོར་བ་དེ་བཞིན་ཉིད་དེ། དེ་ལྟར་ཚོར་བའི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །འདུ་ཤེས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། སྨིག་རྒྱུའི་ཚོགས་ལ་ཆུ་ཤིན་དུ་དམིགས་སུ་མེད་པ་དེ་ ལྟར་འདུ་ཤེས་རབ་ཏུ་ཤེས་སོ། །དེ་གང་ནས་ཀྱང་འོང་བ་མེད་ཅིང་གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་འདུ་ཤེས་ཀྱི་སྐྱེ་བ་དང་། འཇིག་པ་རབ་ཏུ་ཤེས་སོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཚོར་བའི་དེ་བཞིན་ཉིད་ཇི་ ལྟ་བ་དེ་ལྟར་འདུ་ཤེས་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། ཆུ་ཤིང་ཤུན་པ་སོ་སོར་ཕྱེ་ན་སྙིང་པོ་མི་དམིགས་པ་དེ་ལྟར་འདུ་བྱེད་རྣམས་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་ཀྱི་ 36-1-98b སྐྱེ་བ་དང་། འཇིག་པ་ཇི་ལྟར་རབ་ཏུ་ཤེས་ཞེ་ན། དེ་གང་ནས་ཀྱང་འོང་བ་མེད་ཅིང་། གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང་། འཇིག་པ་རབ་ཏུ་ཤེས་སོ། །འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པ་ཇི་ལྟར་རབ་ཏུ་ཤེས་ཞེ་ན། འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཇི་ལྟ་བ་དེ་ལྟར་ རྣམ་པར་ཤེས་པ་རབ་ཏུ་ཤེས་སོ། །དེ་གང་ནས་ཀྱང་འོང་བ་མེད་ཅིང་། གང་དུ་ཡང་འགྲོ་བ་མེད་པ་དེ་ལྟར་རྣམ་པར་ཤེས་པའི་སྐྱེ་བ་དང་འཇིག་པ་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཚོར་བའི་དེ་ བཞིན་ཉིད་ཇི་ལྟ་བ་དེ་ལྟར་རྣམ་པར་ཤེས་པའི་དེ་བཞིན་ཉིད་རབ་ཏུ་ཤེས་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་རབ་ཏུ་ཤེས་པ་ཡིན་ནོ། །ཁམས་རྣམས་ཇི་ལྟར་ཤེས་ཞེ་ན། མིག་གི་ཁམས་ནི་མིག་གི་ཁམས་ཀྱི་ངོ་བོ་ཉིད་ ཀྱིས་སྟོང་པ་དེ་ལྟར་མིག་གི་ཁམས་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཁམས་ཇི་ལྟར་ཤེས་ཞེ་ན། གཟུགས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་གཟུགས་ཀྱི་ཁམས་རབ་ཏུ་ཤེས་སོ། །མིག་གི་ རྣམ་པར་ཤེས་པའི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་མིག་གི་རྣམ་པར་ཤེས་པའི་ཁམས་རབ་ཏུ་ཤེས་སོ། །རྣ་ བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་ པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཡིད་ཀྱི་ཁམས་ནི་ཡིད་ཀྱི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་ཡིད་ཀྱི་ཁམས་ 36-1-99a རབ་ཏུ་ཤེས་སོ། །ཆོས་ཀྱི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཆོས་ཀྱི་ཁམས་ནི་ཆོས་ཀྱི་ཁམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་ཆོས་ཀྱི་ཁམས་རབ་ཏུ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཁམས་བཅྭ་བརྒྱད་རབ་ཏུ་ཤེས་པ་ཡིན་ནོ། །སྐྱེ་མཆེད་རྣམས་ཇི་ལྟར་ རབ་ཏུ་ཤེས་ཞེ་ན། ནང་གི་སྐྱེ་མཆེད་རྣམས་ནི་ནང་གི་སྐྱེ་མཆེད་རྣམས་ཀྱིས་སྟོང་ལ། ཕྱིའི་སྐྱེ་མཆེད་རྣམས་ནི་ཕྱིའི་སྐྱེ་མཆེད་རྣམས་ཀྱིས་སྟོང་པ་དེ་ལྟར་སྐྱེ་མཆེད་རྣམས་རབ་ཏུ་ཤེས་སོ། །འཕགས་པའི་བདེན་པ་རྣམས་ཇི་ལྟར་ རབ་ཏུ་ཤེས་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་རབ་ཏུ་ཤེས་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པ་རབ་ཏུ་ཤེས་པའོ། །སྡུག་བསྔལ་འཕགས་པའི་བདེན་པར་ཇི་ལྟར་རབ་ཏུ་ཤེས་ཞེ་ན། སྡུག་བསྔལ་རབ་ཏུ་ཤེས་པ་དང་། བདེན་པར་རབ་ཏུ་ཤེས་པ་དང་། འཕགས་པ་རྣམས་ཀྱི་བདེན་པའོ་ཞེས་རབ་ཏུ་ཤེས་ལ། གཉིས་ལས་རྣམ་པར་གྲོལ་ཞིང་གཉིས་མ་ཡིན་པ་ནི་འཕགས་པའི་བདེན་པ་ཡིན་པར་རབ་ཏུ་ཤེས་པ་ སྟེ། ཀུན་འབྱུང་བ་ཡང་དེ་བཞིན། འགོག་པ་ཡང་དེ་བཞིན། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཡང་དེ་བཞིན་དུ་འཕགས་པའི་བདེན་པར་རབ་ཏུ་ཤེས་སོ། །སྡུག་བསྔལ་གྱི་དེ་བཞིན་ཉིད་ཇི་ལྟར་རབ་ཏུ་ཤེས་ཞེ་ན། སྡུག་ བསྔལ་གྱི་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཡིན་པ་དེ་ལྟར་སྡུག་བསྔལ་གྱི་དེ་བཞིན་ཉིད་རབ་ཏུ་ཤེས་ཏེ། དེ་བཞིན་དུ་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་དེ་བཞིན་ཉིད་ཀྱང་རབ་ཏུ་ཤེས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་རབ་ ཏུ་ཤེས་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྐྱེ་བ་མེད་པར་རབ་ཏུ་ཤེས་སོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་འགག་པ་མེད་པ་དང་། ཚད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་ 36-1-99b པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། སྤྲོས་པ་མེད་པ་དང་། ཞི་བར་རབ་ཏུ་ཤེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཕན་ཚུན་ཐ་དད་པའི་ཆོས་དེ་དག་དེ་ལྟར་རབ་ཏུ་འཚལ་ན། བཅོམ་ལྡན་འདས་འོ་ན་དེས་ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་འགའ་ཞིག་དམིགས་སུ་ཡོད་ན་ནི། རྣམ་པར་དཀྲུགས་པར་ཡང་འགྱུར་ན། རབ་འབྱོར་ཆོས་ཀྱི་དབྱིངས་སུ་མ་གཏོགས་པ་གང་མི་དམིགས་པས། ཆོས་ཀྱི་དབྱིངས་རྣམ་པར་དཀྲུགས་པར་འགྱུར་བའི་ཆོས་གཞན་ནི་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་ནི་དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་ པའི་ཉན་ཐོས་རྣམས་ཀྱིས་ཀྱང་གང་ཡང་མ་དམིགས་པའི་ཕྱིར་ཏེ། མ་དམིགས་པས་ན་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་འགའ་ཞིག་དམིགས་སུ་ཡོད་དོ་ཞེས་འདོགས་པར་མི་བྱེད་དེ། རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་ཆོས་ཀྱི་དབྱིངས་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་གང་ལ་བསླབས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ འབྱོར་ཆོས་ཀྱི་དབྱིངས་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ལ་བསླབས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གསོལ་པ། 36-1-100a བཅོམ་ལྡན་འདས་ཅིའི་སླད་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ ཀྱི་ཆོས་ཀྱི་དབྱིངས་འདི་ནི་དབྱེར་མེད་པའི་ཚུལ་གྱིས་གནས་པ་སྟེ། རབ་འབྱོར་ཆོས་ཀྱི་དབྱིངས་དེ་ཡང་འདི་ལྟ་སྟེ། དགེ་བ་དང་མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་བར་གྱི་ཆོས་ཐམས་ཅད་ཡིན་ཏེ། རབ་འབྱོར་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། ཆོས་ཀྱི་དབྱིངས་ལ་བསླབས་ན། ཆོས་ཐམས་ཅད་ལ་བསླབས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་བཟོད་པའི་ཕ་རོལ་དུ་ ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བསམ་གཏན་དང་པོ་ལ་བསླབ་པར་བགྱི། ཇི་ལྟར་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་བྱམས་པ་ལ་བསླབ་པར་བགྱི། ཇི་ལྟར་ སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་དྲན་པ་ 36-1-100b ཉེ་བར་གཞག་པ་རྣམས་ལ་བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ ལག་བརྒྱད་པ་ལ་བསླབ་པར་བགྱི། ཇི་ལྟར་སྟོང་པ་ཉིད་ལ་བསླབ་པར་བགྱི། ཇི་ལྟར་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་བརྒྱད་ལ་བསླབ་པར་བགྱི། ཇི་ལྟར་སྙོམས་པར་འཇུག་པ་རྣམས་ལ་ བསླབ་པར་བགྱི། དེ་བཞིན་དུ་ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པར་བགྱི། ཇི་ལྟར་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ ལ་བསླབ་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་དྲུག་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་བསྒྲུབ་པའི་སླད་དུ་བསླབ་པར་བགྱི། ཇི་ལྟར་དཔེ་བྱད་བཟང་པོ་བརྒྱད་བཅུ་བསྒྲུབ་པའི་སླད་དུ་བསླབ་པར་བགྱི། ཇི་ལྟར་ རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་འགྱུར་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་ཁྱིམ་བདག་གི་རིགས་ཤིང་ས་ལ་ ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་ སླད་དུ་བསླབ་པར་བགྱི། ཇི་ལྟར་ཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་ དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་དང་། འདུ་ཤེས་མ་མཆིས་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་དེར་མི་སྐྱེ་བར་བགྱི་བའི་སླད་དུ་ཡང་ 36-1-101a བསླབ་པར་བགྱི། ཇི་ལྟར་གནས་གཙང་མ་མི་ཆེ་དང་། མི་གདུང་དང་། ཤིན་དུ་མཐོང་དང་། གྱ་ནོམ་སྣང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་བགྱི་བའི་སླད་དུ་བསླབ་པར་བགྱི། ཇི་ལྟར་ནམ་མཁའ་མཐའ་ ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་ལ་བསླབ་པར་བགྱི། ཇི་ལྟར་སེམས་དང་པོ་བསྐྱེད་པ་ལ་བསླབ་པར་བགྱི། ཇི་ལྟར་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བདུན་ པ་དང་། བརྒྱད་པ་དང་། དགུ་པ་དང་། སེམས་བསྐྱེད་པ་བཅུ་པ་ལ་བསླབ་པར་བགྱི། ཇི་ལྟར་ཉན་ཐོས་ཀྱི་ས་ལ་བསླབ་པར་བགྱི། ཇི་ལྟར་རང་སངས་རྒྱས་ཀྱི་ས་ལ་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་སེམས་དཔའི་ས་ལ་བསླབ་པར་བགྱི། ཇི་ ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་ལ་བསླབ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་ཐམས་ཅད་ལ་བསླབ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་གྱི་སྒོ་ཐམས་ ཅད་ལ་བསླབ་པར་བགྱི། ཇི་ལྟར་གང་ལ་བསླབ་པས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚལ་བར་འགྱུར་བའི་བྱང་ཆུབ་ཀྱི་ལམ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་ནི་རྣམ་པར་རྟོག་པ་དེ་དག་མ་ མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིན་ཅི་ལོག་ལ་སྤྱོད་པ་འམ། མ་སྤྲོས་པ་སྤྲོས་པར་བགྱིད་པར་མི་འགྱུར་ལགས་གྲང་། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ ཀྱི་དབྱིངས་ལ་ནི་རྣམ་པར་རྟོག་པ་དེ་དག་མ་མཆིས་པའི་སླད་དུ་སྟེ། གཟུགས་ཀྱང་ཆོས་ཀྱི་དབྱིངས་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཆོས་ཀྱི་དབྱིངས་མ་ལགས་ལ། གཟུགས་ལས་ གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་གུད་ན་ཡང་ཆོས་ཀྱི་དབྱིངས་མ་མཆིས་ཏེ། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་ལགས་ལ། ཆོས་ཀྱི་དབྱིངས་ཉིད་ཀྱང་ 36-1-101b གཟུགས་ལགས་སོ། །རྣམ་པར་ཤེས་པའི་བར་ཉིད་ཀྱང་ཆོས་ཀྱི་དབྱིངས་ལགས་ལ། ཆོས་ཀྱི་དབྱིངས་ཉིད་ཀྱང་རྣམ་པར་ཤེས་པ་ལགས་སོ། །ཇི་ལྟར་ནང་གི་ཆོས་བསྒྲེས་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བགྱིའོ། །དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་ པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། གལ་ཏེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་འགའ་ཞིག་མཐོང་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལ་གནས་པར་ཡང་མི་འགྱུར་བ་ཞིག་ན། འདི་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་ ཆོས་ཀྱི་དབྱིངས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པ་ཇི་ལྟ་ བ་བཞིན་དུ་རབ་ཏུ་ཤེས་ནས་ཀྱང་མིང་མེད་པའི་ཆོས་རྣམས་ལ་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ཤེས་པའོ། །ཞེས་བྱ་བ་དང་། དེ་བཞིན་དུ་སྦྱར་ཏེ་ འདི་ནི་བྱང་ཆུབ་བོ་ཞེས་བྱ་བའི་བར་དུ་མིང་དང་བརྡས་སྟོན་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་རྫས་ཀྱི་རྣམ་པ་གང་ཡང་རུང་བ་ཞིག་ལ་བྱིན་གྱིས་ 36-1-102a བརླབས་ནས་གཟུགས་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་སམ། གླང་པོ་ཆེའི་གཟུགས་སམ། རྟའི་གཟུགས་སམ། གླང་གི་གཟུགས་སམ། སྐྱེད་མོས་ཚལ་ལམ། ཀུན་དགའ་ར་བ་ཉམས་དགའ་བ་དག་གམ། ཆུ་ཀླུང་ཉམས་དགའ་བ་དག་གམ། རྫིང་བུ་ཉམས་དགའ་བ་དག་ཉེ་བར་བསྟན་ཏེ། དེར་གདིང་བ་དང་། རོལད་བྱམ་སྣ་ཚོགས་བཏིང་བ་དག་ཀྱང་ཉེ་བར་བསྟན་ནས། མེ་ཏོག་དང་མེ་ཏོག་ཕྲེང་གི་ཡོན་ ཏན་དང་། བཟའ་བ་དང་། བཅའ་བ་དག་ཀྱང་ཀུན་དུ་བསྟན། གླུ་དབྱངས་དང་རོལ་མོ་མང་པོས་སྐྱེ་བོ་དགའ་བར་བྱེད་པ་དག་ཀྱང་ཀུན་དུ་བསྟན་ནས་སྦྱིན་པ་སྦྱིན་པར་བྱེད་པ་འམ། ཚུལ་ཁྲིམས་སྲུང་བ་འམ། བཟོད་པ་སྒྲུབ་པ་འམ། བརྩོན་འགྲུས་རྩོམ་པ་འམ། ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ་འམ། ཤེས་རབ་སྒོམ་པར་བྱེད་པ་འམ། དེས་དེར་རྣམ་པ་དེ་ལྟ་བུ་དག་གིས་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་གམ། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ ལྟ་བུ་དག་གམ། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་ཀྱང་བསྟན་ཏམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་བསྟན་ཏམ། རི་རབ་བསྟན་ཏམ། སུམ་བཅུ་རྩ་གསུམ་པའི་ལྷ་དག་བསྟན་ཏམ། འཐབ་བྲལ་འམ། དགའ་ ལྡན་ནམ། འཕྲུལ་དགའ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་བསྟན་ཏམ། གཟུགས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་དག་བསྟན་ཏམ། རྒྱུན་དུ་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བ་ འམ། ཕྱིར་མི་འོང་བ་འམ། དགྲ་བཅོམ་པ་འམ། རང་སངས་རྒྱས་གང་ཡིན་པ་དེ་དག་བསྟན་ཏམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ས་དང་པོ་ལ་སྤྱོད་པ་དང་། ས་བཅུ་པའི་བར་ 36-1-102b ལ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང་། མངོན་པར་ཤེས་པ་རྣམས་མངོན་པར་སྒྲུབ་ཅིང་། དེ་དག་གིས་རྣམ་པར་རྩེ་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ པར་བྱེད་པ་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་རྣམ་པར་རྩེ་བ་དང་། ཡན་ལག་དང་ཉིང་ལག་དག་ཡོངས་སུ་གཏོང་བ་དང་། དཀའ་བ་སྤྱོད་པ་དང་། འཇིག་རྟེན་གྱི་ཁམས་སྣང་བར་བྱེད་ པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒྲུབ་པར་བྱེད་པ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པ་དག་བསྟན་ཏམ། སངས་རྒྱས་ཀྱི་སྐུ་ཡན་ལག་ དང་། ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་དག་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་རང་བཞིན་ཅན་དག་འདི་སྙམ་དུ། ཀྱེ་མ་མི་འདིས་ཇི་ཙམ་དུ་འདི་ལྟ་སྟེ། གཟུགས་རྣམ་པ་སྣ་ཚོགས་དག་དང་། དེ་བཞིན་དུ་སྦྱར་ཏེ་སངས་ རྒྱས་ཀྱི་སྐུའི་བར་དག་བསྟན་པས་སྐྱེ་བོ་འདི་དག་ཡང་དག་པར་འཛིན་ཅིང་། ཅི་ནས་ཀྱང་མཛེས་དགུ་ཤ་སྟག་བྱེད་པ་ནི་ཤིན་དུ་ལེགས་པར་བསླབས་པ་ཡིན་ནོ་སྙམ་དུ་ཤེས་སོ། །དེ་ན་མི་གང་དག་མཁས་པའི་རང་བཞིན་ཅན། གསལ་ ཞིང་ཡིད་གཞུངས་ལ་གཟུགས་དེ་དག་ལ་དཔྱོད་པ་དང་ལྡན་པ་དེ་དག་ནི་འདི་སྙམ་དུ་འདི་ལ་ཆོས་གང་ཡང་དམིགས་སུ་མེད་ན། མི་འདིས་ཡོད་པ་མ་ཡིན་པའི་ཆོས་རྣམས་ཀྱིས་སྐྱེ་བོའི་ཚོགས་འདི་དག་དགའ་བར་བྱེད་པ་དང་། འདི་ ལྟར་འདི་ནི་དེ་དག་ལ་སྐྱེ་བོ་འདི་དག་ནི་རྫས་མེད་པ་ལ་རྫས་སུ་འདུ་ཤེས་པ་ཡིན་ནོ་སྙམ་པའི་ཤེས་པ་འབྱུང་བ་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ནོ་སྙམ་མོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གཞན་གང་ཡང་མི་མཐོང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་དམིགས་ 36-1-103a མོད་ཀྱི། དེ་ཐབས་ལ་མཁས་པ་དང་ལྡན་པས་བདག་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་པ་ལ་སྦྱོར་བར་བྱེད་ཅིང་། སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་སྦྱིན་པ་སྦྱིན་པར་བྱེད་པ་དེ་ དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །བདག་ཀྱང་ཚུལ་ཁྲིམས་སྲུང་བར་བྱེད། བདག་ཀྱང་བཟོད་པ་སྒོམ་པར་བྱེད། བདག་ཀྱང་བརྩོན་འགྲུས་རྩོམ་པར་བྱེད། བདག་ཀྱང་བསམ་གཏན་ལ་མཉམ་པར་ འཇོག་པར་བྱེད། བདག་ཀྱང་ཤེས་རབ་སྒོམ་པར་བྱེད་ལ། གཞན་དག་ཀྱང་ཤེས་རབ་ལ་སྦྱོར་བར་བྱེད་ཅིང་། ཤེས་རབ་ཀྱི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་ཤེས་རབ་སྒོམ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་ དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་། རྗེས་སུ་དགའ་བར་བྱེད་དོ། །བདག་ ཀྱང་བསླབ་པའི་གཞི་ལྔ་ཡང་དག་པར་འཛིན་པར་བྱེད་ཅིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །བདག་ཀྱང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་གནས་པར་བྱེད་ཅིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །བདག་ཀྱང་ བསམ་གཏན་དང་པོ་དང་། བསམ་གཏན་བཞི་པའི་བར་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ བར་དག་བསྒྲུབས་ཏེ་གནས་ཤིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །བདག་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། 36-1-103b སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་སྒོམ་ཞིང་རྗེས་སུ་དགའ་བའི་བར་དུ་བྱེད་དོ། །རབ་འབྱོར་གལ་ཏེ་ཆོས་ཀྱི་དབྱིངས་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་མ་ཡིན་ལ། བར་དུ་ཡང་དེ་བཞིན་མ་ཡིན་དུ་ ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་ཆོས་ཀྱི་དབྱིངས་བརྗོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་བྱེད་པར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཆོས་ཀྱི་དབྱིངས་ནི་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ལ། བར་དུ་ཡང་དེ་བཞིན་ཏེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཆོས་ ཐམས་ཅད་མཉམ་པ་ཉིད་དུ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་བཅུ་རྩ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་སེམས་ ཅན་ཤིན་དུ་དམིགས་སུ་མ་མཆིས་ལ། སེམས་ཅན་དུ་གདགས་པ་ཡང་མཆིས་ན། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བགྱིད་ལགས། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པའི་མཐའ་ཚད་མར་བྱས་ནས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་ལ། སེམས་ཅན་གྱི་མཐའ་ཡང་གཞན་པ་ཞིག་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ 36-1-104a པར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ལ། སེམས་ཅན་གྱི་མཐའ་ཡང་གཞན་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཡང་དག་པའི་མཐའ་རྣམ་པར་འཁྲུགས་པ་མེད་པས་སེམས་ཅན་རྣམས་ ཡང་དག་པའི་མཐའ་ལ་འགོད་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ཉིད་ཀྱང་སེམས་ཅན་གྱི་ མཐའ་ལགས་ན། འོ་ན་ཇི་ལྟར་ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་གནས་པར་འགྱུར་ལགས། བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའ་གནས་པར་འགྱུར་ན་ནི། དེ་ལྟ་ན་ངོ་བོ་ཉིད་ལ་ངོ་བོ་ ཉིད་གནས་པར་འགྱུར་ཏེ། བཅོམ་ལྡན་འདས་ངོ་བོ་ཉིད་ལ་ངོ་བོ་ཉིད་གནས་པ་ནི་མ་མཆིས་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་སེམས་ ཅན་གྱི་མཐའ་ཡང་དག་པའི་མཐའ་ལ་འགོད་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཡང་དག་པའི་མཐའ་ཡང་ཡང་ དག་པའི་མཐའ་ལ་མི་གནས་ལ། ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ལ་མི་གནས་མོད་ཀྱི། རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་སེམས་ཅན་གྱི་ མཐའ་ཡང་དག་པའི་མཐའ་ལ་འགོད་ཅིང་། ཡང་དག་པའི་མཐའ་རྣམ་པར་འཁྲུགས་པར་ཡང་མི་བྱེད་དེ། རབ་འབྱོར་དེ་ལྟར་ན་ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ལ། སེམས་ཅན་གྱི་མཐའ་ཡང་མ་ཡིན་ཏེ། ཡང་དག་པའི་མཐའ་དང་། 36-1-104b སེམས་ཅན་གྱི་མཐའ་འདི་ནི་གཉིས་སུ་མེད་དེ། །གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ། གཅད་དུ་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པ་གང་དང་ལྡན་པས་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་འགོད་ཀྱང་ཡང་དག་པའི་མཐའ་རྣམ་པར་འཁྲུགས་པར་ཡང་མི་ བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སེམས་ཅན་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་ཀྱང་སྦྱིན་པ་དེའི་སྔོན་ གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་སྟོན་པར་བྱེད་དེ་ཇི་ལྟར་སྦྱིན་པ་འདི་སྔོན་གྱི་མཐའ་ཡང་སྟོང་ལ། ཕྱི་མའི་མཐའ་ཡང་སྟོང་ཞིང་། དབུས་ཀྱང་སྟོང་པ་དེ་བཞིན་དུ་སྦྱིན་པ་འདི་ཡང་སྟོང་ངོ་། །སྦྱིན་པའི་འབྲས་བུ་ཡང་སྟོང་ངོ་། །སྦྱིན་བདག་ཀྱང་ སྟོང་ངོ་། །ལེན་པ་པོ་ཡང་སྟོང་སྟེ། རིགས་ཀྱི་བུ་དེ་ལྟར་ན་དོན་དེ་དག་ཐམས་ཅད་ནི་ཡང་དག་པའི་མཐའ་ལ་ཡོད་པ་མ་ཡིན་གྱིས། སྦྱིན་པ་ཡང་གཞན་ལ་སྦྱིན་པའི་འབྲས་བུ་ཡང་གཞན་ནོ་སྙམ་དུ་མ་སེམས་ཤིག །སྦྱིན་བདག་ཀྱང་གཞན་ལ་ལེན་པ་ པོ་ཡང་གཞན་ནོ་སྙམ་དུ་མ་སེམས་ཤིག །རིགས་ཀྱི་བུ་ཁྱོད་གང་གི་ཚེ་སྦྱིན་པ་ཡང་གཞན་ལ། སྦྱིན་པའི་འབྲས་བུ་ཡང་གཞན་ནོ་སྙམ་དུ་མི་སེམས་ལ། སྦྱིན་བདག་ཀྱང་གཞན་ལ་ལེན་པ་པོ་ཡང་གཞན་ནོ་སྙམ་དུ་མི་སེམས་པ་དེའི་ཚེ་ཁྱོད་ཀྱི་སྦྱིན་ པ་འདི་ནི་གཉི་ག་ལ་བདུད་རྩིར་འགྱུར་ཏེ། བདུད་རྩིའི་འབྲས་བུ་དང་། བདུད་རྩིའི་མཐའ་སྦྱིན་པར་བྱེད་ཀྱིས། ཁྱོད་སྦྱིན་པ་འདིས་གཟུགས་ཡོངས་སུ་མ་འཛིན་ཅིག །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་འཛིན་ཅིག ། 36-1-105a དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱི་སྦྱིན་པ་འདི་ནི་སྦྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་། འབྲས་བུ་དེ་ཡང་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་། སྦྱིན་བདག་ཀྱང་སྦྱིན་བདག་གི་ངོ་བོ་ཉིད་ཀྱིས་སྟོང་། ལེན་པ་པོ་ཡང་ལེན་པ་པོའི་ངོ་བོ་ཉིད་ཀྱིས་ སྟོང་པས་ན། སྟོང་པ་ཉིད་ལ་ནི་སྦྱིན་པ་ཡང་དམིགས་སུ་མེད་ལ། སྦྱིན་པའི་འབྲས་བུ་དང་། སྦྱིན་བདག་དང་། ལེན་པ་པོ་ཡང་དམིགས་སུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་ཤིན་དུ་སྟོང་པའི་ཕྱིར་རོ་ཞེས་ སྟོན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་སེམས་ཅན་རྣམས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དེ། རིགས་ཀྱི་བུ་ཚུར་ཤོག །ཁྱོད་ཀྱིས་སྲོག་ གཅོད་པ་སྤོངས་ལ། སྲོག་གཅོད་པ་ལས་ཕྱིར་ལྡོག་པར་གྱིས་ཤིག །དེ་བཞིན་དུ་སྦྱར་ཏེ་ཁྱོད་ཀྱིས་ལོག་པར་ལྟ་བའི་བར་དུ་སྤོངས་ལ། ལོག་པར་ལྟ་བ་ལས་ཕྱིར་ལྡོག་པར་གྱིས་ཤིག །རིགས་ཀྱི་བུ་ཆོས་འདི་དག་ཐམས་ཅད་ལ་ཇི་ལྟར་ ཁྱོད་ཀྱིས་ཡོངས་སུ་བརྟགས་པ་དེ་ལྟ་བུའི་རང་བཞིན་གང་ཡང་མེད་ཀྱིས། རིགས་ཀྱི་བུ་ཆོས་འདི་དག་ལ་གང་སྲོག་གཅད་པར་བྱ་བའི་སྲོག་ཆགས་དང་། གང་གིས་སྲོག་གཅད་པར་བྱ་བའི་ཆོས་དེ་དག་གང་ཡིན་ཞེས་ཉེ་བར་རྟོགས་ཤིག ། ལོག་པར་ལྟ་བའི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་སྟོན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པས་སེམས་ཅན་རྣམས་ཡོངས་ སུ་སྨིན་པར་བྱེད་ཅིང་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་ཡང་སྟོན་ལ། སྦྱིན་པའི་འབྲས་བུ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་པས། རིགས་ཀྱི་བུ་དེས་སྦྱིན་པའི་འབྲས་བུ་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ དག་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པར་རིག་ནས། དེ་ལ་མངོན་པར་ཞེན་པར་མི་བྱེད་དོ། །མངོན་པར་ཞེན་པ་མེད་པས་རྣམ་པར་གཡེང་བ་མེད་པ་བསྐྱེད་ནས། ཤེས་རབ་བསྐྱེད་པར་བྱེད་དོ། །ཤེས་རབ་དེས་བག་ལ་ཉལ་དང་། ཀུན་ནས་ལྡང་བ་ཐམས་ཅད་ 36-1-105b བཅད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ནི་གང་ཡོངས་སུ་མྱ་ངན་ལས་འདའ་བ་འམ་ གང་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་གང་ཡང་དམིགས་སུ་མེད་པའི་ཕྱིར་ཏེ་གཞན་དུ་ན། དེའི་ཡོངས་སུ་མྱ་ངན་ལས་འདས་པ་དེ་ནི་འདི་ལྟ་སྟེ། མཐའ་ལས་འདས་པའི་སྟོང་པ་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་གསུམ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་ཕན་ ཚུན་འཁྲུགས་ཤིང་གནོད་སེམས་སུ་གྱུར་པ་དག་མཐོང་ན། འདི་སྐད་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག །གང་ལ་ཁྱོད་གནོད་སེམས་སུ་བྱེད་པའི་ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཡིན་ གྱིས། ཁྱོད་ཅག་བཟོད་པ་བསྒྲུབས་ཤིག །བཟོད་པ་བསྒོམས་ཤིག །དང་དུ་ལེན་པའི་རང་བཞིན་ཅན་དུ་གྱིས་ཤིག །ཀྱེ་གང་ལ་གནོད་སེམས་སུ་བྱ་བ་དང་། གང་གནོད་སེམས་སུ་བྱེད་པ་དང་། གང་གིས་གནོད་སེམས་སུ་ བྱེད་པའི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཉེ་བར་རྟོགས་ཤིག །རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ནི་ནམ་ཡང་མི་སྟོང་བར་མི་འགྱུར་ཏེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད། རང་ སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། རྒྱལ་ ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་རྣམས་དང་། ཚངས་པ་རྣམས་དང་། དགེ་རྒྱས་ཀྱི་བར་དག་དང་། གནས་གཙང་མ་པ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་ 36-1-106a བའི་བར་དག་གིས་ཀྱང་མ་བྱས་ཏེ། རིགས་ཀྱི་བུ་གང་ལ་གནོད་སེམས་སུ་བྱ་བ་དང་། གང་གནོད་སེམས་སུ་བྱེད་པ་དང་། གང་གིས་གནོད་སེམས་སུ་བྱེད་པའི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར་ཉེ་བར་རྟོགས་ ཤིག་དང་། སྟོང་པ་ཉིད་ནི་གང་ལ་ཡང་གནོད་སེམས་སུ་བྱེད་པར་མི་འགྱུར་རོ་ཞེས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་དེ་ལྟར་སེམས་ཅན་རྣམས་རང་ བཞིན་གྱིས་སྟོང་པ་ཉིད་ལ་སྦྱོར་བར་བྱེད་ཅིང་། རྒྱུ་དང་འབྲས་བུ་ལ་ཡང་སྦྱོར་བར་བྱེད་དོ། །རང་བཞིན་གྱིས་སྟོང་པ་ཉིད་ལ་སྦྱོར་བ་ན། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་དགའ་བར་བྱེད། ཡང་དག་པར་འཛིན་དུ་འཇུག །འཛུད་པར་བྱེད། འགོད་པར་བྱེད་དེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་སྟོང་པ་ཉིད་ལ་ནི་གང་ཐོབ་པར་བྱ་བ་དང་། གང་ཐོབ་པར་ བྱེད་པ་དང་། གང་གིས་ཐོབ་པར་བྱེད་པའི་ཆོས་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའ་གང་ལ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ལ་ནི་སེམས་ཅན་ཡང་མི་དམིགས། སེམས་ཅན་དུ་གདགས་པ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སེམས་ ཅན་གྱིས་དབེན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་བརྩོན་འགྲུས་ཞན་པ་དག་མཐོང་ན། ཐབས་ལ་མཁས་པས་ ལུས་དང་། སེམས་ཀྱི་བརྩོན་འགྲུས་ཡང་དག་པར་འཛིན་དུ་འཇུག་སྟེ། རིགས་ཀྱི་བུ་རང་བཞིན་སྟོང་པ་ཉིད་ལ་ནི་གང་ལ་ཞུམ་པར་འགྱུར་བ་དང་། གང་ཞུམ་པར་འགྱུར་བ་དང་། གང་གིས་ཞུམ་པར་འགྱུར་བའི་ཆོས་གང་ཡང་ཡོད་ 36-1-106b པ་མ་ཡིན་ཏེ། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ལས་རྣམ་པར་མི་འདའ་བ་ཡིན་གྱིས། ཁྱོད་ལུས་དང་སེམས་ཀྱི་བརྩོན་འགྲུས་བསྐྱེད་ཅིང་ལེ་ལོ་སྤོངས་ལ། འདི་ལྟ་སྟེ། དགེ་བའི་ཆོས་སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་པ་འམ། བརྩོན་འགྲུས་སམ། ཏིང་ངེ་འཛིན་ཏམ། ཤེས་རབ་བམ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་སམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། འཕགས་པའི་ལམ་ ཡན་ལག་བརྒྱད་པའི་བར་དག་གམ། སྟོང་པ་ཉིད་དམ། མཚན་མ་མེད་པ་འམ། སྨོན་པ་མེད་པ་འམ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་ལ་བརྩོན་པར་གྱིས་ཤིག །རིགས་ཀྱི་བུ་སྟོང་པ་ཉིད་ཀྱིས་ཆོས་དེ་དག་སྒྲིབ་པ་མེད་པར་ ལྟོས་ཤིག་དང་། སྒྲིབ་པ་མེད་པའི་ཆོས་རྣམས་ལ་ཞུམ་པར་འགྱུར་བ་གང་ཡང་མེད་དོ་ཞེས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་དེ་ལྟར་ སེམས་ཅན་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་ལ་འགོད་པར་བྱེད་དེ། ཅི་ནས་ཀྱང་གཉིས་སུ་མེད་པ་དེ་ལྟར་འགོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ནི་གཉིས་སུ་ མེད་ཅིང་། གཉིས་སུ་དབྱེར་མེད་དེ། གཉིས་སུ་མེད་པ་ལ་ནི་ཞུམ་པར་འགྱུར་བ་གང་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་བརྩོན་འགྲུས་ལ་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག །སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་པ་འམ། བརྩོན་འགྲུས་སམ། ཏིང་ངེ་འཛིན་ཏམ། ཤེས་ རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་འམ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ 36-1-107a འམ། མི་འཇིགས་པ་བཞི་འམ། སོ་སོ་ཡང་དག་པར་རིག་པ་བཞི་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་བརྩོན་པར་གྱིས་ལ། ཆོས་དེ་དག་ལ་གཉིས་པར་ཡང་ཡིད་ལ་མ་བྱེད་ཅིག ། མི་གཉིས་པར་ཡང་ཡིད་ལ་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ལ་ནི་གཉིས་དང་གཉིས་མ་ཡིན་པར་ཡིད་ལ་བྱ་བ་མེད་པའི་ཕྱིར་རོ་ཞེས། རབ་འབྱོར་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། ཡོངས་སུ་སྨིན་པར་བྱས་ནས་ཀྱང་ རིམ་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་པར་བྱེད། དགྲ་བཅོམ་པ་ཉིད་ལ་འགོད་པར་བྱེད། རང་བྱང་ཆུབ་ལ་འགོད་པར་བྱེད་ཅིང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་འགོད་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་སེམས་ཅན་རྣམས་ ཀྱི་དོན་བྱེད་ཅིང་། ཏིང་ངེ་འཛིན་སྒོམ་པ་ལ་འཇུག་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག །ཁྱོད་རྣམ་པར་གཡེང་བའི་འདུ་ཤེས་སུ་ཡང་མ་བྱེད། ཏིང་ངེ་འཛིན་གྱི་འདུ་ཤེས་སུ་ཡང་མ་བྱེད་པར་ཏིང་ངེ་འཛིན་སྒོམས་ཤིག །དེ་ཅིའི་ཕྱིར་ ཞེ་ན། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་གང་རྣམ་པར་གཡེང་བ་འམ། རྩེ་གཅིག་ཏུ་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་པའི་ཕྱིར་ཏེ། ཁྱོད་ཏིང་ངེ་འཛིན་འདི་ལ་གནས་ཤིང་ རང་བཞིན་གྱིས་སྟོང་པ་ཉིད་ལ་སྤྱོད་ན་ལུས་སམ། ངག་གམ། ཡིད་ཀྱིས་དགེ་བའི་ཆོས་གང་ཅི་བྱེད་ཀྱང་རུང་སྟེ། སྦྱིན་པ་གཏོང་ངམ། ཚུལ་ཁྲིམས་སྲུང་ངམ། བཟོད་པ་སྒྲུབ་བམ། བརྩོན་འགྲུས་རྩོམ་འམ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ། 36-1-107b ཤེས་རབ་སྒོམ་འམ། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་སྒོམ་འམ། རྣམ་པར་ཐར་པའི་སྒོ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་ པའི་སྟོབས་བཅུ་འམ། མི་འཇིགས་པ་བཞི་འམ། སོ་སོ་ཡང་དག་པར་རིག་པ་བཞི་འམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དམ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་བཅུ་འམ། ཉན་ཐོས་ཀྱི་ལམ་འམ། རང་སངས་རྒྱས་ཀྱི་ལམ་འམ། བྱང་ཆུབ་སེམས་དཔའི་ལམ་འམ། སངས་རྒྱས་ཀྱི་ལམ་འམ། རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་འམ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་རུང་སྟེ། ཁྱོད་ཀྱི་དགེ་བའི་ ཆོས་དེ་དག་ཚེགས་ཆུང་ངུས་འགྲུབ་པར་འགྱུར་རོ་ཞེས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། སེམས་དང་ པོ་བསྐྱེད་པ་ནས་བཟུང་སྟེ། ནམ་དུ་ཡང་བྱ་བ་མ་ཡིན་པ་མི་བྱེད་པར་དགེ་བ་བཅུ་ཡིན་ཞེས་ཚོལ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བའི་ཕྱིར་སངས་ རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་རབས་རྗེས་སུ་ཟིན་ ཀྱང་། ནམ་དུ་ཡང་ཆུད་ཟ་བར་མི་འགྱུར་ཞིང་རྟག་ཏུ་གཟུངས་འཐོབ་པ་དང་། ལུས་ཀྱི་དབང་པོ་འམ། ངག་གི་དབང་པོ་འམ། ཡིད་ཀྱི་དབང་པོ་ཡང་རུང་སྟེ། དབང་པོ་རྟུལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་རྟག་ཏུ་རྒྱུན་མི་ཆད་པར་རྣམ་པ་ 36-1-108a ཐམས་ཅད་མཁྱེན་པ་ཉིད་ཤིན་དུ་བསྒོམས་པའི་ཕྱིར་ཏེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་དུ་བསྒོམས་པ་དེས་ལམ་ཐམས་ཅད་ཀྱང་ཤིན་དུ་བསྒོམས་པ་ཡིན་ཏེ། ཉན་ཐོས་ཀྱི་ལམ་འམ། རང་སངས་རྒྱས་ཀྱི་ལམ་ འམ། བྱང་ཆུབ་སེམས་དཔའི་ལམ་འམ། སངས་རྒྱས་ཀྱི་ལམ་དག་ཀྱང་ཤིན་དུ་བསྒོམས་པ་ཡིན་ནོ། །མངོན་པར་ཤེས་པ་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆུད་མི་ཟ་བའི་ཚུལ་གྱིས་ཕན་པར་འགྱུར་བ་དེ་དག་ཀྱང་ ཤིན་དུ་བསྒོམས་པ་ཡིན་ཏེ། དེ་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། འགྲོ་བ་ལྔའི་འཁོར་བ་ན་འཁོར་ཡང་ཡོངས་སུ་ཉམས་པར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ཏེ། སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་ལ་སྤྱོད་པ། རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ནས། ཐབས་ལ་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་དུ་བསྒོམས་པས་སེམས་ཅན་རྣམས་ལ་འདི་སྐད་དུ་འདོམས་ཤིང་རྗེས་ སུ་སྟོན་པར་བྱེད་དེ། རིགས་ཀྱི་བུ་ཚུར་ཤོག །ཁྱོད་ལུས་སམ། ངག་གམ། ཡིད་ཀྱིས་ལས་གང་བྱེད་ཀྱང་རུང་སྟེ། དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་སོ་སོར་རྟོགས་ཤིག་དང་། ཁྱོད་ཀྱི་ལས་དེ་དག་བདུད་རྩིར་འགྱུར་ཞིང་། བདུད་རྩིའི་འབྲས་བུ་དང་། བདུད་རྩིའི་མཐར་འགྱུར་ཏེ། རང་བཞིན་སྟོང་པ་ཉིད་ལ་ནི་གང་མངོན་པར་ཞེན་པ་འམ། ཡོངས་སུ་ཉམས་པར་འགྱུར་བའི་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ ནི་ཡོངས་སུ་ཉམས་པར་མི་འགྱུར་ལ། རང་བཞིན་གྱིས་སྟོང་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་བའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན། དངོས་ 36-1-108b པོ་མེད་པ་ཡང་མ་ཡིན་པའི་ཕྱིར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལས་ཅི་ཞིག་ཡོངས་སུ་ཉམས་པར་འགྱུར་ཞེས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེ་ལྟར་སེམས་ ཅན་རྣམས་ལ་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དེ། རང་བཞིན་གྱིས་སྟོང་པ་ཉིད་ལ་འཛུད་པར་བྱེད་དོ། །དེ་དེ་ལྟར་འདོམས་ཤིང་དེ་ལྟར་རྗེས་སུ་སྟོན་པ་དང་། རང་བཞིན་གྱིས་སྟོང་པ་ཉིད་ལ་འཛུད་པར་བྱེད་པའི་ཚེ། ནམ་དུ་ཡང་བྱ་བ་མ་ཡིན་པ་ མི་བྱེད་དེ། དེ་བདག་ཀྱང་རྟག་པར་རྒྱུན་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་པར་བྱེད་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་གོ། །དེ་བཞིན་དུ་བདག་ཀྱང་བསླབ་པའི་གཞི་ལྔ་དང་ཡན་ ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གི་བར་དག་ལ་གནས་པར་བྱེད་ལ། གཞན་དག་ཀྱང་ཡང་དག་པར་འཛིན་དུ་འཇུག་གོ། །བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་ འཇུག་པ་ཡང་དག་པར་འཛིན་དུ་འཇུག་གོ། །བདག་ཀྱང་བསམ་གཏན་བཞི་པའི་བར་དག་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་བསམ་གཏན་བཞི་པའི་བར་དག་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་གོ། ། བདག་ཀྱང་རྟག་པར་རྒྱུན་དུ་བྱམས་པ་ལ་གནས་པ་ཡིན་ཞིང་གཞན་དག་ཀྱང་རྟག་པར་རྒྱུན་དུ་བྱམས་པ་བསྒོམ་པ་ཡང་དག་པར་འཛིན་དུ་འཇུག་གོ། །བདག་ཀྱང་བཏང་སྙོམས་ཀྱི་བར་དག་སྒོམ་ལ། གཞན་དག་ཀྱང་བཏང་ སྙོམས་ཀྱི་བར་དག་ལ་བསྒོམ་པ་ཡང་དག་པར་འཛིན་དུ་འཇུག་གོ། །བདག་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་དག་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་འདུ་ཤེས་མེད་འདུ་ ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་གོ། །བདག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་ལ། གཞན་དག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ཡང་དག་པར་ 36-1-109a འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པར་བྱེད་དོ། །བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ལ་སྒོམ་ལ། གཞན་དག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་བསྒོམ་པ་ཡང་ དག་པར་འཛིན་དུ་འཇུག་གོ། །བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་ལ། གཞན་དག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པར་བྱེད་དོ། ། བདག་ཀྱང་དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་སྒྲུབ་པ་ལ་སློབ་ལ། གཞན་དག་ཀྱང་དཔེ་བྱད་བཟང་པོ་བརྒྱད་བཅུ་བསྒྲུབ་པ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པར་བྱེད་དོ། །བདག་ཀྱང་རྒྱུན་དུ་ཞུགས་པའི་ འབྲས་བུའི་ཤེས་པ་སྐྱེད་ཅིང་། དེ་ལ་གནས་པར་ཡང་མི་བྱེད་ལ། གཞན་དག་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུའི་ཤེས་པ་ལ་འགོད་པར་བྱེད་དོ། །བདག་ཀྱང་དགྲ་བཅོམ་པ་ཉིད་ཀྱི་བར་དག་གི་ཤེས་པ་སྐྱེད་ཅིང་། དེ་ལ་གནས་པར་ཡང་མི་ བྱེད་ལ། གཞན་དག་ཀྱང་དགྲ་བཅོམ་པ་ཉིད་ཀྱི་ཤེས་པ་ལ་འགོད་པར་བྱེད་དོ། །བདག་ཀྱང་རང་བྱང་ཆུབ་ཀྱི་ཡེ་ཤེས་པ་སྐྱེད་ཅིང་དེ་ལ་གནས་པར་ཡང་མི་བྱེད་ལ། གཞན་དག་ཀྱང་རང་བྱང་ཆུབ་ཀྱི་ཤེས་པ་ལ་འདུལ་ཞིང་འཛུད་དེ་ འགོད་པར་བྱེད་དོ། །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་བསྐྱེད་པར་བྱེད་ལ། གཞན་དག་ཀྱང་ལམ་དེ་ལ་འདོམས་ཤིང་རྗེས་སུ་སྟོན་པ་དང་། འདུལ་ཞིང་འཛུད་དེ་འགོད་པར་བྱེད་དོ། །རབ་འབྱོར་དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མཁས་པས་ནམ་དུ་ཡང་བྱ་བ་མ་ཡིན་པ་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་ཡང་མི་དམིགས། ཆོས་དང་ལམ་ཡང་མི་དམིགས་ན། བཅོམ་ལྡན་འདས་ཇི་ལྟར་ 36-1-109b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་ བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། རང་བཞིན་གྱི་སྟོང་པ་ཉིད་ལ་ནི་སེམས་ཅན་ཡང་དམིགས་སུ་མེད། ཆོས་དང་ལམ་ཡང་དམིགས་སུ་མེད་དོ། །རབ་འབྱོར་གལ་ཏེ་ ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས་སྟོན་པར་ཡང་མི་འགྱུར་བ་ཞིག་ན། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ལ། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་ སྟོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་རང་བཞིན་གྱིས་སྟོང་། དཔེ་བྱད་བཟང་པོ་བརྒྱད་བཅུ་ཡང་རང་བཞིན་གྱིས་སྟོང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་བར་དག་ཀྱང་རང་བཞིན་གྱིས་སྟོང་སྟེ། རབ་འབྱོར་གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཕུང་པོ་ལྔ་པོ་དག་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་རང་བཞིན་གྱིས་སྟོང་ཞེས་བྱ་བར་ 36-1-110a ཆོས་སྟོན་ཏོ། །རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །རྒྱུན་དུ་ ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ ཅད་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་ཏོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་པར་ མི་འགྱུར་ལ། དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དེ་བཞིན་དུ་སྦྱར་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག །རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ ཐམས་ཅད་རང་བཞིན་གྱིས་སྟོང་ཞེས་བྱ་བར་ཆོས་སྟོན་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་བ་ཞིག་ན། རང་བཞིན་གྱིས་སྟོང་པ་ཉིད་ནི་འཇིག་པར་ཡང་མི་འགྱུར་ཞིང་། ཐེར་ཟུག་ཏུ་ གནས་པ་ཡང་མ་ཡིན་ཏེ། ཕྱིས་མེད་པར་འགྱུར་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཤིང་། དེ་ནི་གང་ནས་ཀྱང་འོང་བ་མ་ཡིན། གང་དུ་ཡང་འགྲོ་བ་མ་ཡིན་པའི་ཕྱིར་རོ། །དེ་ནི་ཆོས་ གནས་པ་ཉིད་ཡིན་ཏེ། དེ་ལ་ནི་འཕེལ་བ་འམ། འགྲིབ་པ་འམ། སོགས་པ་འམ། འཇིག་པ་འམ། སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བའི་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་ནི་ཆོས་རྣམས་ཀྱི་རང་ 36-1-110b བཞིན་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ཀྱང་། ཆོས་གང་ཡང་འཇིག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་ནི་གནས་པ་ཡང་མེད་ ཅིང་འཇུག་པ་མེད་པ་སྟེ། དེ་ནི་ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་བས། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་གང་ལ་ཡང་སྒྲིབ་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར་རོ། །དེ་ནི་འདི་ལྟར་རང་བཞིན་ གྱིས་སྟོང་པ་ཉིད་དེ་ལ་བདག་མི་དམིགས་ཤིང་། བདག་ཏུ་གདགས་པ་ཡང་མི་དམིགས་ལ། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། གསོ་བ་པོ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་ཡང་མི་དམིགས། མཐོང་བ་པོར་གདགས་པ་ཡང་མི་དམིགས། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པ་ཡང་མི་དམིགས། རྣམ་པར་ཤེས་པར་གདགས་པ་ཡང་མི་དམིགས། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ཀྱང་མི་དམིགས། དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་ཀྱང་མི་དམིགས། དཔེ་བྱད་བཟང་པོ་བརྒྱད་ བཅུར་གདགས་པ་ཡང་མི་དམིགས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཙོམ་ཟ་བར་འགྱུར་བ་ལྟ་ག་ལ་ཡོད། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པའི་དགེ་སློང་ངམ། དགེ་ སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ཞིག་ལ་བསྐལ་པ་ཁྲག་ཁྲིག་སྙེད་དུ་རྒྱུན་མ་ཆད་པར་ཆོས་བསྟན་པར་གྱུར་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྤྲུལ་པ་དེ་དག་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། ལན་ཅིག་ཕྱིར་འོང་ 36-1-111a བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་འཐོབ་པ་འམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་སྐལ་པ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་ འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་ལ་དངོས་པོ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པ་ལ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལ་གཟུང་བར་བྱ་བའི་སེམས་ཅན་གང་ཞིག་ཡོད་དེ། གཞན་དུ་ན་ཕྱིན་ཅི་ལོག་གིས་ཀུན་ནས་དཀྲིས་པའི་སྐྱེ་དགུ་རྣམས་ཕྱིན་ཅི་ལོག་མེད་པ་ལ་འཛུད་ཅིང་འགོད་པར་བྱེད་དོ། །རྟོག་པའི་རྒྱུ་འཐུན་པ་མ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་གང་ཡིན་ པ་དེ་ཉིད་ཕྱིན་ཅི་ལོག་མ་ཡིན་པ་སྟེ། རྟོག་པ་མེད་ཅིང་ཕྱིན་ཅི་ལོག་མེད་པའོ། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་ནི་བདག་མེད་དོ། །སེམས་ཅན་མེད་དོ། །ཤེས་པ་པོ་དང་། མཐོང་བ་པོའི་བར་དག་མེད་དོ། །དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་ དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དག་མེད་དོ། །གང་ལ་བདག་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དག་མེད་པ་དང་། གཟུགས་མེད་པ་དང་། ཚོར་ བ་མེད་པ་དང་། འདུ་ཤེས་མེད་པ་དང་། འདུ་བྱེད་རྣམས་མེད་པ་དང་། རྣམ་པར་ཤེས་པ་མེད་པ་དང་། བྱང་ཆུབ་ཀྱི་བར་དག་མེད་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས། སེམས་ཅན་གྱི་འདུ་ཤེས་ལས་གྲོལ་བར་བྱེད་དོ། །གཟུགས་ཀྱི་འདུ་ཤེས་དང་། གཟུགས་མེད་པའི་འདུ་ཤེས་ཀྱི་བར་དག་ལས་གྲོལ་བར་བྱེད་དོ། །དེ་བཞིན་དུ་ 36-1-111b སྦྱར་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ལས་གྲོལ་བར་བྱེད་དོ། །ཟག་པ་མེད་པའི་ཆོས་གང་ཡིན་པ་དེ་དག་ཀྱང་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་སྟེ། དེ་ཡང་དེ་ལ་དོན་དམ་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། ། དེ་ལྟར་འདུས་མ་བྱས་པ་དང་། མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། འབྱུང་བ་མེད་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ནོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡིན་ཏེ་དེ་ལ་ནི་བདག་མེད་དོ། །སེམས་ཅན་མེད་དོ། །ཤེས་པ་པོ་ དང་། མཐོང་བ་པོའི་བར་དག་མེད་དོ། །གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་མེད་དོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡོངས་སུ་ཤེས་པར་བྱ་བའི་དོན་མ་གཏོགས་པར་ལམ་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་མི་བྱེད་དོ། །གང་རང་བཞིན་གྱིས་སྟོང་པ་ཉིད་དེ་ཡང་སྔོན་གྱི་ མཐའ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ། དེ་ནི་ཕྱི་མའི་མཐའ་དང་། དབུས་སུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ནི་ནམ་ཡང་རང་བཞིན་གྱིས་མི་སྟོང་པ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་སེམས་ཅན་རྣམས་སེམས་ཅན་དུ་འདུ་ཤེས་པ་དང་། འདུ་ཤེས་ཐམས་ཅད་ལས་དགྲོལ་བའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པར་བྱེད་དོ། །དེ་ལམ་གྱི་རྣམ་པ་ཤེས་ པ་ཉིད་ལ་སྤྱོད་པའི་ཚེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་དང་། ལམ་ཐམས་ཅད་ལ་ཡང་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 36-1-112a དེས་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སངས་རྒྱས་ཀྱི་ཚུལ་རྒྱུན་མི་གཅོད་དེ། འདི་ལྟ་སྟེ་རང་བཞིན་གྱིས་སྟོང་པ་ཉིད་འདི་ནི་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཚུལ་ཡིན་ནོ། །རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་ གྱིས་སྟོང་པ་ཉིད་འདི་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ཡིན་ཏེ། རང་བཞིན་གྱིས་སྟོང་པ་ཉིད་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ ལས་འབྱུང་བ་མ་གཏོགས་པར་གཞན་ལས་འཇིག་རྟེན་དུ་འབྱུང་བར་མི་འགྱུར་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ ལྟར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་རང་བཞིན་གྱིས་སྟོང་པ་ཉིད་ལ་ཡང་སྤྱོད་ལ། གཟུགས་ ཀྱང་གཞན་ཞིང་། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་མ་ལགས། ཚོར་བ་ཡང་གཞན། འདུ་ཤེས་ཀྱང་གཞན། འདུ་བྱེད་རྣམས་ཀྱང་གཞན། རྣམ་པར་ཤེས་པ་ཡང་གཞན་ཞིང་། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་མ་ལགས་ལ། དེ་བཞིན་ 36-1-112b དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བྱང་ཆུབ་ཀྱི་བར་དག་ཀྱང་གཞན་ཞིང་། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ལགས་ལ། རང་བཞིན་གྱི་སྟོང་པ་ཉིད་ཀྱང་གཟུགས་ལགས་ཤིང་ བྱང་ཆུབ་ཀྱི་བར་ཉིད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ལགས་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་བྱང་ཆུབ་ལགས་པར་རང་བཞིན་གྱིས་སྟོང་པ་ཉིད་དེ་ཡང་རྣམ་པར་འཁྲུགས་པ་མི་བགྱིད་པ་དེ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་ དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་གཟུགས་ཀྱང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་ཞིང་། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་ཡང་གཞན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཞན་ཞིག་ཡིན་པར་གྱུར་ན་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་གཟུགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ལ། བྱང་ཆུབ་ཀྱི་བར་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་གཟུགས་ ཉིད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་གཟུགས་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ་རང་བཞིན་གྱིས་སྟོང་པ་ ཉིད་ཀྱང་རྣམ་པར་ཤེས་པ་ཉིད་ཡིན། བྱང་ཆུབ་ཀྱི་བར་དག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ལ། རང་བཞིན་གྱིས་སྟོང་པ་ཉིད་ཀྱང་བྱང་ཆུབ་ཉིད་ཡིན་ཏེ། དེའི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ 36-1-113a རང་བཞིན་གྱིས་སྟོང་པར་རིག་ནས། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པར་རིག་ནས། བྱང་ཆུབ་ཉིད་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་རྣམ་པར་འཇིག་པ་འམ། ཐེར་ཟུག་ཏུ་གནས་པ་འམ། འཇུག་པར་འགྱུར་བའི་ཆོས་གང་ ཡང་མེད་པའི་ཕྱིར་རོ། །གཞན་དུ་ན་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་གྱིས་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །རབ་ཏུ་མི་ཤེས་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཟུགས་ལ་མངོན་པར་ཞེན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་ཏོ། །གཟུགས་ལ་མངོན་པར་ཞེན་ཅིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་ནས་ངར་འཛིན་པ་དང་། ང་ཡིར་འཛིན་པ་དག་ལ་སྤྱོད་ པར་བྱེད་དེ། དེ་དག་ངར་འཛིན་པ་དང་། ང་ཡིར་འཛིན་པ་དག་ལ་མངོན་པར་ཞེན་ནས་ཀྱང་། ནང་དང་ཕྱིའི་དངོས་པོ་རྣམས་ལ་མངོན་པར་ཞེན་ཏོ། །མངོན་པར་ཞེན་ནས་ཀྱང་སྐྱེ་བའི་སྐྱེ་མཆེད་དག་ཏུ་གཟུགས་དང་། ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་འཛིན་པར་བྱེད་དེ། དེ་དག་ནི་སྐྱེ་བ་དང་། རྒ་བ་དང་ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་དག་ལས་ཡོངས་སུ་ མི་འགྲོལ་ཞིང་། འགྲོ་བ་ལྔའི་འཁོར་བ་ལས་ཀྱང་ཡོངས་སུ་མི་ཐར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་གཟུགས་ 36-1-113b རྣམ་པར་འཁྲུགས་པར་མི་བྱེད་དོ། །སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་ བར་བྱང་ཆུབ་ཀྱི་བར་དུ་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་གཟུགས་སོ། །འདི་ནི་སྟོང་པ་ཉིད་དོ་ཞེས་གཟུགས་ཀྱི་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ཅིང་། འདི་ནི་རྣམ་པར་ཤེས་པའི་བར་རོ། །འདི་ནི་ རྣམ་པར་ཤེས་པའི་སྟོང་པ་ཉིད་དོ། །དེ་བཞིན་དུ་སྦྱར་ཏེ། འདི་ནི་བྱང་ཆུབ་ཀྱི་བར་རོ། །འདི་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །ཞེས་རྣམ་པར་འཁྲུགས་པར་མི་བྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁས་ནི་ནམ་མཁའ་ རྣམ་པར་འཁྲུགས་པར་མི་བྱེད་དེ། ནང་གི་ནམ་མཁས་ཀྱང་ཕྱི་རོལ་གྱི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་ལ། ཕྱི་རོལ་གྱི་ནམ་མཁས་ཀྱང་ནང་གི་ནམ་མཁའ་རྣམ་པར་འཁྲུགས་པར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་རང་ བཞིན་གྱིས་སྟོང་པ་ཉིད་ཀྱིས་ཀྱང་གཟུགས་རྣམ་པར་འཁྲུགས་པར་མི་བྱེད་ལ། གཟུགས་ཀྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱིས་ཀྱང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ རྣམ་པར་འཁྲུགས་པར་མི་བྱེད་ལ། རྣམ་པར་ཤེས་པས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱིས་ཀྱང་བྱང་ཆུབ་ཀྱི་བར་དུ་རྣམ་པར་འཁྲུགས་པར་མི་བྱེད་ལ། བྱང་ཆུབ་ཀྱི་བར་གྱིས་ཀྱང་སྟོང་པ་ཉིད་རྣམ་པར་ འཁྲུགས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་འདི་ནི་གཟུགས་སོ། །འདི་ནི་སྟོང་པ་ཉིད་དོ་ཞེས་བྱ་བ་དང་། འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའོ། །འདི་ནི་སྟོང་པ་ཉིད་དོ། །དེ་བཞིན་དུ་སྦྱར་ཏེ། འདི་ནི་བྱང་ ཆུབ་ཀྱི་བར་རོ། །འདི་ནི་སྟོང་པ་ཉིད་དོ་ཞེས་གང་རྣམ་པར་འཁྲུགས་པར་བྱེད་པ་དེ་ལྟ་བུའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ 36-1-114a གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། ། ཞེས་གང་ལ་ཡང་དག་པར་ཞུགས་པ་ལགས། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་སུ་དབྱེར་མ་མཆིས་པ་ལགས་ཏེ། གཉིས་སུ་འབྱེད་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོག་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་ནི་གཉིས་ལ་སྤྱོད་པ་མ་ཡིན་ཏེ། བྱང་ཆུབ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་བྱང་ཆུབ་འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ་ཞེས་བྱང་ཆུབ་ལ་གཉིས་སུ་དབྱེ་བས་མི་སྤྱོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་གཟུགས་ལ་མི་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །བྱང་ཆུབ་ཀྱི་བར་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་བདག་ཅེས་བྱ་བའི་སྒྲ་མེད་དེ། །བདག་གཟུགས་ལ་སྤྱོད་དོ་ཞེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་ལ་སྤྱོད་དོ་ཞེས་བྱ་བ་དང་། བྱང་ཆུབ་ཀྱི་བར་ལ་སྤྱོད་དོ་ཞེས་བྱ་བའི་སྒྲ་མེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་འཛིན་པ་ལ་ཡང་མི་སྤྱོད། འཛིན་པ་མེད་པ་ལ་ཡང་མི་སྤྱོད་པའི་ ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་མི་སྤྱོད། འཛིན་པ་མ་མཆིས་པ་ལ་ཡང་མི་སྤྱོད་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་གང་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པའི་བྱང་ 36-1-114b ཆུབ་འཛིན་པ་འམ། འཛིན་པ་མེད་པ་གང་ཞིག་ལ་སྤྱོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པའི་རྨི་ལམ་གྱི་བློ་འཛིན་པ་འམ། འཛིན་པ་མེད་པ་གང་ཞིག་ལ་སྤྱོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དགྲ་བཅོམ་པ་ལ་གཡར་ལམ་ཡང་གཏན་མ་མཆིས་ལགས་ན། དེའི་གཡར་ལམ་གྱི་བློ་འཛིན་པ་འམ། འཛིན་པ་མ་མཆིས་པ་ལ་སྤྱོད་པར་འགྱུར་ བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱང་འཛིན་པ་འམ། འཛིན་པ་མེད་པ་ལ་མི་སྤྱོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་འཛིན་པ་ལ་ཡང་མི་སྤྱོད། འཛིན་པ་མ་མཆིས་པ་ལ་ཡང་མི་སྤྱོད། གཟུགས་ལ་ཡང་མི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་མི་སྤྱོད་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས། ས་བཅུ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་ རྩ་བདུན་དང་། སྟོང་པ་ཉིད་བཅུ་བཞི་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ཅིང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དཔེ་ བྱད་བཟང་པོ་བརྒྱད་བཅུའི་བར་དག་བསྒྲུབས་ཏེ། མངོན་པར་ཤེས་པ་ལྔ་ལ་གནས་ནས། ས་བཅུ་ཡོངས་སུ་རྫོགས་པར་བགྱིས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལས་ཞུགས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་ཅིང་ས་བཅུ་ལ་མ་གནས། མངོན་པར་ཤེས་པ་ལྔའི་བར་དག་ལ་ 36-1-115a མ་གནས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་མ་ཞུགས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བགྱིས། སེམས་ཅན་ཡོངས་སུ་སྨིན་པར་མ་བགྱིས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ས་བཅུ་ལ་མ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དགེ་བའི་ཆོས་ཐམས་ཅད་ཀྱི་བར་དག་ཡོངས་སུ་རྫོགས་ པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། རབ་འབྱོར་ས་བཅུ་ཡོངས་སུ་རྫོགས་པར་བྱས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་སུ་གནས་པ་དག་ཡོངས་སུ་རྫོགས་པར་བྱས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ནུས་སོ། །རབ་འབྱོར་དེ་ཡང་གཟུགས་ཀྱི་རང་བཞིན་ལ་གནས་ཤིང་ཚོར་བ་དང་། འདུ་ཤེས་དང་། འདུ་ བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ལ་གནས་ལ། བྱང་ཆུབ་ཀྱི་བར་གྱི་རང་བཞིན་ལ་གནས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ནུས་སོ། །རང་བཞིན་དེ་ཡང་ཉེ་བར་ཞི་བ་སྟེ། དེ་ནི་ཆོས་གང་ཡང་སྩོགས་པ་འམ། འབྲི་བ་འམ། བསྐྱེད་པ་ འམ། འགོག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ། འཐོབ་པ་འམ། མངོན་པར་རྟོགས་པར་མི་བྱེད་དོ། །རབ་འབྱོར་དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པའི་ཆོས་ཉིད་ཉེ་བར་བཟུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཟད་ཀྱི། དོན་དམ་པར་ནི་དེ་ལ་གཟུགས་སམ། བྱང་ཆུབ་ཀྱི་བར་རམ། གང་བྱང་ཆུབ་ལ་སྤྱོད་པ་གང་ཡང་མེད་དེ། ཆོས་དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་ 36-1-115b པར་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་སེམས་དེ་དང་། སེམས་ཅན་དང་། བྱང་ཆུབ་དང་བྱང་ཆུབ་སེམས་དཔའ་དག་མི་དམིགས་ སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་གི་ཚེ་རབ་འབྱོར་ཁྱོད་ཀྱིས་འཇིག་ཚོགས་ལ་ལྟ་བ་སྤང་བའི་ཕྱིར་དབང་པོ་རྣམས་ཐོབ་བམ། བར་ཆད་མེད་པའི་ཏིང་ངེ་འཛིན་ཏམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་འམ། ཕྱིར་མི་འོང་བའི་འབྲས་བུ་ཐོབ་འམ། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་པ་དེའི་ཚེ་རྨི་ལམ་འམ། སེམས་སམ་ལམ་འམ། འབྲས་བུ་དམིགས་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འོ་ན་ཇི་ལྟར་རབ་འབྱོར་གྱིས་ དགྲ་བཅོམ་པ་ཉིད་ཐོབ་བོ་ཞེས་ཤེས་པ་བརྡ་སྤྲད་པར་གྱུར། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཐ་སྙད་དུ་བཟུང་སྟེ། ཤེས་པ་བརྡ་སྤྲད་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་བཏགས་ པ་ཡིན་ནོ། །གཟུགས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བར་དག་ ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཏགས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཉེ་བར་བཟུང་ན་བྱང་ཆུབ་ལ་གང་སོགས་པ་འམ། འབྲི་བར་བྱེད་པ་འམ། ཕན་འདོགས་པ་འམ། གནོད་པར་བྱེད་པའི་ཆོས་གང་ཡང་མ་དམིགས་ཏེ། ཆོས་རྣམས་ཀྱི་རང་བཞིན་དེ་ཡང་མ་དམིགས་ན་སེམས་དང་པོ་བསྐྱེད་པ་དམིགས་པར་འགྱུར་བ་དང་། སེམས་བསྐྱེད་པ་བཅུ་པའི་བར་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་བར་དག་དམིགས་པར་འགྱུར་བ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་དམིགས་པར་འགྱུར་ 36-1-116a བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ རྒྱས་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། མི་འཁྲུགས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་བཅུ་རྩ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སྤྱད་ཅིང་། སྟོང་པ་ཉིད་བཅུ་བཞི་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་བའི་སྐལ་པ་མ་མཆིས་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡང་མི་དམིགས། སྦྱིན་བདག་དང་ལེན་པ་པོ་ཡང་མི་དམིགས་ ཤིང་། དེ་ལས་གཞན་པའི་ཆོས་རྣམས་ལ་ཡང་མི་སྤྱོད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་ལྔ་པོ་དག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་ 36-1-116b ཡང་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཇི་ལྟར་བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་གཟུགས་ལ་སྦྱོར་བར་ མི་བྱེད། འབྱེད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་ལ་གང་སྦྱར་བར་བྱ་བ་འམ། དབྱེ་བར་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པའི་བར་ལ་ཡང་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པར་ཤེས་པ་ལ་གང་ལ་ སྦྱར་བར་བྱ་བ་འམ། དབྱེ་བར་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་གང་སྦྱར་བར་བྱ་བ་འམ། དབྱེ་བར་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་ཡང་སྦྱར་བར་བྱའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་གང་ལ་ཡང་གང་སྦྱར་བར་བགྱི་བ་འམ། དབྱེ་བར་བགྱི་བའི་ངོ་བོ་ཉིད་མ་མཆིས་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་གང་ལ་བསླབ་པར་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མངོན་པར་འགྲུབ་པར་འགྱུར་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབ་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོག་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབ་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། དེ་ཡང་ཐབས་ལ་མཁས་པས་ཡིན་གྱི་ཐབས་ལ་མི་མཁས་པས་ནི་མ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ 36-1-117a ཆོས་འགའ་ཞིག་གི་རང་བཞིན་དམིགས་ན་ནི། དེ་དག་འཛིན་པར་འགྱུར་བ་ཞིག་ན་ཅི་སྟེ་མི་དམིགས་གོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་གཟུགས་སོ། །འདི་ནི་རྣམ་པར་ཤེས་པའི་བར་དག་གོ། །འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ་ཞེས་བྱ་བར་ཅི་ཞིག་འཛིན་པར་འགྱུར་ཏེ། བྱང་ཆུབ་ཀྱི་བར་དག་ཀྱང་དམིགས་སུ་མེད་ན་དེ་ཅི་ཞིག་འཛིན་པར་འགྱུར། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མེད་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ཀྱང་གཟུང་དུ་མེད་པ་ཡིན་ནོ། །ཤཱ་རིའི་བུ་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཛིན་པ་མེད་པའི་ཕ་ རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་སྟེ། དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སློབ་པ་ཡང་མི་དམིགས་ན་བྱང་ཆུབ་ལྟ་ཅི་སྨོས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་ཡང་ཅི་སྨོས། བྱང་ཆུབ་སེམས་དཔའི་ཆོས་རྣམས་ལྟ་ཡང་ཅི་སྨོས། སངས་རྒྱས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ལྟ་ཡང་ ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཆོས་གང་ལ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་ཏེ་དེ་ལ་ངོ་བོ་ཉིད་མེད་པའི་ཆོས་ཐམས་ཅད་ལ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་གང་ཞིག་ཡིན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གང་ཞིག་ཡིན། གལ་ཏེ་གང་ཟག་དེ་དག་དམིགས་སུ་མེད་ན་ཆོས་གང་དག་གིས་འདི་ནི་ སོ་སོའི་སྐྱེ་བོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བྱ་བར་རྗོད་པའི་ཆོས་དེ་དག་ཀྱང་འབྱུང་བར་ག་ལ་འགྱུར། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་འདི་ནི་སོ་སོའི་ 36-1-117b སྐྱེ་བོ་ལགས་སོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་ལགས་སོ་ཞེས་བགྱི་བ་གང་ནས་འབྱུང་ཞིང་མཆིས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཅི་གཟུགས་ལ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་མངོན་པར་ཞེན་པར་གྱུར་པ་ལྟ་བུའི་དངོས་པོ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་བསླད་པའི་སེམས་ཀྱིས་གཟུགས་སོ་ཞེས་མངོན་པར་ཞེན་པ་ མ་གཏོགས་པར་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་མངོན་པར་ཞེན་པར་གྱུར་པ་ལྟ་བུའི་དངོས་པོ་ཡོད་པར་གྱུར་ཏམ་ཡོད་པར་འགྱུར་རམ། དེ་བཞིན་དུ་སྦྱར་ཏེ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་ལ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་དངོས་པོ་ཡོད་པར་གྱུར་ཏམ། ཡོད་པར་འགྱུར་འམ། གསོལ་པ། བཅོམ་ལྡན་འདས་སོ་སོའི་ སྐྱེ་བོ་བསླད་པའི་སེམས་ཀྱིས་རྣམ་པར་ཤེས་པའི་བར་དག་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་ལ་དངོས་པོར་རྟོག་པ་མ་གཏོགས་པར་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་ བཞིན་ཏེ། སོ་སོའི་སྐྱེ་བོ་ནི་བསླད་པའི་སེམས་ཀྱིས་དངོས་པོ་མེད་པའི་སེམས་ཀྱིས་དངོས་པོ་མེད་པའི་ཆོས་རྣམས་ལ་དངོས་པོར་རྟོག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་ མཁས་པས་ཆོས་དེ་དག་ཐམས་ཅད་དངོས་པོ་མེད་པར་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཐབས་ལ་མཁས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པར་ཡང་དག་པར་རྗེས་སུ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ 36-1-118a སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། དངོས་པོ་གང་ལ་ཁོང་ཁྲོ་བར་འགྱུར་བ་དང་། གང་ལ་ཁོང་ཁྲོ་བས་ཞུམ་པར་འགྱུར་བ་དང་། ཞུམ་ནས་ཀྱང་སྒྱིད་ལུག་པར་འགྱུར་བ་དང་། སྒྱིད་ལུག་ནས་ལེ་ལོར་འགྱུར་བའི་ཆོས་ཀྱི་དངོས་པོ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ སྟེ། ཤཱ་རིའི་བུ་འདི་ལྟར་སེམས་ཅན་བདག་ཏུ་རྨོངས་པ་དག་ཕུང་པོ་རྣམས་ཞེས་བྱ་བ་འམ། ཁམས་རྣམས་ཞེས་བྱ་བ་འམ། སྐྱེ་མཆེད་རྣམས་ཤེས་བྱ་བར་མངོན་པར་ཞེན་པ་མ་གཏོགས་པར་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་དང་། སྲོག་མེད་པ་དང་། སྲོག་དང་ བྲལ་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་བཞིན་གྱིས་སྟོང་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ ཉིད་དང་། རང་བཞིན་གྱིས་སྟོང་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་ནས་ལུས་སྒྱུ་མ་མཁན་ལྟ་བུར་བྱིན་གྱིས་བརླབས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དེ། སེམས་ཅན་གང་དག་སེར་སྣ་དང་ ལྡན་པ་དེ་དག་ལ་ནི་སྦྱིན་པའི་གཏམ་བྱེད་དོ། །སེམས་ཅན་ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་གཏམ་བྱེད་དོ། །སེམས་ཅན་གནོད་སེམས་ཀྱི་སེམས་དང་ལྡན་པ་རྣམས་ལ་ནི་བཟོད་པའི་གཏམ་བྱེད་དོ། །སེམས་ཅན་ལེ་ལོ་ཅན་ རྣམས་ལ་ནི་བརྩོན་འགྲུས་ཀྱི་གཏམ་བྱེད་དོ། །སེམས་ཅན་སེམས་རྣམ་པར་གཡེངས་པ་རྣམས་ལ་ནི་ཏིང་ངེ་འཛིན་གྱི་གཏམ་བྱེད་དོ། །སེམས་ཅན་ཤེས་རབ་འཆལ་པ་རྣམས་ལ་ནི་ཤེས་རབ་ཀྱི་གཏམ་བྱེད་དོ། །དེས་གང་གི་ཚེ་སེམས་ཅན་རྣམས་ སྦྱིན་པ་ལ་བཀོད་པར་གྱུར་པ་དང་། ཤེས་རབ་ཀྱི་བར་ལ་བཀོད་པར་གྱུར་པ་དེའི་ཚེ་སེམས་ཅན་དེ་དག་ལ་གཏམ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དག་ཐོབ་པར་འགྱུར་བ་དང་། རང་བྱང་ཆུབ་ཐོབ་ 36-1-118b པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཐོབ་པར་འགྱུར་བའི་གཏམ་འཕགས་ཤིང་ངེས་པར་འབྱིན་པ་དག་ཀྱང་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་གང་གིས་སེམས་ཅན་མ་མཆིས་ཤིང་མཆིས་པ་མ་ལགས་པ་དག་སྦྱིན་པ་ལ་རབ་ཏུ་འགོད་པར་བགྱིད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ལ་རབ་ཏུ་འགོད་པར་བགྱིད་ཀྱི་ སྟེང་དུ། བཀའ་མཆིད་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་འཐོབ་པར་འགྱུར་བའི་བཀའ་མཆིད་འཕགས་ཤིང་ངེས་པར་འབྱིན་པ་དག་བགྱིད་ན། ཇི་ལྟར་དམིགས་པ་མ་མཆིས་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་དམིགས་པ་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ནི་ཀུན་རྫོབ་ཀྱི་བརྡས་ཐ་སྙད་འདོགས་པ་མ་གཏོགས་པར་སེམས་ཅན་གང་ཡང་མི་དམིགས་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་བདེན་པ་གཉིས་ལ་གནས་ཏེ། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཀྱང་། ཤཱ་རིའི་བུ་བདེན་པ་གཉིས་པོ་དག་ལ་ནི་སེམས་ཅན་དམིགས་པ་ཡང་མེད་སེམས་ཅན་དུ་གདགས་པ་ཡང་མེད་མོད་ཀྱི། འོན་ཀྱང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། དེས་སེམས་ཅན་དེ་དག་ཀྱང་ཚེ་འདི་ཉིད་ལ་བདག་ཏུ་ཡང་མི་དམིགས་ན་གང་འཐོབ་པར་འགྱུར་བ་དང་། གང་གིས་ ཐོབ་པར་འགྱུར་བ་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ནི་དེ་ལྟར་ཐབས་ལ་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་ 36-1-119a དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཨ་ལ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ཡང་གཅིག་པ་འམ། ཐ་དད་པ་འམ། སོ་སོ་བར་ཡང་མི་དམིགས་ ལ། གོ་ཆ་གང་འཚལ་བས་འདོད་པའི་ཁམས་ན་ཡང་མི་གདའ་གཟུགས་ཀྱི་ཁམས་ན་ཡང་མི་གདའ། གཟུགས་མ་མཆིས་པའི་ཁམས་ན་ཡང་མི་གདའ། འདུས་བྱས་ཀྱི་ཁམས་ན་ཡང་མི་གདའ། འདུས་མ་བྱས་ཀྱི་ཁམས་ན་ཡང་མི་གདའ་ལ། སེམས་ཅན་ རྣམས་ཁམས་གསུམ་ནས་ཡོངས་སུ་ཐར་བར་བགྱིད་ཀྱང་སེམས་ཅན་དང་། སེམས་ཅན་དུ་གདགས་པ་ཡང་མི་དམིགས་པ་དེ་ལྟ་བུའི་གོ་ཆ་འཚལ་བ་དེ་ནི། བཅོམ་ལྡན་འདས་སྤྲོ་བ་ཆེ་བ་ལགས་སོ། །སེམས་ཅན་དུ་གདགས་པ་མ་མཆིས་པས་སེམས་ཅན་མ་ བཅིངས་མ་གྲོལ་ལ། སེམས་ཅན་མ་བཅིངས་མ་གྲོལ་བས། ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ལགས་སོ། །ཀུན་ནས་ཉོན་མོངས་པ་མ་མཆིས་ལ། རྣམ་པར་བྱང་བ་མ་མཆིས་པས་འགྲོ་བའི་བྱེ་བྲག་ཀྱང་མ་མཆིས་ལགས་ སོ། །འགྲོ་བའི་བྱེ་བྲག་མ་མཆིས་པ་ལ་ནི་ལས་ཀྱང་མ་མཆིས། ཉོན་མོངས་པ་རྣམས་ཀྱང་མ་མཆིས་ལགས་སོ། །ལས་མ་མཆིས་ཤིང་ཉོན་མོངས་པ་མ་མཆིས་པ་ལ་ནི་རྣམ་པར་སྨིན་པ་གང་གིས་བདག་གམ། སེམས་ཅན་དག་འགྲོ་བ་ལྔའི་འཁོར་བ་ན་ གདའ་བར་འགྱུར་བའི་རྣམ་པར་སྨིན་པ་མཆིས་པར་ཡང་ག་ལ་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ ཏེ། ཤཱ་རིའི་བུ་གལ་ཏེ་སེམས་ཅན་ཞིག་སྔོན་ཡོད་པར་གྱུར་ལ། ཕྱིས་མེད་པར་གྱུར་ན་ནི་དེའི་ཕྱིར་དེ་ལྟར་སྔོན་ཡོད་པར་གྱུར་ལ། ཕྱིས་མེད་པར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ལ་ཡང་སྐྱོན་དུ་འགྱུར་ཞིང་། འགྲོ་བ་ ལྔའི་འཁོར་བ་ཡང་སྔོན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དངོས་པོ་མེད་པར་གྱུར་ན། དེ་ཡང་སྐྱོན་དུ་འགྱུར་བ་ཞིག་ན། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ 36-1-119b དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འདི་ནི་གནས་པ་སྟེ། དེ་ལ་བདག་ཀྱང་མེད། སེམས་ཅན་ཡང་མེད། སྲོག་ཀྱང་མེད་གང་ཟག་ཀྱང་མེད། བྱེད་པ་པོ་ཡང་མེད། བྱེད་དུ་འཇུག་པ་པོ་ཡང་མེད་ན། དེ་ལ་གཟུགས་ལྟ་ག་ལ་ཡོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་ལྟ་ཡང་ག་ལ་ཡོད། རྣམ་པར་ཤེས་པ་ལྟ་ཡང་ག་ལ་ཡོད་དེ། མེད་ཅིང་ཡོད་པ་མ་ཡིན་པའི་ཆོས་དེ་དག་ལ་གང་ལས། སེམས་ཅན་རྣམས་ཡོངས་སུ་ཐར་བར་བྱ་བའི་འགྲོ་བ་ལྔའི་འཁོར་བ་ལྟ་ཡང་ཡོད་པར་ག་ལ་འགྱུར་ཏེ། ཤཱ་རིའི་བུ་དེའི་ཕྱིར་ཆོས་ འདི་དག་ནི་དེ་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལ་ཞུགས་ཏེ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་གིས་རྨོངས་པར་གྱུར་པ་རྣམས་མངོན་པར་ཞེན་པ་མ་གཏོགས་པར་གང་ལ་མོས་པར་ནུས་པའི་ཆོས་ཀྱི་ངོ་བོ་ཉིད་གང་ཡང་དམིགས་སུ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་དེ་ལྟར་གོ་ཆ་གང་ལ་བགོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་བྱའི། བདག་གིས་ནི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་དང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་དོན་གང་གིས་སེམས་ཅན་རྣམས་ཕྱིན་ཅི་ལོག་ལས་ཡོངས་སུ་ཐར་བར་འགྱུར་བ་དེ་ལྟ་བུའི་ཆོས་ ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱའོ་ཞེས་དེ་ལྟ་བུའི་གོ་ཆ་བགོས་པ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་ཞིག་གིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་ཅིག་སྤྲུལ་ནས། དེ་སྤྲུལ་པ་དེ་ དག་ལ་བཟའ་བ་དང་། བཅའ་བ་ཉམས་སུ་བསོད་པ་མང་པོ་དག་སྟོབས་ཤིང་ཚིམ་པར་བྱེད་དེ། བསྟབས་ཤིང་ཚིམ་པར་བྱས་ནས་ཀྱང་། བདག་གིས་ནི་བསོད་ནམས་མང་དུ་སྤེལ་ཏོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ 36-1-120a པར་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། དེ་ལ་བསྟབས་ཤིང་ཚིམ་པར་བྱས་པ་གང་ཡང་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཡང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། བསམ་གཏན་བཞི་ལ་སྤྱོད་པ་དང་། ཚད་མེད་པ་བཞི་ལ་སྤྱོད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། སྟོང་པ་ཉིད་བཅུ་བཞི་དང་། མཚན་མ་ མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་ སུ་སྦྱོང་བ་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་གང་དམིགས་ནས་གདུལ་བར་བྱ་བའི་སེམས་ཅན་གང་ཡང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁྲི་ བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་སྤྱད་དེ། སེམས་ཅན་རྣམས་ ཡོངས་སུ་སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ 36-1-120b འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱོད་པར་བྱེད་ཅིང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་ རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དེ། སྦྱིན་པ་བྱིན་ནས་ཀྱང་འདི་ལྟར་འདོམས་ཤིང་རྗེས་སུ་སྟོན་ཏེ། རིགས་ཀྱི་བུ་དག་འདི་ལ་སྦྱིན་པ་ལ་སྦྱིན་པར་འཛིན་པས་འཛིན་ པར་མ་བྱེད་ཅིག །སྦྱིན་པ་ལ་འཛིན་པར་འཛིན་པས་ལུས་གང་མངོན་པར་གྲུབ་པས་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བའི་ལུས་དག་མངོན་པར་འགྲུབ་པར་མ་བྱེད་ཅིག །རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན་སྦྱིན་པ་ཡང་མེད། སྦྱིན་བདག་ ཀྱང་མེད་ལེན་པ་པོ་ཡང་མེད་དེ། ཆོས་དེ་གསུམ་ནི་རང་བཞིན་གྱིས་སྟོང་པས་ན་རང་བཞིན་གྱིས་སྟོང་པའི་ཆོས་ནི་ལེན་པར་མི་བྱེད་ལ་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་གཟུང་བ་ཡང་མེད་དོ་ཞེས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། དེ་ལྟར་སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ཀྱང་དེ་ལ་སྦྱིན་པ་ཡང་མི་དམིགས་སྦྱིན་བདག་ཀྱང་མི་དམིགས་ལེན་པ་པོ་ཡང་མི་དམིགས་སོ། །དེ་ནི་མི་དམིགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ དུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་མི་དམིགས་པས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྦྱོར་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དག་ལ་སྦྱོར་བར་བྱེད་དེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ་གཞན་དག་ཀྱང་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་སྦྱིན་པའི་བསྔགས་པ་ཡང་རྗོད་ལ་གཞན་གང་ 36-1-121a དག་སྦྱིན་པ་སྦྱིན་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་དེ་ལྟ་བུ་བྱིན་ནས། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་སྐལ་པ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་སྐལ་པ་མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དག་དང་སྐལ་པ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་བ་འམ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ ནས་ཀྱང་དེས་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུད་པར་བྱེད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པ་དག་གིས་སྡུད་པར་བྱེད་དོ། །དེས་སེམས་ཅན་དེ་དག་སྦྱིན་པས་བསྡུས་ནས་རིམ་གྱིས་ཚུལ་ཁྲིམས་ལ་འགོད་ པར་བྱེད་དོ། །ཏིང་ངེ་འཛིན་དང་ཤེས་རབ་དང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་བར་དག་དང་། སྟོང་པ་ ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་འགོད་པར་བྱེད་དོ། །ཡང་དག་པ་ཉིད་ཀྱི་སྐྱོན་མེད་པ་ལ་འཇུག་པར་བྱེད་དོ། །དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱི་བར་དག་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ དག་ཡང་དག་པར་འཛིན་དུ་འཇུག་གོ། །ཀྱེ་སྐྱེས་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་སྟེ། ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་མ་རྟོགས་པ་མ་གཏོགས་པར་གང་ལ་སེམས་ཅན་རྣམས་ ཆགས་པའི་ཆོས་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་གྱིས། དེའི་ཕྱིར་ཁྱེད་ཅག་གིས་ཕྱིན་ཅི་ལོག་ཏུ་འཛིན་པ་ཐམས་ཅད་སྤོངས་ལ། བདག་ཀྱང་འཁོར་བ་ལས་ཐར་བར་གྱིས་ཤིག །གཞན་དག་ཀྱང་ཐར་བར་གྱིས་ཤིག །དེ་ལྟར་ཁྱེད་ཅག་གིས་བདག་ ཅག་ཀྱང་དོན་ཆེ་བར་གྱིས་ལ། གཞན་དག་ཀྱང་དོན་ཆེན་པོ་ལ་སྦྱོར་བར་གྱིས་ཤིག་ཅེས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་སེམས་དང་པོ་བསྐྱེད་པ་ནས་ 36-1-121b བཟུང་སྟེ། གཞན་ཡང་ངན་སོང་དུ་མི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མི་བྱེད་པར་མི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཅི་འདྲ་བ་འབྲས་བུ་ཡང་དེ་འདྲ་བའི་ཕྱིར་རོ། །འཁོར་ལོས་སྒྱུར་བ་དེའི་དྲུང་དུ་སློངས་མོ་པ་གང་དག་ལྷགས་ ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་སུ་བཟུང་བ་ནི་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་ཕྱིར་མ་ཡིན་ནོ་སྙམ་ནས། དེ་འདི་སྐད་དུ་གང་ཅི་འདོད་པ་དེ་དག་ཁྱེད་ཅག་ ལ་བྱིན་ཟིན་གྱིས། དེའི་ཕྱིར་འདི་ནི་ཁྱེད་ཀྱི་ཡིན་གྱི་ངའི་མ་ཡིན་ནོ། །ང་ནི་ནང་གི་གཟུགས་འདི་ཡང་དོན་དུ་གཉེར་བ་མ་ཡིན་ན་གཞན་དག་ལྟ་ཅི་སྨོས་ཏེ། ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་བ་མ་གཏོགས་པར། ང་ནི་འཁོར་བ་ དོན་དུ་གཉེར་བ་མ་ཡིན་ནོ་ཞེས་ཟེར་ཏེ། དེ་སྙིང་རྗེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ནས། ཇི་ཙམ་དུ་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་མིང་དང་བཏགས་པ་དང་། བརྡས་ཐ་སྙད་འདོགས་པ་མ་ གཏོགས་པར་གང་དག་ཡོངས་སུ་གྲུབ་པར་འགྱུར་བ་དེ་ལྟ་བུའི་སེམས་ཅན་དག་མི་དམིགས་ཏེ། ཐ་སྙད་དེ་ཡང་བྲག་ཆ་ལྟ་བུར་ཐ་སྙད་མེད་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་པས་སེམས་ ཅན་རྣམས་ལ་རྫས་ཡོངས་སུ་མི་གཏོང་བར་མི་འགྱུར་བ་ཅི་ཡང་མེད་དེ། ཆེར་ན་བདག་གི་ཤ་དག་ཀྱང་ཡོངས་སུ་གཏོང་བར་བྱེད་ན། ཡོ་བྱད་གང་དག་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་ཕྱི་རོལ་གྱི་ཡོ་བྱད་དག་ ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ་བཅོམ་ལྡན་འདས་ཡོ་བྱད་དེ་དག་གང་ལགས། བཀའ་སྩལ་པ། རབ་འབྱོར་ཡོ་བྱད་དེ་དག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ 36-1-122a ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་ཡིན་ཏེ། ཡོ་བྱད་དེ་དག་གིས་ཕན་བཏགས་པའི་སེམས་ཅན་རྣམས་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་པ་དེའི་ཚེ། ཚིག་འདི་སྐད་ཅེས་བརྗོད་དེ། རིགས་ཀྱི་བུ་དག་ཚུར་ཤོག །ངས་ཁྱེད་ཅག་ཟས་དང་སྐོམ་དང་། གོས་དང་ཡོ་བྱད་གང་ཡང་རུང་ བའི་བར་དག་གིས་བྲེལ་བ་མེད་པར་བྱས། ཁྱེད་ཅག་ཚུལ་ཁྲིམས་སྲུངས་ཤིག །ཁྱེད་ཅག་ཟས་སམ་སྐོམ་འམ། རིན་པོ་ཆེ་སྣ་བདུན་གྱི་བར་དག་གམ། གང་གིས་ཕོངས་ནས་ཚུལ་ཁྲིམས་འཆལ་པར་བྱེད་པ་དེ་དག་ངས་བྲེལ་བ་མེད་པར་བྱས། ཁྱེད་ ཅག་ཇི་ནས་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་ནས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡང་རུང་བས་རིམ་གྱིས་སྡུག་བསྔལ་གྱི་མཐར་ ཕྱིན་པར་གྱིས་ཤིག་ཅེས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པས་སེམས་ཅན་རྣམས་བསྡུད་པར་བྱེད་དོ། །རབ་འབྱོར་གཞན་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ནས། སེམས་ཅན་གང་དག་འཁྲུག་པ་དང་། གནོད་སེམས་ཀྱི་སེམས་དང་ལྡན་པའི་སེམས་ཅན་དེ་དག་ལ་ཚིག་འདི་སྐད་ཅེས་བརྗོད་དེ། རིགས་ ཀྱི་བུ་དག་ཁྱེད་ཅག་རྒྱུ་གང་གིས་ཕོངས་ནས། འཁྲུག་པར་བྱེད་པ་འམ། གནོད་སེམས་སུ་བྱེད་པ་འམ། སྐྱོན་འདོགས་པར་བྱེད་པའི་ཟས་སམ། སྐོམ་འམ་ཡོ་བྱད་གང་ཡང་རུང་བའི་བར་དག་ང་ལས་ལོང་ཤིག་དང་། ངས་ཁྱེད་ཅག་ཕོངས་པ་ མེད་པར་བྱས། དེའི་ཕྱིར་ཁྱེད་ཅག་འཁྲུག་པ་དང་། གནོད་སེམས་སུ་མ་བྱེད་ཅིག །ང་ཡང་ཁྱེད་ཀྱི་ཡིན་ལ་ཁྱེད་ཀྱང་ངའི་ཡིན་ཏེ། ང་ལ་ཅི་བདོགས་པ་དེ་ཡང་ཁྱེད་ཀྱི་ཡིན་གྱིས་སུ་ལ་ཅི་དགོས་པ་དག་ལོང་ཤིག་དང་། ངས་ཁྱེད་ཅག་ཟས་ 36-1-122b དང་སྐོམ་དང་། གོས་དང་ཡོ་བྱད་གང་ཡང་རུང་བའི་བར་དག་གིས་ཕོངས་པ་མེད་པར་བྱས། ཅི་ནས་ཀྱང་ཁྱེད་ཅག་ཁྲོ་བ་དང་། གནོད་སེམས་ཀྱི་དབང་དུ་མི་འགྱུར་བར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ ཕ་རོལ་དུ་ཕྱིན་པ་ལ་གནས་ནས། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་བར་བྱེད་དེ། ཁྱེད་ཅག་གང་གི་ཕྱིར་ཁྲོ་བ་སྐྱེ་བར་འགྱུར་བ་དེ་ནི་སྙིང་པོ་མེད་པ་སྟེ། དེ་ལ་ནི་དངོས་པོ་གང་ཡང་མེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པས་ ཁྱེད་ཅག་གང་གི་ཕྱིར་མངོན་པར་ཆགས་པ་དང་། འཁྲུག་པ་དང་། གནོད་སེམས་སུ་བྱེད་ཅིང་། མངོན་པར་ཆགས་པ་དང་། འཁྲུག་པ་དང་། གནོད་སེམས་སུ་གྱུར་ནས་ཀྱང་དབྱིག་པས་རྡེག་པ་དང་། མཚོན་གྱིས་འདེབས་ཤིང་། གཅིག་གིས་གཅིག་སྲོག་དང་ འབྲལ་བར་བྱེད་པ་དེ་ལ་ནི་དངོས་པོ་གང་ཡང་མེད་དོ། །དེའི་ཕྱིར་ཁྱེད་ཅག་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་འཁྲུགས་པར་གྱུར་ན་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་ འཇིག་རྟེན་ནམ། དེ་ལས་གཞན་པའི་ངན་འགྲོ་དག་ཏུ་ལྟུང་བར་འགྱུར་ཏེ། དེར་ཁྱེད་ཅག་སྡུག་བསྔལ་མི་བཟད་པ། རྩུབ་པ། ཚ་བ་དག་གི་ཚོར་བ་མྱོང་བར་འགྱུར་གྱིས། ཀྱེ་སྐྱེས་བུ་དག་ལས་གང་ཡོངས་སུ་བཟུང་བས་མིར་སྐྱེ་བ་ཡང་ཐོབ་ པར་མི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མེད་པ་དེ་ལྟ་བུའི་དངོས་པོ་མེད་པའི་ཆོས་རྣམས་ཀྱི་དོན་གྱི་ལས་ཡོངས་སུ་མ་འཛིན་ཅིག །ཀྱེ་སྐྱེས་བུ་དག་སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའོ། ། མིར་སྐྱེ་བ་ཡང་རྙེད་པར་དཀས། དལ་བ་འདི་ཆུད་གཟན་པར་མ་བྱེད་ཅིག །མི་ཁོམ་པར་གྱུར་ཅིང་། གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཀྱང་བཟོད་པ་སྒྲུབ་པར་བྱེད་ལ། གཞན་དག་ཀྱང་བཟོད་པ་ལ་སྦྱོར་བར་བྱེད་ཅིང་བཟོད་པའི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་བཟོད་པ་སྒོམ་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེས་སེམས་ཅན་དེ་དག་བཟོད་པ་ལ་སྦྱར་ཅིང་བཟོད་པ་ལ་ 36-1-123a བཀོད་ནས། ཐེག་པ་གསུམ་གྱིས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སེམས་ཅན་རྣམས་བཟོད་པ་ལ་སྦྱོར་བ་ ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར་བར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་སེམས་ཅན་ལེ་ལོ་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅག་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་འདོམས་པར་བྱེད་དོ། །དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ ཕྱིན་པ་ལ་སྤྱོད་པ། སེམས་ཅན་དེ་དག་ལ་འདི་སྐད་དུ། ཀྱེ་སྐྱེས་བུ་དག་ངས་གང་ཁྱེད་ཅག་ལ་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། རྣམ་པ་གཞན་གང་དག་གིས་བརྩོན་འགྲུས་རྩོམ་པར་འགྱུར་བ་དེ་དག་ཐམས་ཅད་ཉེ་ བར་བསྒྲུབ་པར་བྱས། ཁྱེད་ཅག་བརྩོན་འགྲུས་བརྩོམས་ཤིག་ཅེས་ཟེར་ཏེ། དེར་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་དེ་དག་གིས་ལུས་དང་སེམས་ཀྱི་བརྩོན་འགྲུས་རྩོམ་པར་བྱེད་དེ། དེ་དག་ལུས་དང་ སེམས་ཀྱི་བརྩོན་འགྲུས་དང་ལྡན་པས། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་ཐམས་ཅད་སྒོམ་པར་བྱེད་དོ། །དེ་དག་བསྒོམས་པས་རྒྱུན་དུ་ཞུགས་ པའི་འབྲས་བུ་ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །རང་བྱང་ཆུབ་ཐོབ་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ནོ། །རབ་འབྱོར་ 36-1-123b ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་སེམས་ཅན་སེམས་རྣམ་པར་གཡེངས་པ་དག་མཐོང་ན། འདི་སྐད་དུ། ཀྱེ་སྐྱེས་བུ་དག་ཁྱེད་ཅག་ཅིའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྙོམས་པར་མི་འཇུག་ཅེས་འདོམས་པར་བྱེད་དོ། །དེ་དག་འདི་སྐད་དུ་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ ཞེས་ཟེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་དེ་དག་ལ་འདི་སྐད་དུ། ཀྱེ་སྐྱེས་བུ་དག་ངས་ཁྱེད་ཅག་རྐྱེན་གང་དག་གིས་འདི་ནི་ནང་ངོ་། །འདི་ནི་ཕྱི་རོལ་ལོ། །འདི་ནི་ནང་དང་ཕྱི་རོལ་ལོ། ། ཞེས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་རྐྱེན་དག་ཉེ་བར་བསྒྲུབ་པར་བྱའོ་ཞེས་ཟེར་ཏེ། དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་དག་གིས་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟ་བུའི་ རྐྱེན་དག་ཉེ་བར་སྒྲུབ་པར་བྱེད་དོ། །དེས་སེམས་ཅན་དེ་དག་རྣམ་པར་རྟོག་པའི་རྒྱུན་ཆད་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་དང་། གསུམ་པ་དང་བཞི་པ་བསྒྲུབས་ཏེ་གནས་སོ། །བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་དག་ལ་སྙོམས་པར་འཇུག་གོ། །དེ་དག་བསམ་གཏན་དེ་དག་དང་། ཚད་མེད་པ་དེ་དག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་སྒོམ་པར་བྱེད་དོ། །དེ་དག་བསྒོམས་ནས་ཐེག་པ་གསུམ་པོ་དག་གིས་རིམ་གྱི་ ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་དག་ལས་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མི་ཉམས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་རྣམས་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ 36-1-124a ལ་སྤྱོད་པ། སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཤེས་རབ་འཆལ་བ་དག་མཐོང་ན། འདི་སྐད་དུ་ཀྱེ་སེམས་ ཅན་དག་ཁྱེད་ཅག་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མི་བྱེད་ཅེས་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་དོ། །དེ་དག་འདི་སྐད་དུ། རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ དུ་ཕྱིན་པ་ལ་གནས་ནས། སེམས་ཅན་དེ་དག་ལ་འདི་སྐད་དུ། ཀྱེ་སེམས་ཅན་དག་ང་ལས་ཡོ་བྱད་དག་ལོང་ཤིག །ང་ལས་ཡོ་བྱད་དག་བླངས་ནས་ཀྱང་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་བསྲུངས་ཤིག །བཟོད་པ་བསྒྲུབས་ཤིག །བརྩོན་འགྲུས་བརྩོམས་ ཤིག །བསམ་གཏན་སྒོམས་ཤིག །རྣམ་པ་དེ་དག་ཡོངས་སུ་རྫོགས་ནས་ཀྱང་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ། བདག་གམ་སེམས་ཅན་ནམ་སྲོག་གམ། གསོ་བ་འམ། གང་ཟག་གམ། ཤེས་པ་པོ་དང་མཐོང་བ་པོ་དང་། བྱེད་པ་ པོའི་བར་དག་གམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ནམ། རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འམ། གང་དམིགས་པར་འགྱུར་བའི་ཆོས་གང་ཡང་ཡོད་དམ། ཚོལ་ ཅིག་ཅེས་འདོམས་ཤིང་རྗེས་སུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གང་ལ་དམིགས་ཤིང་མངོན་པར་ཞེན་པར་འགྱུར་བའི་ཆོས་གང་ཡང་མི་དམིགས་སོ། །དེ་མངོན་པར་ཞེན་པ་ མེད་པས་ཆོས་གང་ཡང་སྐྱེ་བ་འམ། འགག་པ་འམ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་དེ་དག་ཡང་དག་པར་རྗེས་སུ་མ་མཐོང་བས་འདི་ནི་སེམས་ཅན་དམྱལ་བའོ། །འདི་ནི་དུད་འགྲོའི་སྐྱེ་ 36-1-124b གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སོ། །འདི་ནི་ལྷའོ། །འདི་ནི་མིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བྱ་བར་རྣམ་པར་མི་རྟོག་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་བསྡུད་པར་བྱེད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་ བདུན་གྱི་བར་དག་ཡོངས་སུ་འཛིན་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ལ་ཡོ་བྱད་དག་སྦྱིན་པར་བྱེད་དེ། ཡོ་བྱད་དེ་དག་གིས་ཡོངས་སུ་བསྡུས་པའི་སེམས་ཅན་རྣམས་ནི་དྲན་ པ་ཉེ་བར་གཞག་པ་བཞི་སྒོམ་པར་བྱེད་དོ། །ཡང་དག་པར་སྤོང་བ་བཞི་སྒོམ་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པར་བྱེད་དོ། །དབང་པོ་ལྔ་དང་སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དག་སྒོམ་པར་ བྱེད་དོ། །ལམ་དེས་ཡོངས་སུ་ཟིན་པར་གྱུར་པ་ནི། འཁོར་བ་ཇི་སྙེད་པ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་ཀྱི་སེམས་ཅན་རྣམས་ ཡོངས་སུ་འཛིན་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་མགོན་མེད་པ་སྡུག་བསྔལ་བ། ཟས་དང་སྐོམ་གྱིས་ཕོངས་པ་དག་མཐོང་ན། འདི་ལྟར་ 36-1-125a ཡོངས་སུ་སྨིན་པར་བྱེད་དེ། རིགས་ཀྱི་བུ་དག་ཚུར་ཤེག །ཁྱེད་ཅག་ང་ལས་ཟས་དང་། སྐོམ་དང་གོས་དང་བཞོན་པ་དང་མལ་ཆ་དང་སྟན་དང་། སྤོས་དང་མེ་ཏོག་ཕྲེང་དང་། བྱུག་པ་དང་། རིན་པོ་ཆེ་སྣ་བདུན་དང་ཡོ་བྱད་གང་ཡང་རུང་བའི་བར་དག་ལོང་ ལ། སེམས་ཅན་རྣམས་ལ་ཕན་ཐོགས་ཤིག་དང་། དེ་ནི་ཁྱེད་ཅག་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །འདི་ནི་ངའི་དོན་ཡིན་གྱི། ཁྱེད་ཅག་གི་མ་ཡིན་ནོ། །སྙམ་དུ་བསམ་པར་མི་བྱ་བར་འདི་ནི་བདག་གིས་ཡུན་རིང་པོ་ནས་སེམས་ ཅན་རྣམས་ཀྱི་དོན་དུ་བསྒྲུབས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཁྱེད་ཀྱིས་བདག་རང་གི་ཡིན་ནོ་སྙམ་དུ་སེམས་ལ་སེམས་ཅན་རྣམས་ལ་སྦྱིན་པ་བྱིན་ཅིག །སྦྱིན་པ་དེས་ཀྱང་ཚུལ་ཁྲིམས་ལ་སྦྱོར་ཅིག །བཟོད་པ་ལ་སྦྱོར་ཅིག །བརྩོན་འགྲུས་ལ་སྦྱོར་ཅིག ། ཏིང་ངེ་འཛིན་ལ་སྦྱོར་ཅིག །བསམ་གཏན་ལ་སྦྱོར་ཅིག །ཤེས་རབ་ལ་སྦྱོར་ཅིག །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་བར་དག་ལ་སྦྱོར་ཅིག །དེ་ཙམ་གྱིས་ཆོག་པར་མ་འཛིན་པར་གོང་དུ་འཕགས་པའི་ཆོས་ཟག་པ་མེད་པ་རྣམས་ ལ་ཡང་ཁོད་ཅིག །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཁོད་ཅིག་ཅེས་རབ་ འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་ཡོངས་སུ་སྨིན་པར་བྱས་པས་སེམས་ཅན་རྣམས་ངན་སོང་གསུམ་པོ་དག་ལས་ཡོངས་སུ་ཐར་བར་འགྱུར་བ་དང་འཁོར་བ་ཐམས་ ཅད་ཀྱི་བར་དག་ལས་ཡོངས་སུ་ཐར་བར་འགྱུར་བ་དེ་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། འདི་ལྟར་སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བྱའོ། །རིགས་ཀྱི་བུ་དག་ཚུར་ཤེག །ཁྱེད་ཅག་ཟས་སམ། སྐོམ་འམ། མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་གིས་ཕོངས་ནས་ཚུལ་ཁྲིམས་འཆལ་བར་བྱེད་པའི་ཡོ་བྱད་དེ་དག་ངས་ཉེ་བར་བསྒྲུབ་པར་བྱའོ་ཞེས་དེས་སེམས་ཅན་དེ་དག་ 36-1-125b ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་ཀྱང་ཕན་གདགས་པ་ཇི་ལྟ་བུས་ཕན་བཏགས་པས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ལེན་པར་འགྱུར་ཞིང་ཚུལ་ཁྲིམས་མ་རལ་བ་དང་། ཚུལ་ཁྲིམས་ནག་ནོག་མེད་པར་གྱུར་པ་དེ་དག་ཚུལ་ཁྲིམས་ཀྱི་ སྡོམ་པ་ལ་གནས་པར་འགྱུར་བ་དེ་ལྟ་བུའི་ཕན་གདགས་པས་ཕན་འདོགས་པར་བྱེད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སེམས་ཅན་ཡོངས་སུ་སྨིན་པར་ བྱ་བའི་གོ་ཆའི་ལེའུ་ཞེས་བྱ་སྟེ། བདུན་བཅུ་རྩ་དྲུག་པའོ།། །། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་གོ་ཆ་བགོ་བར་བྱ་བའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ལམ་དེ་གང་ཡིན་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱི་ཡོངས་སུ་རྟོགས་པ་ཐུགས་ཀྱི་མཁྱེན་ནས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཕ་རོལ་ དུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །སྟོང་པ་ཉིད་བཅུ་བཞི་དང་། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པ་བརྒྱད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །རབ་འབྱོར་གཞན་ཡང་ ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ཡིན་ནོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མི་བྱ་བ་དང་། གང་ལ་མ་བསླབས་པས། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཆོས་འགའ་ཞིག་ཡོད་སྙམ་འམ། རབ་འབྱོར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མི་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ 36-1-126a པོས་ཆོས་ཐམས་ཅད་ལ་མ་བསླབ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ནུས་པའི་ཆོས་ནི་གང་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ ཐམས་ཅད་སྟོང་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་ཇི་ལྟར་བསླབ་པར་བགྱི་སྟེ། བཅོམ་ལྡན་འདས་འདི་སྙེད་ཅིག་གོ་ཞེ་འམ། འདི་དག་གོ་ཞེ་འམ། ཆོས་འདི་དག་ནི་འཇིག་རྟེན་པ་འམ། འཇིག་རྟེན་ལས་འདས་ པ་འམ། ཟག་པ་དང་བཅས་པ་འམ། ཟག་པ་མེད་པ་འམ། འདུས་བྱས་སམ། འདུས་མ་བྱས་སམ། སོ་སོའི་སྐྱེ་བོའི་ཆོས་སམ། དགྲ་བཅོམ་པའི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་ལགས་སོ་ཞེས་བགྱིས་ན། མ་སྤྲོས་པ་སྤྲོས་པར་བགྱིད་པ་འམ་གཅིག་ཏུ་མི་ འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་སྟོང་པ་ཡིན་ནོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ ཅད་སྟོང་པ་མ་ཡིན་དུ་ཟིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་ ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་ཡང་གང་ཁྱོད་འདི་སྐད་དུ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙེད་ཅིག་གོ་ཞེ་འམ། འདི་དག་གོ་ཞེ་འམ་སོ་སོའི་སྐྱེ་བོའི་ཆོས་སམ་དགྲ་བཅོམ་པའི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་ཤེས་བགྱི་བའི་བར་དུ་ཇི་ལྟར་ཆོས་རྣམས་ཐ་དད་དུ་བགྱིད་ཅེས་ཟེར་བ་ནི། རབ་འབྱོར་ཅི་སེམས་ཅན་འདི་དག་གིས་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་ཤེས་སམ། གལ་ཏེ་དེ་ལྟར་ཤེས་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཆོས་ཐམས་ཅད་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ 36-1-126b འཐོབ་པར་མི་འགྱུར་བ་ཞིག་ན། རབ་འབྱོར་འདི་ལྟར་སེམས་ཅན་འདི་དག་གིས། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་མི་ཤེས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་ནས། ཆོས་ཐམས་ཅད་རྣམ་པར་གཞག་པར་བྱས་ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་པས། ཐོག་མ་ཉིད་ནས་འདི་ལྟར་ འདི་ལ་མངོན་པར་འདུ་བྱེད་པ་མ་གཏོགས་པར་གང་རང་གི་ངོ་བོ་ཉིད་ཀྱིས་དམིགས་པར་འགྱུར་བའི་ཆོས་གང་ཡང་མེད་དོ་སྙམ་དུ་ཉེ་བར་བརྟག་པར་བྱའོ། །དེ་ལྟར་ཆོས་དེ་དག་གིས་རང་བཞིན་ལ་ཉེ་བར་རྟོག་པ་ན། ཕ་རོལ་དུ་ཕྱིན་པ་རྣམས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ནམ། རྒྱུན་དུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་འམ། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ལ། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མངོན་པར་ཞེན་པར་མི་བྱེད་དེ། སྟོང་པ་ཉིད་ཀྱང་དམིགས་སུ་མེད་ན། སྟོང་པ་ ཉིད་ཀྱིས་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་གནས་སོ། །དེ་བསླབ་པ་དེ་ལ་གནས་ནས་ཀྱང་། སེམས་ཅན་ འདི་དག་ཅི་ལ་སྤྱོད་ཅེས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་ཞིང་མེད་པ་ལ་འཛིན་པ་ཡིན་ནོ་སྙམ་ནས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གིས་སེམས་ཅན་འདི་དག་ཡོད་པ་མ་ཡིན་པ་ལ་ འཛིན་པ་ལས་ལེགས་པར་ཐར་བར་བྱའོ་སྙམ་ནས། དེ་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་། འདི་སྐད་དུ་སེམས་ཅན་དག་ཚུར་ཤེག །ཁྱེད་ཅག་སྦྱིན་པ་བྱིན་ཅིག་དང་། དེས་ཁྱེད་ཅག་ལོངས་སྤྱོད་དག་གིས་མི་བྲེལ་བར་འགྱུར་རོ། ། 36-1-127a ལོངས་སྤྱོད་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ་ཞེས་འདོམས་པར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་སྲུངས་ལ། ཚུལ་ཁྲིམས་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ་ཞེས་ ཚུལ་ཁྲིམས་ལ་འདོམས་པར་བྱེད་དོ། །དེ་བཞིན་དུ་བཟོད་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། དེ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིག །དེ་བཞིན་དུ་ཤེས་རབ་བསྒོམས་ཤིག །ཤེས་རབ་དེས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་ གང་ཡང་མེད་དོ་ཞེས་འདོམས་པར་བྱེད་དོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་དང་། དེ་བཞིན་དུ་དགྲ་བཅོམ་པ་ཉིད་དང་། དེ་བཞིན་དུ་རང་བྱང་ཆུབ་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་བསྒོམས་ལ། ཆོས་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ་ཞེས་འདོམས་པར་བྱེད་དེ། དེ་ལྟར་འདོམས་ཤིང་རྗེས་སུ་སྟོན་པར་བྱེད་པས་བྱང་ཆུབ་ ཀྱི་ལམ་ལ་སྤྱོད་ཀྱང་། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མངོན་པར་ཞེན་པ་མེད་པ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཉེ་བར་བཟུང་ན། དེ་ལ་གང་གིས་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུའི་ངོ་བོ་ ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་ཀྱང་། གང་ལ་ཡང་མི་གནས་ཏེ། དེ་གནས་པ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་ གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་ པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མི་གནས་སོ། །དེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཀྱང་དེ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསམ་གཏན་དང་པོ་ནི་བསམ་གཏན་གྱི་ངོ་བོ་ཉིད་ 36-1-127b ཀྱིས་སྟོང་ལ། གང་སྙོམས་པར་འཇུག་པ་དེ་ཡང་སྟོང་ཞིང་རྣམ་པ་གང་དག་གིས་སྙོམས་པར་འཇུག་པའི་རྣམ་པ་དེ་དག་ཀྱང་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པའི་བར་དང་དེ་བཞིན་དུ་བྱམས་ པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་དག་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཀྱང་དེ་ལ་མི་གནས་སོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ཀྱང་དེ་ལ་མི་གནས་སོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཀྱང་དེ་ལ་མི་གནས་སོ། །དགྲ་བཅོམ་པ་ཉིད་ཐོབ་ཀྱང་དེ་ལ་མི་གནས་སོ། །རང་སངས་རྒྱས་ཀྱི་ས་ཐོབ་ཀྱང་དེ་ལ་མི་གནས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མི་གནས་ལགས། བཀའ་སྩལ་པ། རབ་འབྱོར་རྣམ་པ་གཉིས་ཀྱིས་མི་གནས་ཏེ། གཉིས་གང་ཞེ་ན། འབྲས་བུ་དེ་དག་ལ་གང་ལ་གནས་པར་འགྱུར་བ་དང་། གང་གིས་གནས་པར་འགྱུར་བ་དང་། གང་གནས་པར་ འགྱུར་བའི་ངོ་བོ་ཉིད་མེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མི་བྱ་བ་མ་ཡིན་ཏེ། བདག་གིས་རྒྱུན་ དུ་ཞུགས་པའི་འབྲས་བུ་ཐོབ་ནས་ཀྱང་དེ་ལ་གནས་པར་མི་བྱའོ། །བདག་གིས་རང་སངས་རྒྱས་ཀྱི་སའི་བར་དག་ཐོབ་པར་མི་བྱ་བ་མ་ཡིན་ཏེ། བདག་གིས་རང་སངས་རྒྱས་ཀྱི་ས་ཐོབ་ཀྱང་དེ་ལ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ བདག་གིས་སེམས་དང་པོ་བསྐྱེད་ཕྱིན་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་གཏོགས་པར་སེམས་གཞན་མ་བསྐྱེད་དོ་སྙམ་དུ་སེམས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ དང་པོ་བསྐྱེད་ཕྱིན་ཆད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་གཏོགས་པར་སེམས་གཞན་མ་བསྐྱེད་ལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ནས་བཟུང་སྟེ་ས་བཅུའི་བར་དུ་ཡང་སེམས་རྣམ་པར་གཡེང་བ་མེད་ 36-1-128a ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་གཏོགས་པར་སེམས་གཞན་འགའ་ཡང་མ་བསྐྱེད་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཇི་ཙམ་དུ་ལུས་དང་། ངག་དང་ཡིད་ཀྱིས་རྟུལ་བར་བྱེད་ པ་ཡང་བྱང་ཆུབ་ཀྱི་སེམས་ལས་གཞན་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལ་གནས་ཤིང་ཡིད་རྣམ་པར་མི་གཡེང་བར་བྱང་ཆུབ་ཀྱི་ལམ་བསྐྱེད་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་བསྐྱེད་པར་བགྱིད་ལགས། དེ་སྐད་ ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། གང་དག་མངོན་པར་འདུ་མི་ བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་ བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དེ་ནི་གནས་པ་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་ གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དེ་ནི་གནས་པ་ཡིན་མོད་ཀྱི། གང་དག་གིས་ཆོས་གནས་པ་ཉིད་དེ་མི་ཤེས་པ་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་བསྐྱེད་ པར་བྱེད་ཅིང་ལམ་དེས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་སྐྱེས་པར་གྱུར་པའི་ལམ་གྱིས་བྱང་ཆུབ་ཐོབ་ 36-1-128b པར་འགྱུར་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་མ་སྐྱེས་པར་གྱུར་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་འོ་ན་སྐྱེས་ཀྱང་ སྐྱེས་ལ། མ་སྐྱེས་ཀྱང་མ་སྐྱེས་པར་གྱུར་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་སྐྱེས་པ་ཡང་མ་ལགས། མ་སྐྱེས་པ་ཡང་མ་ལགས་པར་གྱུར་པའི་ལམ་གྱིས་བྱང་ ཆུབ་ཐོབ་པར་འགྱུར་ལགས་སམ། བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་ཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་ནི་ལམ་གྱིས་ཀྱང་མི་འཐོབ་ལ། ལམ་མ་ཡིན་པས་ཀྱང་མ་ཡིན་ཏེ། བྱང་ཆུབ་ཉིད་ཀྱང་ལམ་མོ། །ལམ་ཉིད་ཀྱང་བྱང་ཆུབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་ གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཉིད་ཀྱང་ལམ་ལགས་ལ། ལམ་ཉིད་ཀྱང་བྱང་ཆུབ་ལགས་ན། འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཐོབ་ལགས་པ་ཉིད་དུ་མི་འགྱུར་ལགས་སམ། འོ་ན་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་ པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་སོ། །ཞེས་ཀྱང་ཅིའི་སླད་དུ་བསྟན་ལགས། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སངས་རྒྱས་ཀྱིས་བྱང་ཆུབ་ཐོབ་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། 36-1-129a སངས་རྒྱས་ཉིད་ཀྱང་བྱང་ཆུབ་ལགས་ལ། བྱང་ཆུབ་ཉིད་ཀྱང་སངས་རྒྱས་ལགས་པས། སངས་རྒྱས་ཀྱིས་བྱང་ཆུབ་མི་འཐོབ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་འོ་ན། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བྱང་ཆུབ་ཐོབ་ལགས་པ་འམ། གཅིག་ཏུ་མི་འགྱུར་ལགས་སམ་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཤིང་། བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱས་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ ཡོངས་སུ་རྫོགས་པར་བྱས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཕྱིན་ཅད། དེ་བཞིན་གཤེགས་པ་ཞེས་བརྗོད་དེ། ཆོས་ཐམས་ཅད་མཁྱེན་ཅིང་། ཆོས་ཐམས་ཅད་གཟིགས་པས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ནས་ བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བདག་དང་གཞན་གྱི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བར་བྱེད་ཅིང་ཡོངས་སུ་དག་པའི་ཆོས་དེ་དག་གིས་སངས་རྒྱས་ 36-1-129b ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་ནི་གང་ ལགས། ངག་གི་གནས་ངན་ལེན་ནི་གང་ལགས། ཡིད་ཀྱི་གནས་ངན་ལེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལུས་ཀྱི་ལས་མི་དགེ་ བ་འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། ངག་གི་ལས་མི་དགེ་བ་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པར་སྨྲ་བ་དང་། ཡིད་ཀྱི་ལས་མི་དགེ་བ་བརྣབ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་ཡིན་ནོ། །དེ་ནི་ངག་གི་གནས་ངན་ལེན་ཡིན་ནོ། །དེ་ནི་ཡིད་ཀྱི་གནས་ངན་ལེན་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་བདག་དང་གཞན་གྱི་ལུས་དང་། ངག་དང་ཡིད་ཀྱི་གནས་ངན་ལེན་དེ་དག་ཡོངས་སུ་སྦྱོང་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རབ་འབྱོར་གཞན་ཡང་སེར་སྣའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱི་སེམས་དང་། འཁྲུག་པའི་སེམས་དང་། ལེ་ལོའི་སེམས་དང་། རྣམ་པར་གཡེང་བའི་སེམས་དང་། མཉམ་པར་མ་གཞག་པའི་སེམས་དང་། འཆལ་པའི་ཤེས་རབ་ཀྱི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །རབ་འབྱོར་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་མ་དག་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །རབ་འབྱོར་གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་དང་བྲལ་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །དེ་བཞིན་དུ་ཡང་དག་ 36-1-130a པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་བྲལ་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །རབ་འབྱོར་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱེད་ཅིང་དེ་ལ་དགའ་བ་གང་ཡིན་པ་ དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱི་བར་དག་མངོན་སུམ་དུ་བྱེད་ཅིང་། དེ་ལ་དགའ་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །རབ་འབྱོར་གཞན་ཡང་གཟུགས་སུ་འདུ་ཤེས་པ་ནི་གནས་ངན་ལེན་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་འདུ་ཤེས་པ་ནི་གནས་ངན་ལེན་ཡིན་ནོ། །མིག་ཏུ་འདུ་ ཤེས་པ་ནི་གནས་ངན་ལེན་ཡིན་ནོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུ་ཤེས་པ་ནི་གནས་ངན་ལེན་ཡིན་ནོ། །བུད་མེད་དུ་འདུ་ཤེས་པ་ནི་གནས་ངན་ལེན་ཡིན་ནོ། །སྐྱེས་པར་འདུ་ཤེས་པ་ནི་གནས་ངན་ལེན་ཡིན་ནོ། །འདོད་པའི་ཁམས་ སུ་འདུ་ཤེས་པ་དང་། གཟུགས་ཀྱི་ཁམས་སུ་འདུ་ཤེས་པ་དང་། གཟུགས་མེད་པའི་ཁམས་སུ་འདུ་ཤེས་པ་དང་། དགེ་བར་འདུ་ཤེས་པ་དང་། མི་དགེ་བར་འདུ་ཤེས་པ་དང་། འདུས་བྱས་སུ་འདུ་ཤེས་པ་དང་། འདུས་མ་བྱས་སུ་འདུ་ཤེས་པ་གང་ ཡིན་པ་དེ་ཡང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་ཡིན་ནོ། །ངག་གི་གནས་ངན་ལེན་ཡིན་ནོ། །ཡིད་ཀྱི་གནས་ངན་ལེན་ཡིན་ཏེ། དེས་གནས་ངན་ལེན་དེ་དག་ཐམས་ཅད་རྣམ་པར་སྤངས་ ནས་བདག་ཀྱང་སྦྱིན་པ་སྦྱིན་པར་བྱེད་ཅིང་། གཞན་དག་ཀྱང་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་སྟེ། དེ་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པར་བྱེད། སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད། ཡོ་བྱད་འདོད་པ་རྣམས་ལ་ནི་ཡོ་བྱད་གང་ཡང་རུང་ 36-1-130b བའི་བར་དག་སྦྱིན་པར་བྱེད་ལ། གཞན་དག་ཀྱང་ཡོ་བྱད་དེ་དག་ཉིད་ལ་རབ་ཏུ་འགོད་ཅིང་། ཡང་དག་པར་འཛིན་དུ་འཇུག་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་ བསྔོ་བར་བྱེད་དེ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བདག་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དཀོན་ མཆོག་གསུམ་གྱི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་དེ་ཉིད་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་། དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་། རིན་པོ་ཆེ་སྣ་བདུན་ལས་གྲུབ་པར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་བསྔོ་བར་བྱེད་དོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྣམས་སམ། སངས་རྒྱས་ཀྱི་མཆོད་རྟེན་གྱི་དྲུང་དུ་ལྷའི་སིལ་སྙན་དག་དཀྲོལ་བར་བྱེད་ཅིང་། དེ་འདི་ལྟར་དགེ་བའི་རྩ་བ་འདིས་བདག་གིས་སངས་རྒྱས་ཀྱི་ཞིང་དུ་ལྷའི་སིལ་སྙན་ གྱི་སྒྲ་ཡིད་དུ་འོང་བ་དག་རྟག་ཏུ་རྒྱུན་མི་ཆད་པར་འབྱུང་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷའི་སྤོས་ ཀྱིས་ཡོངས་སུ་བཀང་སྟེ། སངས་རྒྱས་རྣམས་སམ། སངས་རྒྱས་ཀྱི་མཆོད་རྟེན་དག་ལ་འབུལ་ཞིང་དེ་འདི་ལྟར་དགེ་བའི་རྩ་བ་འདིས་བདག་གིས་སངས་རྒྱས་ཀྱི་ཞིང་དེར་ལྷའི་སྤོས་དག་འབྱུང་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱེད་དོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་དག་འབུལ་ཞིང་དེ་འདི་ལྟར་དགེ་བའི་རྩ་བ་འདིས་བདག་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་ཉན་ཐོས་རྣམས་ཀྱི་ཁ་ཟས་རོ་རྒྱ་དང་ལྡན་པ་དག་འབྱོར་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་ 36-1-131a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ལྷའི་བྱུག་པ་དག་ འབུལ་ཞིང་། དེ་འདི་ལྟར་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་ལྷའི་རེག་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་ཡོངས་སུ་ བསྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཡིད་ལ་བསམས་པ་ཙམ་ཉིད་ཀྱིས་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། སེམས་ཅན་ཐམས་ཅད་ལ་འདོད་པའི་ ཡོན་ཏན་ལྔ་པོ་གཟུགས་དང་སྒྲ་དང་། དྲི་དང་རོ་དང་རེག་བྱ་ཡིད་དུ་འོང་བ་དག་འབུལ་བར་གྱུར་ཅིག །སྙམ་དུ་སེམས་ཤིང་དེ་དག་ཕུལ་ནས་ཀྱང་། དེ་འདི་ལྟར་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་ཡིད་ལ་བསམས་པ་ཙམ་གྱིས་འདོད་པའི་ཡོན་ཏན་ལྔ་པོ་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་ཡིད་དུ་འོང་བ་དག་འབྱུང་བར་གྱུར་ ཅིག་ཅེས་ཡོངས་སུ་བསྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་དང་སེམས་ཅན་ཐམས་ཅད་ལྷན་ཅིག་འགྲོགས་ཏེ། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་འདོད་པའི་ ཡོན་ཏན་ལྔ་པོ་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་ཡིད་དུ་འོང་བའི་སྦྱིན་པ་དག་འབུལ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པར་བྱའོ། །གཞན་དག་ཀྱང་བསམ་གཏན་དང་པོ་ལ་གཟུད་པར་བྱའོ། །དེ་བཞིན་དུ་བསམ་གཏན་བཞི་པའི་བར་དག་ལ་ཡང་གཟུད་ཅིང་འགོད་པར་བྱའོ། །བྱམས་པ་དང་སྙིང་རྗེ་ 36-1-131b དང་དགའ་བ་དང་བཏང་སྙོམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་བར་དག་ལ་དགོད་པར་བྱའོ་སྙམ་དུ་སེམས་ཤིང་། དེ་འདི་སྙམ་དུ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་སྦྱིན་པ་གཉིས་དང་མི་འབྲལ་བར་གྱུར་ཅིག །བསམ་གཏན་བཞི་དང་མི་འབྲལ་བར་གྱུར་ཅིག །ཚད་མེད་པ་བཞི་དང་མི་འབྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་ བདུན་དང་མི་འབྲལ་བར་གྱུར་ཅིག་ཅེས་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དེ། དེ་ཇི་སྲིད་དུ་བསམ་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་པ་དེ་སྲིད་ཀྱི་ བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱེད་དེ། དེ་བདག་ཀྱང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་ཡིན་ལ། སེམས་ཅན་དེ་དག་ཀྱང་དགེ་བའི་ཆོས་རྣམས་དང་ལྡན་པར་བྱེད་དོ། །དེ་ བདག་ཀྱང་གཟུགས་བཟང་བ་ཡིན་ལ། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་སྨིན་པར་བྱས་པ་དེ་དག་ཀྱང་གཟུགས་བཟང་བ་ཡིན་ཏེ། དེ་དག་འདི་ལྟ་སྟེ། བསོད་ནམས་ཀྱིས་ཡོངས་སུ་ ཟིན་པའི་ཕྱིར་གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་། མཛེས་པའི་ལུས་དེ་མངོན་པར་སྒྲུབ་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དེ། ཇི་ ནས་ཀྱང་ངན་སོང་གསུམ་པོ་དག་ཏུ་གདགས་པ་ཡང་འབྱུང་བར་མི་འགྱུར་བ་དང་། ལྟ་བའི་རྣམ་པར་གདགས་པ་ཡང་འབྱུང་བར་མི་འགྱུར་བ་དང་། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཏུ་གདགས་པ་ཡང་འབྱུང་བར་མི་འགྱུར་བ་དང་། སྐྱེས་པ་དང་བུད་མེད་ཅེས་བྱ་བའི་མིང་ཡང་འབྱུང་བར་མི་འགྱུར་བ་དང་། ཐེག་པ་གཉིས་པོ་དག་གིས་མིང་ཡང་འབྱུང་བར་མི་འགྱུར་བ་དང་། མི་རྟག་པ་དང་སྡུག་བསྔལ་བ་དང་། བདག་ཏུ་གདགས་པ་ཡང་འབྱུང་བར་མི་འགྱུར་བ་དང་། ཡོངས་སུ་ 36-1-132a འཛིན་པར་གདགས་པ་ཡང་འབྱུང་བར་མི་འགྱུར་བ་དང་། ངར་འཛིན་པ་དང་ང་ཡིར་འཛིན་པར་གདགས་པ་ཡང་འབྱུང་བར་མི་འགྱུར་བ་དང་། རྗེས་སུ་ཆགས་པ་དང་ཀུན་ནས་ལྡང་བར་གདགས་པ་ཡང་འབྱུང་བར་མི་འགྱུར་བ་ དང་། ཕྱིན་ཅི་ལོག་ཏུ་གདགས་པ་ཡང་འབྱུང་བར་མི་འགྱུར་བ་དང་། འབྲས་བུ་རྣམ་པར་གཞག་པར་གདགས་པ་ཡང་འབྱུང་བར་མི་འགྱུར་ཞིང་གཞན་དུ་ན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་སྒྲ་འབྱུང་ བ་དང་། སེམས་ཅན་དེ་དག་འདི་ལྟར་ཕྱི་དང་ནང་གི་དངོས་པོ་རྣམས་གཏོང་འདོད་པའི་སྒྲ་འབྱུང་བར་འགྱུར་བ་དང་། ཤིང་རླུང་གིས་བསྐྱོད་པ་དག་དང་། ཕྱི་དང་ནང་གི་ཆོས་རྣམས་ལས་འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་ མེད་པའི་སྒྲ་འབྱུང་བར་འགྱུར་བ་དང་། སྐྱེ་བ་མེད་པ་དང་འགག་པ་མེད་པའི་སྒྲ་འབྱུང་བར་འགྱུར་བ་དང་། ཆོས་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་དེ་ལྟ་བུའི་སྒྲ་འབྱུང་བར་འགྱུར་བ་དང་། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ཞེས་བྱ་བ་དང་། ཆོས་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བ་དེ་ལྟ་བུའི་སྒྲ་འབྱུང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པའོ། །གང་སྟོང་ པ་དེ་ལ་ནི་མཚན་མ་མེད་དོ། །གང་མཚན་མ་མེད་པ་དེ་ལ་ནི་སྨོན་པ་མེད་དོ་ཞེས་བྱ་བར་ཆོས་སྟོན་པའི་སྒྲ་འབྱུང་བར་འགྱུར་བ་དང་། ཉིན་པར་རམ། མཚན་མོ་འམ། འགྲེང་ངམ་འདུག་གམ། ཉལ་ལམ་འཆག་ཀྱང་རུང་སྟེ། དེ་ལྟ་བུའི་ཆོས་ བསྟན་པའི་སྒྲ་འབྱུང་བར་འགྱུར་བ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་བསྔགས་པ་བརྗོད་པར་འགྱུར་རོ། །སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པའི་ 36-1-132b བསྔགས་པ་དང་། མཚན་ཐོས་པ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ཆོས་བསྟན་པ་དེ་ལ་སེམས་ཅན་འགའ་ ཡང་འདི་ཆོས་ཡིན་ནམ། འདི་ཆོས་མ་ཡིན་ནོ་སྙམ་དུ་ཐེ་ཚོམ་ཟ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་ཆོས་མ་ཡིན་པ་གང་ཡང་མེད་དེ། དེ་དག་ཐམས་ཅད་ནི་ཆོས་ཡིན་པའི་ཕྱིར་རོ། །དེ་ལ་སེམས་ ཅན་གང་དག་མི་དགེ་བའི་རྩ་བས་ཟིན་ཅིང་། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད་ལ། མི་དགེ་བའི་གྲོགས་པོས་ཡོངས་སུ་ཟིན་པ་བདག་ཏུ་ལྟ་བ་ཀུན་དུ་འཛིན་པ་དང་། ལྟ་བར་གྱུར་པ་ཐམས་ཅད་ཀྱི་ བར་དག་ཀུན་དུ་འཛིན་པ་དང་། རྟག་པ་དང་ཆད་པའི་མཐའ་དག་ལ་གནས་པ་དང་། ལོག་པར་འཛིན་པས་ཟིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འདུ་ཤེས་ལ། ཡང་ དག་པར་རྫོགས་པའི་སངས་རྒྱས་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་འདུ་ཤེས་པ་དེ་དག་ནི་ཆོས་མ་ཡིན་པ་ལ་ནི་ཆོས་སུ་སྨྲ། ཆོས་ལ་ནི་ཆོས་མ་ཡིན་པར་སྨྲ་ཞིང་དེ་དག་ཆོས་སྤོང་བར་བྱེད་དོ། །དེ་དག་གིས་ཆོས་སྤངས་ ནས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས་ནས་འཁོར་བར་གཏོགས་པའི་སེམས་ཅན་དེ་དག་ངན་སོང་དང་ལྟ་བར་གྱུར་པ་དེ་དག་ལས་གྲོལ་བར་མཛད་དོ། །བཀྲོལ་ནས་ཀྱང་ངེས་པའི་ཕུང་པོ་ལ་འགོད་པར་མཛད་དེ། དེར་བཀོད་པ་དེ་དག་ཕྱིན་ཅད་ངན་སོང་རྣམས་སུ་ སྐྱེ་བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དེ། ཡོངས་སུ་དག་པའི་སེམས་ཅན་རྣམས་ནི་འཇིག་རྟེན་པའི་ཆོས་རྣམས་སམ། འཇིག་རྟེན་ 36-1-133a ལས་འདས་པའི་ཆོས་རྣམས་སམ། ཟག་པ་དང་བཅས་པའི་ཆོས་རྣམས་སམ། ཟག་པ་མེད་པའི་ཆོས་རྣམས་སམ། འདུས་བྱས་ཀྱི་ཆོས་རྣམས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་གནས་པར་མི་འགྱུར་ཏེ། ཐམས་ ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ངེས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བདུན་བཅུ་རྩ་ བདུན་པའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པ་ཞེས་བགྱི་འམ། འོན་ཏེ་མ་ངེས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པ་ཡིན་ཏེ། མ་ ངེས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུང་པོ་འམ། རང་སངས་རྒྱས་ཀྱི་ཕུང་པོ་འམ། ཕུང་པོ་གང་དུ་ངེས་པ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཉན་ཐོས་ཀྱི་ཕུང་པོ་འམ། རང་སངས་རྒྱས་ཀྱི་ཕུང་པོར་ངེས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཕུང་པོར་ངེས་པ་ཡིན་ནོ། །གསོལ་པ། བཅོམ་ ལྡན་འདས་ཇི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ངེས་པ་ལགས་སམ། འོན་ཏེ་ཕྱིར་མི་ལྡོག་པ་འམ་འོན་ཏེ་སྲིད་པ་ཐ་མ་པ་ངེས་པ་ཞེས་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཡང་ངེས་པ་ཡིན་ནོ། །ཕྱིར་མི་ལྡོག་པ་ཡང་ངེས་པ་ཡིན་ནོ། །སྲིད་པ་ཐ་མ་པ་ཡང་ངེས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་བྱང་ཆུབ་སེམས་དཔའ་སེམས་ 36-1-133b དཔའ་ཆེན་པོ་ངེས་པར་གྱུར་པ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་གྱུར་པ་ནི་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །རབ་ འབྱོར་འདི་ཇི་སྙམ་དུ་སེམས། བརྒྱད་པ་འམ། རྒྱུན་དུ་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བ་འམ། ཕྱིར་མི་འོང་བ་འམ། དགྲ་བཅོམ་པ་འམ། རང་སངས་རྒྱས་ངན་སོང་རྣམས་སུ་སྐྱེ་བར་འགྱུར་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་གྱུར་པ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་ པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སྒོམ་ཞིང་། མི་དགེ་བའི་ཆོས་ཐམས་ཅད་སྤོང་བའི་དོན་དུ་གནས་པ་དེ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །ལྷ་ཚེ་རིངས་པོ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། ། གང་ན་དགེ་བའི་ཆོས་རྣམས་མི་སྤྱོད་པ་དང་། ལུག་ལྟར་ལྐུག་པར་འགྱུར་བའི་ལུས་རྣམས་སུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །ཆོམ་རྐུན་པ་དང་། ཀླ་ཀློ་དང་། ཡུལ་མཐའ་འཁོབ་དག་ཏུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། ། ལོག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །གང་ན་སངས་རྒྱས་ཀྱི་སྒྲ་མེད་པ་དང་། ཆོས་ཀྱི་སྒྲ་མེད་པ་དང་། དགེ་འདུན་གྱི་སྒྲ་མེད་པ་དེ་ལྟ་བུར་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །བྱེད་པ་མེད་པའི་ལྟ་བ་ རྣམས་ལ་འདུན་པར་འགྱུར་བ་དེ་ནི་གནས་མེད་དོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ 36-1-134a ཞུགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པར་འགྱུར་བ་དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་ལྟ་བུ་དང་ལྡན་པ་ཡང་འདི་ལྟ་སྟེ། མི་མཐུན་པའི་གནས་རྣམས་སུ་སྐྱེ་བར་མི་འགྱུར་བ་ལགས་ན། གང་དེ་བཞིན་གཤེགས་པ་ཉིད་ཀྱིས་དུད་འགྲོའི་འགྲོ་བར་སྐྱེས་པའི་རབས་ བསྟན་ན། དེའི་ཚེ་དགེ་བའི་རྩ་བ་དེ་དག་གང་དུ་མཆིས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི་མི་དགེ་བའི་ལས་ཀྱི་དུད་འགྲོའི་འགྲོ་བར་སྐྱེ་བ་མ་ཡིན་མོད་ཀྱི། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་ལྟ་བུའི་ལུས་ཐབས་ལ་མཁས་པས་བསམས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་ཡོངས་སུ་འཛིན་པར་ བྱེད་དོ། །རབ་འབྱོར་ཐབས་ལ་མཁས་པ་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ཤིང་། གང་དག་དེ་གསད་པའི་ཕྱིར་རྟུལ་བར་བྱེད་ན། དེ་དག་བླ་ན་མེད་པའི་བཟོད་པ་ཡང་དག་པར་ འཛིན་དུ་འཇུག་པ་དང་། འདུལ་ཞིང་འགོད་པར་བྱེད་དེ། དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་བདག་གི་ལུས་ཡོངས་སུ་གཏོང་ཞིང་། སེམས་ཅན་དེ་དག་ལ་རྣམ་པར་ཐོ་འཚམ་པ་མི་བྱེད་པ་དེ་ལྟ་བུའི་ཐབས་ལ་མཁས་པ་དགྲ་བཅོམ་པ་ དག་དང་། རང་སངས་རྒྱས་དག་ལ་ཡོད་དམ། རབ་འབྱོར་རྣམ་གྲངས་དེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ ཕྱིར་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་བྱེད་ཀྱང་། དུད་འགྲོའི་སྐྱེ་གནས་སུ་འགྲོ་བས་ཉེས་པའི་མི་གོས་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ 36-1-134b ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་ཆོས་གང་དག་ལ་གནས་ཤིང་། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་བགྱིད་ལགས། དེ་སྐད་ཅེས་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་མི་བྱ་བའི་དགེ་བའི་ཆོས་དེ་ལྟ་བུ་ཡང་གང་ཞིག་ཡོད་དེ། དགེ་བའི་ཆོས་ ཐམས་ཅད་ཡོངས་སུ་རྫོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཡོངས་ སུ་རྫོགས་པར་མི་བྱ་བའི་དགེ་བའི་ཆོས་གང་ཡང་མེད་དོ། །དགེ་བའི་ཆོས་དེ་དག་ཡོངས་སུ་རྫོགས་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཏེ། དེ་ནི་གནས་ མེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་ཕྱིན་ཅད་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པར་བྱ་སྟེ། དེ་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་རྗེས་སུ་ཐོབ་ཅིང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་དང་ལྡན་པ། འཕགས་པ་ཟག་པ་མ་མཆིས་པའི་ལས་ཀྱིས་ཇི་ལྟར་ངན་སོང་རྣམས་སམ། དུད་འགྲོའི་སྐྱེ་གནས་དག་ཏུ་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་ཇི་དེ་བཞིན་གཤེགས་ པ་འཕགས་ཤིང་ཟག་པ་མེད་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། དེ་བཞིན་གཤེགས་པ་ནི་འཕགས་ཤིང་ཟག་པ་མི་མངའ་བ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ 36-1-135a ཇི་དེ་བཞིན་གཤེགས་པ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སུ་མངོན་པར་སྤྲུལ་པ་མཛད་ཅིང་། དེར་མངོན་པར་སྤྲུལ་ནས་ཀྱང་། སངས་རྒྱས་ཀྱི་མཛད་པ་མི་མཛད་དམ། གསོལ་པ་བཅོམ་ལྡན་འདས་མཛད་ ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཇི་འོ་ན་དེ་བཞིན་གཤེགས་པ་དུད་འགྲོའི་སྐྱེ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཇི་དེ་བཞིན་གཤེགས་པས་དུད་འགྲོའི་སྐྱེ་ གནས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འཕགས་པའི་ཆོས་དཀར་པོ་ཟག་ པ་མེད་པ་དང་ལྡན་ཡང་བསམས་བཞིན་དུ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་བྱེད་ཅིང་ལུས་དེས་ཇི་རིགས་ཇི་ཚུལ་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པས་སྤྲུལ་པ་ཞིག་མངོན་ པར་སྤྲུལ་ན། སྤྲུལ་པ་དེ་དགྲ་བཅོམ་པའི་ལས་བྱེད་ཅིང་། ལས་དེས་གཞན་དག་དགའ་བ་སྐྱེ་བར་འགྱུར་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཡང་འཕགས་པའི་ཆོས་དཀར་པོ་ཟག་པ་མེད་པ་དང་ལྡན་ཡང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། ལུས་དེ་ལྟ་བུ་དེས་སྡུག་བསྔལ་བ་ཡང་མེད་ལ། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་འགྱུར་བ་ཡང་མེད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྒྱུ་མའི་གླང་པོ་ཆེའི་གཟུགས་སམ། རྟའི་གཟུགས་སམ། བ་ལང་གི་གཟུགས་དག་བསྟན་ཏམ། སྲོག་ཆགས་ ཀྱི་གཟུགས་རྣམ་པ་སྣ་ཚོགས་གཞན་དག་བསྟན་ན། དེ་ལ་གླང་པོ་ཆེར་འགྱུར་བ་འམ། རྟར་འགྱུར་བ་འམ། བ་ལང་དུ་འགྱུར་བ་འམ། སྲོག་ཆགས་ཀྱི་རིགས་རྣམ་པ་སྣ་ཚོགས་གཞན་དག་ཏུ་འགྱུར་བ་ཡོད་སྙམ་འམ། གསོལ་པ། 36-1-135b བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་དཀར་པོ་ཟག་པ་མེད་པ་དང་ལྡན་ཡང་བསམས་བཞིན་དུ་དེ་ལྟ་བུའི་ལུས་ཉེ་བར་སྟོན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་ཉམས་སུ་མྱོང་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་དེ་ལྟར་འཕགས་པའི་ཡེ་ཤེས་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་ཞིང་ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་བགྱིད་པར་རྔོ་ཐོག་པ་དེ་དང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་བགྱིད་པ་ནི་ཐབས་ལ་མཁས་པ་ཆེ་བ་ ལགས་སོ། །བཅོམ་ལྡན་འདས་དཀར་པོའི་ཕྱོགས་ཀྱི་ཆོས་གང་དག་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་དེ་ལྟ་བུ་དག་བགྱིད་ཀྱང་ལས་དེས་གོས་པར་མི་འགྱུར་བ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། ཐབས་ལ་མཁས་པ་དེ་དང་ལྡན་པས་ཤར་དང་། ལྷོ་དང་ནུབ་དང་། བྱང་ དང་། ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། དེས་དེ་ལ་རེག་པར་འགྱུར་བ་ཅི་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེས་གང་རེག་པར་འགྱུར་བ་འམ། གང་གིས་རེག་པར་འགྱུར་བ་འམ། གང་ལ་རེག་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གསུམ་པོ་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་ པས་ན། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་རེག་པར་མི་བྱེད་ལ། སྟོང་པ་ཉིད་ནི་ཆོས་གང་ལ་ཡང་རེག་པར་མི་བྱེད་ཅིང་། སྟོང་པ་ཉིད་ཀྱང་རེག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་ 36-1-136a སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ནི་མི་དམིགས་པ་སྟོང་པ་ཉིད་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་གནས་ཀྱི། ཆོས་གཞན་དག་ལ་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་ཆོས་གང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་འདུས་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱིས་སྟོང་པ་ལགས་ན། ཇི་ལྟར་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་འདུས་པ་ལགས། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་འདུས་པ་དང་། མ་འདུས་པའི་ཆོས་གང་ཡང་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པས། སྟོང་པ་ཉིད་དུ་ཆོས་ཐམས་ཅད་མ་འདུས་ པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་པ་ཡིན་ན། ཆོས་ཐམས་ཅད་སྟོང་པ་ ཉིད་དུ་འདུས་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ ནས། ཐབས་ལ་མཁས་པ་དེ་ལྟ་བུ་འདི་བྱེད་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཏེ། མངོན་པར་ཤེས་པ་གང་ལ་གནས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མཆི་ཞིང་འཇིག་རྟེན་གྱི་ཁམས་དེ་དག་ན་ 36-1-136b སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེ་དག་ལ་བསྙེན་བཀུར་བགྱིད་ཅིང་ཆོས་ཉན་པ་དང་། དེར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དགེ་བའི་རྩ་བ་བསྐྲུན་པར་འགྱུར་བའི་མངོན་པར་ ཤེས་པའི་ཕ་རོལ་དུ་ཕྱིན་པ་མངོན་པར་སྒྲུབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ལ། དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ཞིང་། མིང་དང་བརྡར་བཏགས་པ་བཟུང་སྟེ། བསྟན་པ་མ་གཏོགས་པར་བཏགས་པ་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །གལ་ཏེ་འཇིག་རྟེན་གྱི་ཁམས་དེ་དག་ངོ་བོ་ཉིད་ཀྱིས་ སྟོང་པ་མ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ཞིང་། བཏགས་པའི་སྤྱོད་པ་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་ན་ནི། དེ་ལྟ་ན་ཉི་ཙེ་བའི་སྟོང་པ་ཉིད་དུ་འགྱུར་བ་ཞིག་ན། འདི་ལྟར་ཉི་ ཙེ་བའི་སྟོང་པ་ཉིད་དམིགས་སུ་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་བྱེད་དེ། མངོན་པར་ཤེས་པ་དེ་ལ་གནས་ནས་ལྷའི་མིག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་གྱི་བྱ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་པར་སྒྲུབ་པར་བྱེད་དོ། །མངོན་པར་ཤེས་པ་མེད་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། དེའི་ཕྱིར་ 36-1-137a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་འདིར་འདུས་པས། མངོན་པར་ཤེས་པ་དེ་དག་ཉིད་ལས་བྱང་ཆུབ་བཙལ་བར་བྱའོ། །དེ་ཚོལ་བ་ན་ལྷའི་མིག་གིས་བདག་གིས་ཀྱང་དགེ་ བའི་ཆོས་ཐམས་ཅད་མཐོང་ལ་གཞན་དག་ཀྱང་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བར་བྱེད་ཀྱང་དགེ་བའི་ཆོས་དེ་དག་ལ་མངོན་པར་ཞེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་ཆོས་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པས་ན། སྟོང་པ་ཉིད་ནི་གང་ལ་ཡང་མངོན་པར་ཞེན་པ་མེད་ལ། སྟོང་པ་ཉིད་ལ་ནི་རོ་མྱང་བར་བྱ་བ་མེད་པས། དེ་ལ་མངོན་པར་ཞེན་པ་མེད་ཅིང་རོ་མྱང་བར་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ལྷའི་མིག་མངོན་པར་སྒྲུབ་བོ། །ལྷའི་མིག་དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཉིད་དེ་ལ་གནས་ཤིང་། ལུས་གང་བསྐྱེད་པས་སེམས་ ཅན་རྣམས་ལ་ཆོས་སྟོན་པར་འགྱུར་བ་དེ་ལྟ་བུའི་ལུས་བསྐྱེད་པར་བྱེད་དེ། སེམས་ཅན་ནམ་སེམས་ཅན་དུ་བཏགས་པ་ཡང་དམིགས་སུ་མེད་དོ་ཞེས་མི་དམིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་དེ་དག་གིས་མངོན་པར་ཤེས་པས་གང་དག་བྱ་བའི་ཆོས་དེ་དག་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྷའི་མིག་རྣམ་པར་དག་པ། མིའི་ ལས་ཤིན་ཏུ་འདས་པས་ཤར་དང་། ལྷོ་དང་ནུབ་དང་བྱང་དང་། ཕྱོགས་མཚམས་རྣམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཀྱང་མཐོང་ངོ་། །དེ་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སྦྱིན་པ་འམ། ཚུལ་ ཁྲིམས་སམ། བཟོད་པ་འམ། བརྩོན་འགྲུས་སམ། བསམ་གཏན་ནམ་ཤེས་རབ་བམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ནམ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ 36-1-137b རྣམས་སམ། ཉན་ཐོས་ཀྱི་ཆོས་རྣམས་སམ། རང་སངས་རྒྱས་ཀྱི་ཆོས་རྣམས་སམ། བྱང་ཆུབ་སེམས་དཔའི་ཆོས་རྣམས་སམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དོ། །དེ་ལ་སེམས་ ཅན་སེར་སྣ་ཅན་གང་ཡིན་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །དབུལ་བ་ནི་སྡུག་བསྔལ་བ་སྟེ། དབུལ་པོས་ནི་བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་ཁྱེད་ཅག་སྦྱིན་པ་བྱིན་ལ་བདག་ཀྱང་ བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །དབུལ་བས་ཟིལ་གྱིས་ནོན་ཅིང་། ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་པོ་དག་ལས་མི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་ དག་ལ་ནི་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་འཆལ་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་འཆལ་པས་ནི་བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་འཆལ་པའི་རྣམ་པར་སྨིན་པ་ ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེའི་ཕྱིར་ཁྱེད་ཅག་ངན་སོང་གསུམ་པོ་དག་ཏུ་ལྟུང་ན། བདག་ཀྱང་འབྱིན་པར་མི་ནུས་ན། གཞན་དག་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཅག་ གིས་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མ་དབྱེ་ཤིག །ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་གང་དག་ཕན་ཚུན་འཁྲུག་ཅིང་། གནོད་སེམས་སུ་བྱེད་པ་དེ་དག་ལ་ནི་འདི་སྐད་དུ་ཆོས་ སྟོན་ཏེ། ཀྱེ་སྐྱེས་བུ་དག་ཁྱེད་ཅག་གཅིག་ལ་གཅིག་འཁྲུགས་པར་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་ནི་དགེ་བའི་ཆོས་འགའ་ཡང་འབྱུང་བར་མི་འགྱུར་ཏེ། དེའི་ཕྱིར་ཁྱེད་ཅག་ཕན་ཚུན་འཁྲུག་ཅིང་གནོད་སེམས་སུ་བྱེད་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྷུང་བའི་གནས་ཡིན་གྱིས། དེ་བས་ན་ཁྱེད་ཅག་གིས་ཁྲོ་བ་དང་། འཁྲུག་པའི་སེམས་དང་གནོད་སེམས་འགའ་ཡང་བསྐྱེད་པར་མི་བྱ་ན། མི་དགེ་བའི་སེམས་གཞན་ 36-1-138a དག་གི་གོ་སྐབས་དབྱེ་བ་ལྟ་སྨོས་ཀྱང་ཅི་དགོས་ཤེས་ཆོས་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ་སེམས་ཅན་ལེ་ལོ་ཅན་གང་ཡིན་པ་དེ་དག་ནི་བརྩོན་འགྲུས་ལ་སྦྱོར་བར་བྱེད་དོ། །སེམས་རྣམ་པར་གཡེངས་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་ ལ་སྦྱོར་བར་བྱེད་དོ། །ཤེས་རབ་འཆལ་པ་གང་ཡིན་པ་དེ་དག་ནི་ཤེས་རབ་ལ་སྦྱོར་བར་བྱེད་དོ། །འདོད་ཆགས་སྤྱོད་པ་གང་ཡིན་པ་དེ་དག་ནི་མི་སྡུག་པ་སྒོམ་པ་ལ་སྦྱོར་བར་བྱེད་དོ། །ལམ་ངན་པར་ཞུགས་པ་གང་ཡིན་པ་དེ་དག་ནི་ལམ་དུ་འཛུད་པར་ བྱེད་དེ། ཉན་ཐོས་ཀྱི་ལམ་འམ། རང་སངས་རྒྱས་ཀྱི་ལམ་འམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་བར་བྱེད་དེ། ཁྱེད་ཅག་གང་ལ་མངོན་པར་ཞེན་པའི་ཆོས་དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ ཞེན་པར་བྱ་བར་མི་ནུས་ཏེ། སྟོང་པ་ཉིད་ལ་ནི་མངོན་པར་ཞེན་པ་མེད་དོ་ཞེས་དེ་དག་ལ་དེ་ལྟར་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མངོན་པར་ཤེས་པ་ རྣམས་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པ་རྣམས་ལ་མི་གནས་པར་སེམས་ཅན་རྣམས་ལ་ཆོས་སྟོན་པ་འམ། ལམ་ལོག་པར་ ཞུགས་པའི་སེམས་ཅན་རྣམས་ལམ་དུ་འཛུད་པར་མི་ནུས་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱ་འདབ་མ་མེད་པས་ནི་ནམ་མཁའ་ལ་འཕུར་མི་ནུས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཡང་མངོན་པར་ཤེས་པ་རྣམས་ལ་མ་བརྟེན་པར་སེམས་ཅན་རྣམས་ལ་ཆོས་སྟོན་པར་མི་ནུས་སོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མངོན་ པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་པར་ཤེས་པ་མངོན་པར་བསྒྲུབས་པ་དེ་དག་གིས་སེམས་ཅན་གྱི་དོན་བྱ་བར་འདོད་པ་གང་ཡིན་པ་དེ་དག་བདེ་བླག་ཏུ་བྱེད་དོ། །དེས་ལྷའི་མིག་གིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་ 36-1-138b སྙེད་དག་ཀྱང་མཐོང་ངོ་། །དེ་དག་ཏུ་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེས་དེ་དག་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ནས་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཤེས་པར་བྱེད་དོ། །ཤེས་པར་བྱས་ནས་ཀྱང་འདི་ལྟར་ སྦྱིན་པའི་གཏམ་འམ། ཚུལ་ཁྲིམས་ཀྱི་གཏམ་འམ། འཕགས་པའི་བདེན་པའི་གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་གཏམ་གྱིས་ཆོས་སྟོན་པར་བྱེད་དོ། །དེས་ལྷའི་རྣ་བས་མི་དང་མི་མ་ཡིན་པ་དག་གི་སྒྲ་ཡང་ཐོས་སོ། །ཤར་ ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་ཆོས་སྟོན་པ་དེ་དག་ཀྱང་ལྷའི་རྣ་བས་ཐོས་སོ། །ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་པར་བྱེད་དོ། །དེ་བཞིན་ཉིད་དུ་བཟུང་ནས་ཀྱང་སེམས་ ཅན་རྣམས་ལ་སྦྱིན་པའི་གཏམ་འམ། མྱ་ངན་ལས་འདས་པའི་བར་དག་གི་གཏམ་གྱིས་ཆོས་སྟོན་པར་བྱེད་དོ། །དེ་སེམས་ཀྱི་རྣམ་གྲངས་ཤེས་པ་ཤིན་དུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་སེམས་ཀྱི་རྣམ་གྲངས་ཤེས་པ་དེས་སེམས་ཅན་ རྣམས་ཀྱི་སེམས་ཤེས་པར་བྱས་ཤིང་། དེ་དག་ལ་འདི་ལྟར་སྦྱིན་པའི་གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་བར་དག་གི་གཏམ་དག་གི་ཆོས་སྟོན་པར་བྱེད་དོ། །དེ་བདག་དང་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་ དྲན་ཏེ། དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དེས་འདི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་འདི་ཞེས་བྱ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་འདི་སྙེད་ཅིག་བྱུང་ངོ་ཞེས་བྱ་བ་ ཡང་རབ་ཏུ་ཤེས་སོ། །དེ་ན་སེམས་ཅན་གང་དག་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་མོས་པ་དེ་དག་ལ་འདི་ལྟར་སྦྱིན་པའི་གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱིས་གཏམ་དག་གིས་ཆོས་སྟོན་པར་བྱེད་དོ། །དེ་རྫུ་འཕྲུལ་གྱིས་ འཇིག་རྟེན་གྱི་ཁམས་རྣམ་པ་དུ་མར་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། དེར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དགེ་བའི་རྩ་བ་བསྐྱེད་པར་བྱེད་དོ། །དགེ་བའི་རྩ་བ་བསྐྱེད་ནས་ཀྱང་འཇིག་རྟེན་གྱི་ 36-1-139a ཁམས་དེ་ཉིད་དུ་ཕྱིར་འོང་བར་བྱེད་དོ། །དེ་ཟག་པ་ཟད་པ་ཤེས་པ་ཤིན་དུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་ཤེས་པ་ཤིན་དུ་རྣམ་པར་དག་པ་དེས་སེམས་ཅན་རྣམས་ལ་འདི་ལྟར་སྦྱིན་པའི་ གཏམ་འམ། ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་གཏམ་གྱིས་ཆོས་སྟོན་པར་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མངོན་པར་ཤེས་པ་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་པར་ཤེས་པ་ཤིན་དུ་འདྲིས་པ་དེ་དག་གིས་ལུས་གང་དང་གང་འཛིན་པར་འདོད་པའི་ལུས་དེ་དང་དེ་ཡོངས་སུ་འཛིན་པར་བྱེད་ཀྱང་དེ་ལ་བདེ་བ་འམ་སྡུག་བསྔལ་བ་འམ། ཡིད་བདེ་བ་འམ་ཡིད་མི་བདེ་བ་འབྱུང་བར་མི་འགྱུར་ཏེ། རྗེས་སུ་ ཆགས་པ་འམ། ཁོང་ཁྲོ་བར་ཡང་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་སྐྱེས་བུ་ནི་བྱ་བ་ཐམས་ཅད་བྱེད་ཀྱང་། དེ་ལ་བདེ་བ་འམ་སྡུག་བསྔལ་བས་གོས་པར་མི་འགྱུར་རོ། །རབ་འབྱོར་དེ་ བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ། མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མོས་པ་ཇི་ལྟ་བ་ བཞིན་དུ་ཆོས་སྟོན་ཀྱང་། བདེ་བ་འམ་སྡུག་བསྔལ་བས་གོས་པར་མི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཇི་ལྟར་མངོན་པར་ཤེས་པས་རྣམ་པར་རྩེས་ན་སངས་རྒྱས་ ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟར་མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་བསྒོམ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་མ་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ 36-1-139b བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་རྫོགས་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་ཡོངས་སུ་རྫོགས་པར་བགྱིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ ཆུབ་ཀྱི་ཡན་ལག་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དགེ་བའི་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ བྱང་ཆུབ་ཀྱི་ཡན་ལག་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དགེ་བའི་ཆོས་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དགེ་བའི་ཆོས་དེ་དག་གང་ལགས། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་ལ་རྣམ་པར་མི་རྟོག་པ་གང་ ཡིན་པ་དེ་ནི་དགེ་བའི་ཆོས་ཡིན་ནོ། །ཇི་ལྟར་སྦྱིན་པ་ལ་རྣམ་པར་མི་རྟོག་ཅེ་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་སྦྱིན་པའོ་ཞེས་སྦྱིན་པར་རྣམ་པར་མི་རྟོག་པ་དང་། འདི་ལ་སྦྱིན་པར་བྱའོ་ཞེས་བྱ་བ་དང་། བདག་གིས་སྦྱིན་པར་བྱའོ་ ཞེས་གསུམ་པོ་དེ་དག་ལ་རྣམ་པར་མི་རྟོག་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བར་བྱེད་དོ། །རབ་འབྱོར་དགེ་བའི་ཆོས་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། ལམ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཁོར་བ་ལས་རྒལ་ཏོ། །རྒལ་ལོ། །རྒལ་བར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། 36-1-140a བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་ པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་དབང་པོ་ལྔ་དང་སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། སྟོང་པ་ཉིད་བཅུ་བཞི་དང་། རྣམ་པར་ཐར་ པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་དང་། དགེ་བའི་ཆོས་བྱང་ཆུབ་ཀྱི་ལམ་ཇི་སྙེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་དག་ཡོངས་སུ་རྫོགས་པར་བྱས་ན་རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་ཅིང་དེ་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་ བའི་ཐབས་ལ་མཁས་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ། བདུན་བཅུ་རྩ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་གལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་དཔའི་ཆོས་ལགས་ན། བཅོམ་ལྡན་འདས་འོ་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་གང་ཡང་འདི་སྐད་དུ་གལ་ཏེ་ཆོས་དེ་དག་བྱང་ ཆུབ་སེམས་དཔའི་ཆོས་ལགས་ན། འོ་ན་སངས་རྒྱས་ཀྱི་ཆོས་རྣམས་ནི་གང་ལགས་ཤེས་ཟེར་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའི་ཆོས་དེ་དག་ཉིད་སངས་རྒྱས་ཀྱི་ཆོས་ཀྱང་ཡིན་ཏེ། གང་གི་ཚེ་ཆོས་དེ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ 36-1-140b སངས་རྒྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཚེ། དེའི་བག་ཆགས་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་དག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ཀྱི། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་ཁྱད་པར་དེ་ཡོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞུགས་པ་ཡང་གཞན་ལ་འབྲས་བུ་ལ་གནས་པ་ཡང་གཞན་མོད་ཀྱི། འོན་ཀྱང་དེ་གཉིས་ཀ་ཡང་གང་ཟག་མཆོག་ མ་ཡིན་པར་མི་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བར་ཆད་མེད་པའི་ལམ་ལ་གནས་པ་ཡིན་གྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱད་པར་ནི་དེ་ཡིན་ནོ། །དེ་སྐད་ཅེས་ བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ ཆོས་རྣམས་ལ་ནི་འདི་ནི་སེམས་ཅན་དམྱལ་བའོ། །འདི་ནི་དུད་འགྲོའི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷའོ། །འདི་ནི་མིའོ། །འདི་ནི་རིགས་ཀྱི་སའོ། །འདི་ནི་བརྒྱད་པའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་ འོང་བའོ། །འདི་ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་སོ་ཞེས་བགྱི་བའི་བྱེ་བྲག་དང་། ཐ་ 36-1-141a དད་དུ་བགྱི་བ་ཇི་ལྟར་དམིགས་པར་འགྱུར་ལགས། བཅོམ་ལྡན་འདས་ཇི་ལྟར་གང་ཟག་དེ་དག་དམིགས་སུ་མ་མཆིས་པ་དེ་བཞིན་དུ་ལས་ཀྱང་དམིགས་སུ་མ་མཆིས་ལ། ཇི་ལྟར་ལས་དམིགས་སུ་མ་མཆིས་པ་དེ་བཞིན་དུ། རྣམ་ པར་སྨིན་པ་ཡང་དམིགས་སུ་མ་མཆིས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རང་གི་ མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཡང་དམིགས་སུ་མེད་དོ། །གང་དག་གིས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤེས་པ་དེ་དག་ནི་ཉེས་པར་སྤྱོད་པ་འམ། ལེགས་པར་ སྤྱོད་པ་འམ། ཟག་པ་དང་བཅས་པ་འམ། ཟག་པ་མེད་པའི་ལས་དག་མངོན་པར་འདུ་བྱེད་དོ། །དེ་དག་ཉེས་པར་སྤྱད་པའི་ལས་ཀྱིས་ནི་ངན་སོང་གསུམ་པོ་དག་ཏུ་ལྟུང་ངོ་། །ལེགས་པར་སྤྱད་པའི་ལས་ཀྱིས་ནི་ལྷ་དང་མི་རྣམས་ཀྱི་ ནང་དུ་སྐྱེའོ། །དགེ་བའི་ལས་སྐྱོན་མེད་པས་ནི་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་ཏུ་སྐྱེའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱོད་ཅིང་། སྐྱོན་མེད་པའི་སྤྱོད་པས་བྱང་ཆུབ་སེམས་དཔའི་ཆོས་དེ་དག་བསྐྱེད་པར་བྱེད་དོ། །དེ་དག་བསྐྱེད་ནས་ཀྱང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་གི་འཁོར་དང་ལྡན་པ་ ལ་སྙོམས་པར་ཞུགས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དོན་བྱས་པ་དེས་ཀྱང་ཆུད་ཟ་བར་ མི་འགྱུར་ཏེ། ཆུད་ཟ་བར་མི་འགྱུར་བས་ཕྱིན་ཅད་འགྲོ་བ་ལྔའི་འཁོར་བར་སྐྱེ་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བཅོམ་ 36-1-141b ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་ལྔའི་འཁོར་བ་དམིགས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་དེ་བཞིན་ གཤེགས་པས་ཆོས་ནག་པོ་འམ། དཀར་པོ་འམ། དཀར་གནག་གམ། དཀར་པོ་ཡང་མ་ལགས། ནག་པོ་ཡང་མ་ལགས་པ་དག་དམིགས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་མ་དམིགས་ ལགས་ན། འོ་ན་ཇི་ལྟར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་གདགས་པ་མཛད། ཇི་ལྟར་ལྷ་དང་མི་རྣམས་སུ་གདགས་པ་མཛད། ཇི་ལྟར་རྒྱུན་དུ་ཞུགས་པར་གདགས་པ་མཛད། ཇི་ལྟར་ ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་སུ་གདགས་པ་མཛད། ཇི་ལྟར་བྱང་ཆུབ་སེམས་དཔར་གདགས་པ་མཛད། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སུ་གདགས་པ་མཛད་ལགས། བཀའ་སྩལ་པ། རབ་འབྱོར་ཅི་སེམས་ཅན་འདི་དག་གིས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་གལ་ཏེ་སེམས་ཅན་འདི་དག་གིས་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བར་ཤེས་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལ་འཇུག་པར་མི་འགྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པར་མ་གྱུར་ན་ནི། སེམས་ཅན་རྣམས་ཀྱང་ངན་སོང་གསུམ་པོ་དག་དང་འགྲོ་བ་ལྔའི་འཁོར་བའི་བར་ལས་ཐར་བར་མི་བྱེད་པ་ཞིག་ན། རབ་འབྱོར་འདི་ལྟར་ སེམས་ཅན་འདི་དག་གིས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་མི་ཤེས་ལ། མི་ཤེས་པས་དེ་དག་ངན་སོང་གསུམ་པོ་དག་དང་། འགྲོ་བ་ལྔའི་བར་གྱི་འཁོར་བ་ལས་མ་ཐར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ 36-1-142a སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ཞེས་བྱ་བར་ཐོས་ནས། སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་གོ། །ཆོས་འདི་དག་ནི་ཇི་ ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟར་ཡོད་པ་མ་ཡིན་ན། སེམས་ཅན་འདི་དག་ནི་མེད་ཅིང་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་རང་གིས་བརྟགས་ཤིང་དམིགས་ནས། སེམས་ཅན་མེད་པ་ལ་སེམས་ཅན་དུ་ འདུ་ཤེས་སོ། །གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས་ཤིང་། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ བར་དག་མེད་ཅིང་། ཡོད་པ་མ་ཡིན་པ་ལ་རྣམ་པར་བརྟགས་པས་ཕྱིན་ཅི་ལོག་རྣམས་ཀྱིས་སེམས་བསླད་པར་གྱུར་པ་དག་ལུས་དང་། ངག་དང་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པས། དེ་དག་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་མི་ འཐར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དགེ་བའི་ཆོས་ཐམས་ཅད་འདུས་པར་བྱས་ནས་སྤྱོད་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ལ་སྤྱོད་ཅིང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ལས་ཐར་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་ཐར་བར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། 36-1-142b བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་དག་སྟོན་ཏོ། །འཆད་དོ། །འགོད་དོ། །འཇོག་གོ། །འཕགས་པའི་བདེན་ པ་བཞི་པོ་དེར་ནི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་གང་ཇི་སྙེད་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་གིས་ནི་དཀོན་མཆོག་གསུམ་པོ་དག་ཀྱང་རྣམ་པར་འཇོག་པར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ། །དཀོན་མཆོག་གསུམ་པོ་དེ་དག་བྱུང་བས་སེམས་ཅན་རྣམས་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ནས་བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་སྡུག་བསྔལ་འཚལ་བས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་གྱིས་ཡོངས་སུ་ མྱ་ངན་ལས་འདའ་བར་འགྱུར་ལགས། སྡུག་བསྔལ་ཀུན་འབྱུང་བ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་ཀུན་འབྱུང་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས། སྡུག་བསྔལ་འགོག་པ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་འགོག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཚལ་ བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སམ། འོན་ཏེ་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ 36-1-143a ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སྡུག་བསྔལ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལ། སྡུག་བསྔལ་གྱིས་ཀྱང་མ་ཡིན་ནོ། །སྡུག་བསྔལ་ཀུན་འབྱུང་བ་ཤེས་པས་ཀྱང་ མ་ཡིན་ལ། སྡུག་བསྔལ་ཀུན་འབྱུང་བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ ལས་འདའ་བར་མི་འགྱུར་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱིས་ཀྱང་མ་ཡིན་ཏེ། རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ང་སྨྲའི། སྡུག་བསྔལ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལ། སྡུག་བསྔལ་གྱིས་ཀྱང་མ་ཡིན་ནོ། །སྡུག་བསྔལ་ཀུན་འབྱུང་བ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་ཀུན་འབྱུང་བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་ འགོག་པ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ཤེས་པས་ཀྱང་མ་ཡིན་ལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་གྱིས་ཀྱང་མ་ཡིན་ནོ། །དེ་སྐད་ཅེས་ བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་དག་གི་མཉམ་པ་ཉིད་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་གང་ལ་ སྡུག་བསྔལ་ཡང་མེད། སྡུག་བསྔལ་ཤེས་པ་ཡང་མེད་པ་དང་། གང་ལ་ཀུན་འབྱུང་བ་ཡང་མེད། ཀུན་འབྱུང་བ་ཤེས་པ་ཡང་མེད་པ་དང་། གང་ལ་འགོག་པ་ཡང་མེད། འགོག་པ་ཤེས་པ་ཡང་མེད་པ་དང་། གང་ལ་ལམ་ཡང་མེད། ལམ་ ཤེས་པ་ཡང་མེད་པ་ཡིན་ནོ། །རབ་འབྱོར་ཡང་འཕགས་པའི་བདེན་པ་བཞི་པོ་དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང་། ཆོས་གནས་པ་ 36-1-143b ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་ཉིད་དུ་གནས་པ་ཡིན་ལ། འདི་ལྟར་ཆོས་ཀྱི་དབྱིངས་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་ཡོངས་སུ་མི་ཉམས་ པའི་ཆོས་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཅི་ནས་ཀྱང་བདེན་པ་རྟོགས་པར་བྱ་བའི་དོན་དུ་བདེན་པ་རྟོགས་པར་བྱ་བ་ལ་སྤྱོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། བདེན་པ་རྟོགས་པའི་དོན་དུ་སྤྱོད་པ་ལགས། ཇི་ལྟར་ སྤྱད་ན་ནི་བདེན་པ་རྟོགས་པར་འགྱུར་ལགས། རྟོགས་ནས་ནི་ཇི་ལྟར་དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་ལགས། ཇི་ལྟར་བསྒྲུབས་ན་ཉན་ཐོས་ཀྱི་སར་མི་ལྟུང་ཞིང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་ པ་ལ་འཇུག་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་མཐའ་མི་མཐོང་བའི་ཆོས་དེ་མེད་དོ། ། གང་གི་ཚེ་མ་མཐོང་བ་དེའི་ཚེ། ཆོས་གང་ཡང་མི་དམིགས་སོ། །མི་དམིགས་པས་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། གང་དག་བདེན་པར་རྟོགས་པ་འམ། གང་དག་བདེན་པར་མ་གཏོགས་པའི་ཆོས་དེ་དག་ཐམས་ཅད་ཀྱང་སྟོང་པར་ མཐོང་ངོ་། །དེས་དེ་ལྟར་མཐོང་བས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཤིང་། རིགས་ཀྱི་ས་ལ་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་རིགས་ཀྱི་ས་ལ་གནས་ནས་རྩེ་མོར་ལྟུང་བ་གང་གིས་ཉན་ཐོས་ཀྱི་ས་འམ། རང་སངས་ རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་རྩེ་མོར་ལྟུང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་རིགས་ཀྱི་ས་དེ་ལ་གནས་ནས་བསམ་གཏན་བཞི་བསྐྱེད་པར་བྱེད་དོ། །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ 36-1-144a བསྐྱེད་པར་བྱེད་དོ། །དེ་ཞི་གནས་ཀྱི་ས་དེ་ལ་གནས་ཤིང་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པར་བྱེད་དོ། །འཕགས་པའི་བདེན་པ་བཞི་ཡང་རྟོགས་པར་བྱེད་དོ། །དེ་སྡུག་བསྔལ་ཡོངས་སུ་ཤེས་ཀྱང་སྡུག་བསྔལ་ལ་ དམིགས་པའི་སེམས་མི་བསྐྱེད་དོ། །ཀུན་འབྱུང་བ་སྤོང་བར་བྱེད་ཀྱང་ཀུན་འབྱུང་བ་ལ་དམིགས་པའི་སེམས་མི་བསྐྱེད་དོ། །འགོག་པ་མངོན་སུམ་དུ་བྱེད་ཀྱང་འགོག་པ་མངོན་སུམ་དུ་བྱ་བ་ལ་དམིགས་པའི་སེམས་མི་བསྐྱེད་དོ། །ལམ་སྒོམ་པར་ བྱེད་ཀྱང་ལམ་ལ་དམིགས་པའི་སེམས་མི་བསྐྱེད་དེ། གཞན་དུ་ན་བྱང་ཆུབ་ལ་གཞོལ་བའི་སེམས་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཆོས་ཐམས་ ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་བ་སྟེ། དེས་དེ་ལྟ་བུའི་ལྷག་མཐོང་དེས་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་རྣམ་པར་ལྟ་ཡང་ངོ་བོ་ཉིད་གང་ལ་གནས་ནས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ ལྟ་བུའི་ངོ་བོ་ཉིད་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། དངོས་པོ་མ་མཆིས་པ་ནི་བྱང་ཆུབ་ལགས་པར་འགྱུར་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་དངོས་པོ་མེད་པ་ནི་བྱང་ཆུབ་སྟེ། དེ་ནི་སངས་རྒྱས་ཀྱིས་མ་མཛད། རང་སངས་རྒྱས་ཀྱིས་མ་བྱས་། དགྲ་བཅོམ་པས་མ་བྱས། གང་དག་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་དག་གིས་ཀྱང་མ་བྱས་ཏེ། གཞན་དུ་ན་སེམས་ཅན་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་མི་མཐོང་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་ 36-1-144b པས། སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དངོས་པོ་མེད་པའི་ངོ་བོ་ཉིད་བསྟན་པའི་ལེའུ་སྟེ། བདུན་བཅུ་རྩ་དགུ་པའོ།། །། དེ་ནས་ བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ཏེ། དེ་དག་སངས་རྒྱས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་ ཀྱིས་ཀྱང་མ་བགྱིས། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པས་ཀྱང་མ་བགྱིས། གང་དག་བྱང་ཆུབ་འདིའི་སླད་དུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་མ་བགྱིས་པ་ ལགས་ན། བཅོམ་ལྡན་འདས་འོ་ན་ཅིའི་སླད་དུ་ཆོས་འདི་དག་ལ་འདི་དག་ནི་སེམས་ཅན་དམྱལ་བ་པའོ། །འདི་དག་ནི་དུད་འགྲོའི་སྐྱེ་གནས་པའོ། །འདི་དག་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་དག་ནི་ལྷའོ། །འདི་དག་ནི་མིའོ། །ལས་འདིས་ ནི་སེམས་ཅན་དམྱལ་བ་རྣམས་སུ་མཆིའོ། །འདིས་ནི་དུད་འགྲོའི་སྐྱེ་གནས་རྣམས་སུའོ། །འདིས་ནི་གཤིན་རྗེའི་འཇིག་རྟེན་རྣམས་སུའོ། །འདིས་ནི་ལྷ་རྣམས་སུའོ། །འདིས་ནི་མི་རྣམས་སུའོ། །འདིས་ནི་ཚངས་རིས་རྣམས་སུའོ། ། འདིས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་རྣམས་སུ་མཆིའོ། །ལས་འདིས་ནི་རྒྱུན་དུ་ཞུགས་པ་རྣམས་སུའོ། །ལས་འདིས་ནི་རང་སངས་རྒྱས་ཀྱི་བར་དག་ཏུའོ། །ལས་འདིས་ནི་བྱང་ཆུབ་ སེམས་དཔའ་རྣམས་སུའོ། །ལས་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སུ་འགྱུར་རོ་ཞེས་བགྱི་བར་ཐ་དད་དུ་དབྱེ་བ་འམ། རྣམ་པར་དགོད་པ་དག་མཆིས་པར་འགྱུར་ལགས། བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ལ་ནི་བགྱི་བ་གང་གིས་སེམས་ཅན་དམྱལ་བར་མཆི་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། མི་འམ་ལྷ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་ 36-1-145a མཆེད་ཀྱི་བར་དག་ཏུ་མཆི་བར་འགྱུར་བ་འམ། རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་བ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་ བྱང་ཆུབ་འཐོབ་པར་འགྱུར་བ་འམ། བྱང་ཆུབ་སེམས་དཔའ་འཐོབ་པ་འམ། བྱང་ཆུབ་ཀྱི་ལམ་ལ་སྤྱོད་པར་འགྱུར་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་བ་འམ། དེ་ཐོབ་ནས་ཀྱང་སེམས་ཅན་རྣམས་འཁོར་བ་ལས་ ཡོངས་སུ་ཐར་བར་འགྱུར་བའི་བགྱི་བ་དེ་ལྟ་བུ་གང་ཡང་མ་མཆིས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་ སྨྲས་པ་དེ་བཞིན་ཏེ། རབ་འབྱོར་དངོས་པོ་མེད་པ་ལ་ནི་ལས་ཀྱང་མེད། བྱ་བ་ཡང་མེད། འབྲས་བུ་ཡང་མེད་ན། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། འཕགས་པའི་ཆོས་རྣམས་ལ་མི་མཁས་པ་རྣམས་ཀྱིས་ཆོས་རྣམས་དངོས་ པོ་མེད་པའི་ངོ་བོ་ཉིད་དུ་མི་ཤེས་ཏེ། དེ་དག་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བའི་སེམས་ཀྱིས་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་པས། དེ་དག་གིས་ལུས་འདི་ལྟ་བུ་དག་མངོན་པར་འགྲུབ་སྟེ། སེམས་ཅན་དམྱལ་ བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་འམ་མི་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལུས་ངག་མངོན་པར་འགྲུབ་བོ། །དངོས་པོ་མེད་པ་ལ་ནི་ལས་ཀྱང་མེད། བྱ་བ་ཡང་མེད། འབྲས་བུ་ཡང་མེད་དེ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དོ། །རབ་འབྱོར་ཁྱོད་གང་ཡང་འདི་སྐད་དུ་དངོས་པོ་མ་མཆིས་པ་ལ་ནི་བགྱི་བ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུའི་བར་དག་འཐོབ་ པར་འགྱུར་བ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཀྱི་བར་དག་འཐོབ་པར་འགྱུར་བ་འམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པར་འགྱུར་བ་འམ། དེ་བཞིན་གཤེགས་པ་དགྲ་ 36-1-145b བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་བ་འམ། དེ་ཐོབ་ནས་ཀྱང་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་བའི་བགྱི་བ་དེ་ལྟ་བུ་གང་ཡང་མ་མཆིས་ ལགས་སོ་ཞེས་ཟེར་བ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། ལམ་དངོས་པོ་མེད་པ་མ་ཡིན་ནམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་དངོས་པོ་མེད་པ་མ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་དངོས་པོ་མེད་པ་མ་ཡིན་ནམ། ཕྱིར་མི་འོང་བའི་འབྲས་བུ་ཡང་དངོས་པོ་མེད་པ་མ་ཡིན་ནམ། དགྲ་བཅོམ་པ་ཉིད་ཀྱང་དངོས་པོ་མེད་པ་མ་ཡིན་ནམ། རང་བྱང་ཆུབ་ཀྱང་དངོས་པོ་མེད་པ་མ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་དངོས་པོ་མེད་པ་མ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་དངོས་པོ་མེད་པ་མ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་ལམ་ནི་དངོས་པོ་མ་མཆིས་པ་ལགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཀྱང་དངོས་པོ་མ་ མཆིས་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འོ་ན་ཅི་དངོས་པོ་མེད་པའི་ཆོས་ཀྱིས་དངོས་པོ་མེད་པའི་ཆོས་ཐོབ་པར་འགྱུར་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་ འབྱོར་དེ་ལྟ་བས་ན་དངོས་པོ་མེད་པ་གང་ཡིན་པ་དང་། ལམ་གང་ཡིན་པའི་ཆོས་དེ་གཉིས་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། །གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་ མཚན་ཉིད་གཅིག་པའོ། །རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་མཁས་པས་སེམས་ཅན་ཕྱིན་ཅི་ལོག་བཞིས་ཕུང་པོ་དག་ལ་མངོན་པར་ཞེན་ཅིང་། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་ཤིང་། དངོས་པོ་ལ་མངོན་པར་ཞེན་པ་དག་དངོས་པོ་ལས་རྣམ་པར་ 36-1-146a འབྱེད་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་གནས་ནས། དངོས་པོའོ་ ཞེས་མངོན་པར་ཞེན་པར་གྱུར་པའི་དངོས་པོ་བྱུང་བ་འམ། འབྱུང་བ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ཅེས་བགྱི་བ་དེ་ལྟ་བུ་མཆིས་ལགས་སམ། གལ་ཏེ་མ་མཆིས་ན་ནི་ལས་གང་གིས་འགྲོ་བ་ལྔའི་འཁོར་བ་ལས་ཡོངས་སུ་ཐར་ བར་མི་འགྱུར་བ་དེ་ལྟ་བུའི་ལས་ཀྱང་ཇི་ལྟར་མངོན་པར་འདུ་བགྱིད་པར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ནས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལས་མངོན་པར་འདུ་བྱེད་པའི་དངོས་ པོ་ནི་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་གཞག་པ་ཙམ་ཡང་མེད་དོ། །རབ་འབྱོར་དེའི་ཕྱིར་ཅི་ནས་ཀྱང་དོན་འདི་ཉིད་རྒྱ་ཆེར་ཡོངས་སུ་རྫོགས་པར་བྱ་བ་དང་། མཁས་པས་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེས་བཤད་པར་བྱའོ། །རབ་འབྱོར་ འདི་ཇི་སྙམ་དུ་སེམས། རྨི་ལམ་རྨི་བ་གང་ལ་གནས་ནས། འདོད་པ་ལྔའི་ཡོན་ཏན་དག་གིས་དགའ་མགུར་སྤྱོད་པར་འགྱུར་ན། རྨི་ལམ་རྨི་བའི་དངོས་པོ་དེ་ལྟ་བུ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་ རྨི་ལམ་ཉིད་ཀྱང་མ་མཆིས་ལགས་ན། རྨི་ལམ་རྨི་བ་གང་ལ་གནས་ནས། འདོད་པ་ལྔའི་ཡོན་ཏན་དག་གིས་དགའ་མགུར་སྤྱོད་པར་འགྱུར་བའི་དངོས་པོ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་ སེམས། གང་དག་རྨི་ལམ་ལྟ་བུ་མ་ཡིན་པའི་འདུས་བྱས་སམ། འདུས་མ་བྱས་སམ། ཟག་པ་དང་བཅས་པ་འམ། ཟག་པ་མེད་པའི་ཆོས་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་གང་དག་རྨི་ལམ་ལྟ་བུ་ མ་ལགས་པའི་འདུས་བྱས་སམ། འདུས་མ་བྱས་སམ། ཟག་པ་དང་བཅས་པ་འམ། ཟག་པ་མ་མཆིས་པའི་ཆོས་ནི་འགའ་ཡང་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྨི་ལམ་ལ་འགྲོ་བ་ 36-1-146b ལྔའི་འཁོར་བ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྨི་ལམ་ལ་ལམ་བསྒོམ་པ་གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ཆོས་དེ་ནི་དངོས་པོ་མ་མཆིས་ཤིང་། གདགས་སུ་མ་མཆིས་པ་སྟེ། བརྗོད་ པ་དང་། ཚིག་དང་ཡི་གེ་འབྲུ་ཐམས་ཅད་ཀྱིས་གདགས་པར་བགྱི་བ་མ་ལགས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་དྲུག་ པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་སྣང་བ་གང་ཡིན་པ་དེ་ལ་ལས་གང་མངོན་པར་འདུས་བྱས་པས་སེམས་ཅན་དམྱལ་བར་འགྲོ་བ་ འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་འམ་མིར་འགྲོ་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་ འདས་གཟུགས་བརྙན་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་སླུ་བ་མ་གཏོགས་པར་དེ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས་ན། དེ་ལ་ལས་གང་མངོན་པར་འདུས་བགྱིས་པས་སེམས་ཅན་དམྱལ་བར་མཆི་བ་འམ། དུད་ འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་འམ་མིར་མཆི་བར་འགྱུར་བའི་ལས་མངོན་པར་འདུ་བགྱིད་པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་ལ་ལམ་བསྒོམ་ པ་གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ 36-1-147a ལྡན་འདས་གཟུགས་བརྙན་དེ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས་ན། དེ་ལ་ལམ་བསྒོམ་པ་གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་ པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཆུ་ཀླུང་དང་། སྨན་ལྗོང་དང་། ནགས་ཐིབས་པོ་དང་། རི་ཁྲོད་དང་བྱ་སྐྱིབས་དག་ནས་བྲག་ཅ་བྱུང་བར་གྱུར་ན། བྲག་ཅ་དེ་ལ་ལས་གང་མངོན་པར་འདུས་ བྱས་པས་སེམས་ཅན་དམྱལ་བར་འགྲོ་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་འམ། མི་རྣམས་སམ། འདོད་པ་ན་སྤྱོད་པའི་ལྷ་རྣམས་སམ། གཟུགས་ན་སྤྱོད་པའི་ལྷ་རྣམས་སམ། འདུ་ཤེས་ མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་སུ་འགྲོ་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བྲག་ཅ་དེ་ཉིད་ཀྱང་ དངོས་པོ་མ་མཆིས་པ་ལགས་ན། དེའི་ལས་གང་མངོན་པར་འདུས་བགྱིས་པས། སེམས་ཅན་དམྱལ་བར་མཆི་བ་འམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བ་འམ། མི་འམ། འདོད་པ་ན་སྤྱོད་པའི་ ལྷ་རྣམས་སམ། གཟུགས་ན་སྤྱོད་པའི་ལྷ་རྣམས་སམ། གཟུགས་མ་མཆིས་པ་ན་སྤྱོད་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་སུ་མཆི་བར་འགྱུར་བའི་ལས་མངོན་པར་འདུ་བགྱིད་པ་ལྟ་ག་ ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས་བྲག་ཅ་དེ་ལ་ལམ་བསྒོམ་པ་གང་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་འགའ་ཞིག་ཡོད་ སྙམ་འམ། གསོལ་པ། བཅོམ་ལྡན་འདས་བྲག་ཅ་དེ་ཉིད་ཀྱང་གཏན་མ་མཆིས་ལགས་ན། དེ་ལ་ལམ་བསྒོམ་པ་གང་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་ 36-1-147b བསྒོམ་པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྨིག་རྒྱུ་ལ་ཆུ་མེད་པར་ཆུར་འདུ་ཤེས་པ་དང་། ཀླུང་མེད་པར་ཀླུང་དུ་འདུ་ཤེས་པ་དང་། གྲོང་ཁྱེར་མེད་པར་གྲོང་ཁྱེར་དུ་འདུ་ཤེས་པ་དང་། སྐྱེད་མོས་ཚལ་མེད་པར་ བསྐྱེད་མོས་ཚལ་དུ་འདུ་ཤེས་པར་འགྱུར་བ་གང་ཡིན་པ་དེ་ལ་ལས་གང་མངོན་པར་འདུས་བྱས་པས་སེམས་ཅན་དམྱལ་བར་འགྲོ་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་ཏུ་འགྲོ་བར་འགྱུར་བའི་ལས་མངོན་ པར་འདུ་བྱེད་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། མིག་འཁྲུལ་པ་མ་གཏོགས་པར་སྨིག་རྒྱུ་ལ་ནི་ཆབ་ཀྱང་གཏན་མ་མཆིས་ལ། ཀླུང་ཡང་མ་མཆིས། གྲོང་ཁྱེར་ཡང་མ་མཆིས། བསྐྱེད་མོས་ཚལ་ཡང་མ་མཆིས་ལགས་ན། དེ་ལ་ལས་གང་མངོན་པར་འདུས་བགྱིས་པས་སེམས་ཅན་དམྱལ་བར་མཆི་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་ཏུ་ མཆི་བར་འགྱུར་བའི་ལས་མངོན་པར་འདུ་བགྱིད་པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ལ་ལམ་བསྒོམ་པ་གང་ལ་རྟེན་ནས། ཀུན་ནས་ཉོན་མོངས་ པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་གང་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡང་གཏན་མ་མཆིས་ལགས་ན། དེ་ལ་ ལམ་བསྒོམ་པ་གང་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྒྱུ་མ་སྣ་ཚོགས་དག་གཅིག་མངོན་པར་སྤྲུལ་ཏེ། གླང་པོ་ཆེའི་ཚོགས་སམ། རྟའི་ཚོགས་སམ། གླང་གི་ཚོགས་སམ། དཔུང་བུ་ཆུང་གི་ཚོགས་སམ། ཤིང་རྟའི་ཚོགས་སམ། བུད་མེད་ཀྱི་གཟུགས་སམ། 36-1-148a སྐྱེས་པའི་གཟུགས་དག་ཅིག་མངོན་པར་སྤྲུལ་ན། སྒྱུ་མའི་ཚོགས་དེ་དག་ལ་ལས་གང་མངོན་པར་འདུས་བྱས་པས་སེམས་ཅན་དམྱལ་བར་འགྲོ་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ དག་ཏུ་འགྲོ་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྒྱུ་མ་དེ་ལ་ནི་གང་ལ་གནས་ནས། ལས་མངོན་པར་འདུ་བགྱིད་པར་ འགྱུར་བའི་དངོས་པོ་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་གཞག་པ་ཙམ་ཡང་མ་མཆིས་ལགས་ན། དེ་ལ་ལས་གང་མངོན་པར་འདུས་བགྱིས་པས་སེམས་ཅན་དམྱལ་བར་མཆི་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ བར་དག་ཏུ་མཆི་བར་འགྱུར་བའི་ལས་མངོན་པར་འདུ་བགྱིད་པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་དེ་ལ་ལམ་བསྒོམ་པ་གང་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པར་ཡང་མི་ འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྒྱུ་མ་དེ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས་ན། དེ་ལ་ ལམ་བསྒོམ་པ་གང་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པ། གཞན་ཞིག་མངོན་པར་སྤྲུལ་ན། སྤྲུལ་པ་དེ་ལ་ལས་གང་མངོན་པར་འདུས་བྱས་པས་སེམས་ཅན་དམྱལ་བར་འགྲོ་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ དག་ཏུ་འགྲོ་བར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་འགའ་ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྤྲུལ་པ་དེ་ཉིད་ཀྱང་དངོས་པོ་མ་མཆིས་པ་ལགས་ན། དེ་ལ་ 36-1-148b ལས་གང་མངོན་པར་འདུས་བགྱིས་པས་སེམས་ཅན་དམྱལ་བར་མཆི་བ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་ཏུ་མཆི་བར་འགྱུར་བའི་ལས་མངོན་པར་འདུ་བགྱིད་པ་ལྟ་ག་ལ་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྤྲུལ་པ་དེ་ལ་ལམ་བསྒོམ་པ་གང་ལ་བརྟེན་ནས། ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ལ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ལམ་བསྒོམ་པ་འགའ་ཞིག་ཡོད་སྙམ་ འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་ལ་ཀུན་ནས་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བ་འགའ་ཞིག་ཡོད་སྙམ་འམ། །གསོལ་པ། བཅོམ་ལྡན་འདས་འགའ་ཡང་མ་མཆིས་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་བ་འགའ་ཡང་མེད་ཅིང་། རྣམ་པར་བྱང་བར་འགྱུར་བ་འགའ་ཡང་མེད་པ་དེ་བཞིན་དུ། ཀུན་ནས་ཉོན་མོངས་པ་ཡང་ མེད་ལ། རྣམ་པར་བྱང་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པའི་སེམས་ཅན་རྣམས་ནི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་གྱི། ཡང་དག་པར་ མཐོང་བ་ནི། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་ཡང་མི་འགྱུར་བའི་ཕྱིར་ཏེ། ཇི་ལྟར་ཡང་དག་པར་མཐོང་བ། ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་། རྣམ་པར་བྱང་བར་མི་འགྱུར་བ་དེ་བཞིན་དུ། ཀུན་ ནས་ཉོན་མོངས་པ་ཡང་མེད་ལ། རྣམ་པར་བྱང་བ་ཡང་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་ལེའུ་ སྟེ། བརྒྱད་བཅུ་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པ་མཐོང་བ་ལ། ཀུན་ནས་ཉོན་ 36-1-149a མོངས་པར་འགྱུར་བ་མ་མཆིས་ཤིང་། རྣམ་པར་བྱང་བར་འགྱུར་བ་མ་མཆིས་པ་བཞིན་དུ། ཡང་དག་པ་མ་མཐོང་བ་ལ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་མཆིས་ཤིང་། རྣམ་པར་བྱང་བར་འགྱུར་བ་ མ་མཆིས་ཏེ། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་པས། དངོས་པོ་མ་མཆིས་པ་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ལ། བཅོམ་ལྡན་འདས་དངོས་པོ་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ཏེ། བཅོམ་ལྡན་འདས་ངོ་བོ་ཉིད་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ལ། བཅོམ་ལྡན་ འདས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་ཡང་ཀུན་ནས་ཉོན་མོངས་པ་མ་མཆིས་ཤིང་། རྣམ་པར་བྱང་བ་མ་མཆིས་ལགས་ན། འོ་ན་བཅོམ་ལྡན་འདས་ཀྱིས་རྣམ་པར་བྱང་བ་བཀའ་སྩལ་པ། དེ་ཅི་ལྟ་བུ་ལགས། བཀའ་སྩལ་པ། རབ་ འབྱོར་འདི་ལྟར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས་རྣམ་པར་བྱང་བར་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་དེ་བཞིན་ ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་ གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་དེ་བཞིན་དུ་གནས་པ་དེ་ནི་འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ཡིན་ཏེ་རབ་འབྱོར་དེ་ནི་རྣམ་པར་བྱང་བ་ཞེས་བྱའོ། །རབ་འབྱོར་དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་ བརྗོད་པར་ཟད་ཀྱི། བརྗོད་དུ་མེད་ཅིང་འཇིག་རྟེན་གྱི་ཐ་སྙད་དང་བྲལ་བ་སྟེ། ངག་དང་། སྒྲ་དང་། ཚིག་གི་ལམ་ཐམས་ཅད་ཀྱིས་བརྗོད་དུ་མེད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། 36-1-149b བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་བར་གྱི་ཆོས་དངོས་པོ་མ་མཆིས་ཤིང་། རྫས་མ་མཆིས་པ་དག་ལ་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་དག་ཡོངས་ སུ་རྫོགས་པར་བགྱིའོ། །དེ་བཞིན་དུ་ཐབས་ལ་མཁས་པའི་ཕ་རོལ་དུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། མངོན་པར་ཤེས་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་ བགྱིའོ། །བསམ་གཏན་བཞི་ལ་སྙོམས་པར་འཇུག་པར་བགྱིའོ། །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བགྱིའོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བགྱིའོ། །འཕགས་པའི་ལམ་ ཡན་ལག་བརྒྱད་པའི་བར་དག་བསྒོམ་པར་བགྱིའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སྤོབས་པ་དང་། གཟུངས་ཀྱི་སྒོ་རྣམས་ཐོབ་པར་བགྱིའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་རྫོགས་པར་བགྱིའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ དང་། དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་དག་ཐོབ་པར་བགྱིའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དག་སྣང་བས་ཁྱབ་པར་བགྱིད་པའི་འོད་ཚད་མ་མཆིས་པ་དག་ཡོངས་སུ་རྫོགས་པར་བགྱིའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ སེམས་ཅན་རྣམས་ཀྱི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་བཙལ་བར་བགྱིས་ནས། དབྱངས་གཅིག་གིས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་འགྱུར་བའི་ཚངས་པའི་དབྱངས་ཡོངས་སུ་རྫོགས་པར་བགྱིའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ 36-1-150a ཆུབ་ཏུ་སེམས་བསྐྱེད་པར་བགྱིད་ལགས། བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་ཁྱོད་ཀྱིས་བརྗོད་པའི་ཆོས་དེ་དག་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྨིག་ རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུ་མ་ཡིན་སྙམ་འམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་སྒྱུ་མ་ལྟ་བུ་དང་། རྨི་ ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་བར་དག་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་བར་གྱི་ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ བགྱིད་ལགས། བཅོམ་ལྡན་འདས་སྒྱུ་མ་དང་། རྨི་ལམ་དང་། སྤྲུལ་པའི་བར་དག་ནི་ཡང་དག་པ་མ་ལགས་ཏེ། བཅོམ་ལྡན་འདས་ཡང་དག་པ་མ་ལགས་པས་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་དག་ལ་ སྤྱད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་གྱི་བར་དག་ལ་སྤྱད་པར་ཡང་རྔོ་མི་ཐོག་ལ། དེ་བཞིན་དུ་ཡང་དག་པ་མ་ལགས་པས་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱད་ཅིང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོག་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་ འབྱོར་ཡང་དག་པ་མ་ཡིན་པས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་ལ་སྤྱད་པར་མི་ནུས་སོ། །ཡང་དག་པ་མ་ཡིན་པས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྙམ་འམ། 36-1-150b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྙམ་འམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། སྟོང་པ་ཉིད་བཅུ་བཞི་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་ པ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་སྙམ་འམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་མི་རྒྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་དེ་དག་ ཐམས་ཅད་ནི་མངོན་པར་འདུས་བྱས་པ་དང་། བསམས་པ་སྟེ། མངོན་པར་འདུས་བྱས་པ་དང་། བསམས་པའི་ཆོས་རྣམས་ཀྱིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་མི་ནུས་པའི་ཕྱིར་རོ། །རབ་འབྱོར་འོན་ཀྱང་ཆོས་དེ་དག་ཐམས་ ཅད་ནི་ལམ་སྒྲུབ་པ་དང་ལམ་བསྐྱེད་པར་བྱེད་པ་ཡིན་གྱི། འབྲས་བུ་འཐོབ་པར་བྱེད་པ་ནི་མ་ཡིན་ནོ། །ཆོས་དེ་དག་གི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་ཡང་དེ་ཡིན་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་དག་གམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གམ། དགེ་བའི་ཆོས་གང་དང་གང་རྩོམ་ཡང་རུང་ 36-1-151a སྟེ། དེ་དག་ཐམས་ཅད་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་སོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་དག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཡོངས་སུ་རྫོགས་པར་མ་བྱས་ པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དགེ་བའི་ཆོས་གང་ཅི་རྩོམ་ཡང་རུང་སྟེ། དེ་དག་ཐམས་ཅད་རྨི་ལམ་ལྟ་བུར་རབ་ཏུ་ཤེས་སོ། །སྤྲུལ་པ་ལྟ་བུའི་བར་དུ་རབ་ཏུ་ཤེས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྨི་ལམ་ལྟ་བུར་རབ་ཏུ་ཤེས་སོ། །སྤྲུལ་པ་ལྟ་བུའི་བར་དུ་རབ་ ཏུ་ཤེས་སོ། །སེམས་ཅན་དེ་དག་ཀྱང་རྨི་ལམ་ལྟ་བུ་ལ་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །སྤྲུལ་པ་ལྟ་བུའི་བར་དག་ལ་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སྒྱུ་མ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །སྤྲུལ་པ་ལྟ་བུའི་བར་གྱི་ཆོས་རྣམས་དངོས་པོ་མེད་པར་འཛིན་ཏེ། དེ་ལྟར་བཟུང་ཞིང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གཟུང་དུ་མེད་ཅིང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་ཡང་གཟུང་དུ་མེད་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་གཟུང་དུ་མེད་པ། དེའི་ཕྱིར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་གཟུང་དུ་མེད་པར་རིག་པར་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་དང་། སྤྲུལ་པའི་བར་དག་ ལྟ་བུར་གཟུང་དུ་མེད་ཅིང་དངོས་པོ་མེད་པ་སྟེ། སེམས་ཅན་ཐམས་ཅད་ཀྱིས་ཆོས་དེ་དག་མི་ཤེས་མ་མཐོང་བ་མ་གཏོགས་པར་བཟུང་དུ་མེད་པའི་ཆོས་ཀྱིས་གཟུང་དུ་མེད་པའི་ཆོས་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ 36-1-151b དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པར་བྱེད་དེ། དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་གང་ཅི་སྦྱིན་ཡང་རུང་། དེ་ཐམས་ཅད་སེམས་ཅན་རྣམས་ཀྱི་དོན་དུ་གཏོང་ངོ་། །ཚུལ་ ཁྲིམས་གང་ཅི་སྲུང་བ་དང་། བཟོད་པ་གང་ཅི་བསྒོམ་པ་དང་། བརྩོན་འགྲུས་གང་ཅི་རྩོམ་པ་དང་། ཏིང་ངེ་འཛིན་གང་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་གང་ཅི་བསྒོམ་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་རྣམས་ཀྱི་དོན་དུ་སྒོམ་གྱི། བདག་གི་ དོན་དུ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་འཇུག་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གང་དག་ སེམས་ཅན་མེད་པ་ལ་སེམས་ཅན་དུ་འདུ་ཤེས་པར་གནས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་གནས་པ་དང་། སྐྱེ་བ་པོ་དང་། ཤེད་བུ་དང་། ཤེད་ལས་སྐྱེས་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དག་ཀྱང་མེད་པ་ལ་མཐོང་བ་པོའི་འདུ་ཤེས་སུ་གནས་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པས། ཕྱིན་ཅི་ལོག་དག་ལས་རྣམ་པར་འགྲེལ་བར་བྱེད་དོ། །ཕྱིན་ཅི་ལོག་དག་ལས་རྣམ་པར་བཀྲོལ་ནས་ཀྱང་འཆི་བ་མེད་པའི་དབྱིངས་སུ་འགོད་པར་བྱེད་དོ། །དེར་བཀོད་ནས་ཀྱང་ཀུན་དུ་འབྱུང་བ་འདི་དག་མི་འབྱུང་མི་རྒྱུ་སྟེ། བདག་ གི་འདུ་ཤེས་ཀུན་དུ་འབྱུང་བ་འམ། བྱེད་པ་པོའི་འདུ་ཤེས་ཀུན་དུ་འབྱུང་བའི་བར་དག་ཀུན་དུ་མི་འབྱུང་སྟེ། དེ་གཡོ་བ་དང་། འགུལ་བ་དང་། རློམ་སེམས་དང་། སྤྲོས་པ་དེ་དག་ཐམས་ཅད་བཏང་ནས། སྤྲོས་པ་མེད་པའི་སེམས་ཀྱིས་རྫོགས་པར་བྱས་ཏེ་ མང་དུ་གནས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པ་དེས་བདག་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་ལ། སེམས་ཅན་ཐམས་ཅད་ཀྱང་མངོན་པར་ཞེན་པ་མེད་པ་ 36-1-152a ལ་རབ་ཏུ་འགོད་པར་བྱེད་དེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་ རྫོགས་པར་སངས་རྒྱས་པ་དེ་ཇི་འཇིག་རྟེན་གྱི་ཐ་སྙད་དུ་མངོན་པར་རྫོགས་པར་སངས་རྒྱས་ལགས་སམ། འོན་ཏེ་དོན་དམ་པར་ལགས། བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་ཆོས་འདི་བསྟན་ཏོ། །དེ་བཞིན་གཤེགས་པས་ཆོས་འདི་མངོན་པར་ རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་སྙད་བཏགས་པ་སྟེ། དེ་ལ་ནི་ཆོས་འདིས་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདིས་ཆོས་ འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་དེ་ནི་དམིགས་པ་སྟེ། གཉིས་ཀྱིས་ནི་འཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་བ་གང་ཡང་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་གཉིས་ཀྱིས་འཐོབ་པ་དང་། མངོན་པར་རྟོགས་པར་མི་འགྱུར་ལགས་ན། འོ་ན་ཇི་གཉིས་སུ་མ་མཆིས་པས་འཐོབ་པ་དང་། མངོན་པར་རྟོགས་པར་འགྱུར་ལགས་སམ། བཀའ་སྩལ་པ། རབ་འབྱོར་ གཉིས་ཀྱིས་ཀྱང་མངོན་པར་རྟོགས་པར་མི་འགྱུར་ལ། གཉིས་སུ་མེད་པས་ཀྱང་མངོན་པར་རྟོགས་པར་མི་འགྱུར་ཏེ། གང་ལ་གཉིས་ཀྱང་མེད་ལ་གཉིས་མ་ཡིན་པ་ཡང་མེད་པ་དེ་ནི་འདིར་མངོན་པར་རྟོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ ནི་མངོན་པར་རྟོགས་པའོ། །འདིས་ནི་མངོན་པར་རྟོགས་སོ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྤྲོས་པའོ། །ཆོས་མཉམ་པ་ཉིད་ལ་ནི་སྤྲོས་པ་མེད་དེ། སྤྲོས་པ་མེད་པ་ནི་ཆོས་མཉམ་པ་ཉིད་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་ དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རྣམས་ལ་ཆོས་ཀྱི་མཉམ་པ་ཉིད་ཅེས་བགྱི་བ་གང་ཞིག་མཆིས་ལགས། བཀའ་སྩལ་པ། རབ་འབྱོར་གང་ལ་དངོས་པོ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། ཡོངས་སུ་བརྗོད་པ་མེད་པ་དེ་ནི་འདིར་མཉམ་པ་ 36-1-152b ཉིད་ཡིན་ཏེ། ཆོས་མཉམ་པ་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །ཆོས་མཉམ་པ་ཉིད་མ་གཏོགས་པར་ཡང་ཆོས་གང་ཡང་དམིགས་སུ་མེད་དེ་ཆོས་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ལས་ཤིན་དུ་འདས་པ་ཡིན་ནོ། །ཆོས་མཉམ་པ་ཉིད་ནི་བྱིས་པ་འམ། འཕགས་པ་གང་གི་རྟེན་དང་གནས་ཀྱང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ཆོས་མཉམ་པ་ཉིད་པོ་དེ་དེ་བཞིན་གཤེགས་པའི་ཡུལ་ཡང་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་ཆོས་མཉམ་པ་ཉིད་ནི་འཕགས་པ་ཐམས་ཅད་ཀྱི་ཡུལ་མ་ ཡིན་ཏེ། རྒྱུན་དུ་ཞུགས་པ་རྣམས་སམ། ལན་ཅིག་ཕྱིར་འོང་བ་རྣམས་སམ། ཕྱིར་མི་འོང་བ་རྣམས་སམ། དགྲ་བཅོམ་པ་རྣམས་སམ་རང་སངས་རྒྱས་རྣམས་སམ། བྱང་ཆུབ་སེམས་དཔའ་རྣམས་སམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡུལ་ཡང་མ་ ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་སྒྱུར་བ་མ་ལགས་སམ། བཀའ་སྩལ་པ། རབ་འབྱོར་གལ་ཏེ་ཆོས་མཉམ་པ་ཉིད་ཀྱང་ གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཞན་པ་ཞིག་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་ སྒྱུར་བར་ཡང་འགྱུར་བ་ཞིག་ན། རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་དང་། རྒྱུན་དུ་ཞུགས་པ་རྣམས་ ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། དེ་བཞིན་དུ་སྦྱར་ཏེ། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པའི་མཉམ་པ་ཉིད་དང་། མཉམ་པ་ཉིད་ལ་ནི་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་མཉམ་པ་ཉིད་གང་ཡིན་པ་དང་། འཕགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་ 36-1-153a པ་དེ་ནི་མཉམ་པ་ཉིད་གཅིག་པ་སྟེ། མཉམ་པ་ཉིད་གཅིག་པ་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བྱ་བར་གཉིས་སུ་མེད་དེ། མཉམ་པ་ཉིད་ལ་ ནི་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བྱ་བའི་ཆོས་དེ་དག་ཐམས་ཅད་དམིགས་སུ་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་རང་སངས་རྒྱས་ཀྱི་བར་དག་གོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བགྱི་བའི་ཆོས་དེ་དག་ཐམས་ཅད་དམིགས་སུ་མ་མཆིས་ལགས་ན། དེ་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། དད་པས་རྗེས་སུ་འབྲང་བ་རྣམས་ དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་བྱེ་བྲག་མ་མཆིས་པར་འགྱུར་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་མཉམ་པ་ཉིད་ལ་ནི་བྱིས་པ་སོ་སོ་ འི་སྐྱེ་བོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་དག་ལ་བྱེ་བྲག་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་མཉམ་པ་ཉིད་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། དད་ པས་རྗེས་སུ་འབྲང་བ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་དག་ལ་བྱེ་བྲག་མ་མཆིས་ལགས་ན། བཅོམ་ལྡན་འདས་འོ་ན་གང་ལས་དཀོན་མཆོག་གསུམ་པོ་སངས་རྒྱས་ 36-1-153b དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་འཇིག་རྟེན་དུ་འབྱུང་བར་འགྱུར་ལགས། བཀའ་སྩལ་པ་རབ་འབྱོར་འདི་ཇི་སྙམ་དུ་སེམས། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་མཆོག་ཀྱང་གཞན་ཞིང་། དགེ་འདུན་དཀོན་མཆོག་ཀྱང་གཞན་པ་ཞིག་ཡིན་ལ། ཆོས་མཉམ་པ་ཉིད་ཀྱང་གཞན་པ་ཞིག་ཡིན་སྙམ་འམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། སངས་རྒྱས་དཀོན་མཆོག་ཀྱང་གཞན་ལ། ཆོས་དཀོན་མཆོག་ཀྱང་གཞན་ཞིང་། དགེ་འདུན་དཀོན་མཆོག་ཀྱང་གཞན་ལ། ཆོས་མཉམ་པ་ཉིད་ཀྱང་གཞན་ པ་མ་ལགས་ཀྱི། བཅོམ་ལྡན་འདས་སངས་རྒྱས་དཀོན་མཆོག་གང་ལགས་པ་དང་། ཆོས་དཀོན་མཆོག་གང་ལགས་པ་དང་། དགེ་འདུན་དཀོན་མཆོག་གང་ལགས་པ་དང་། ཆོས་མཉམ་པ་ཉིད་གང་ལགས་པའི་ཆོས་དེ་དག་ཐམས་ཅད་ནི་ ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། ཐོགས་པ་མ་མཆིས་པ་སྟེ། འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པ་ལགས་ན། མཚན་ཉིད་མ་མཆིས་ པའི་ཆོས་རྣམས་ལ། འདི་ནི་སོ་སོའི་སྐྱེ་བོའོ། །འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་གོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་པར་དགོད་པ་མཛད་ པ་འདི་ཅི་ལས་བྱུང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་ལ། མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། ཆོས་རྣམས་རྣམ་པར་དགོད་པ་མ་མཛད་ན། སེམས་ཅན་དམྱལ་བ་ཡོད་པར་མངོན་ནས་དུད་འགྲོའི་ 36-1-154a སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མི་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་དག་དང་། ཚངས་རིས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་ བར་དག་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་དང་། ནང་སྟོང་པ་ཉིད་དང་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭ་བརྒྱད་ཀྱི་བར་དག་ཡོད་པར་མངོན་སྙམ་འམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་གང་ཆོས་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ། ཆོས་རྣམས་རྣམ་པར་དགོད་པ་ཡང་མཛད་པ་དེ་ ནི་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཇི་ལྟར་དེ་བཞིན་གཤེགས་པ་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་དེ་བཞིན་དུ་སོ་ སོའི་སྐྱེ་བོ་རྣམས་དང་། རང་སངས་རྒྱས་ཀྱི་བར་དག་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་མཉམ་པ་ཉིད་ལས་མི་གཡོའོ། །ཆོས་མཉམ་པ་ཉིད་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་གང་ཡིན་ པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ 36-1-154b ཡིན་ལ། དེ་ཉིད་དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་ སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་ཡང་དག་པའི་ མཐའ་ཡིན་ཏེ། དེ་དག་ཐམས་ཅད་ནི་ཆོས་མཉམ་པ་ཉིད་ལས་མི་འདའ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ནི་དེ་ཉིད་ཡིན་ཏེ། དེ་དག་ལས་ཆོས་མཉམ་པ་ཉིད་ཅེས་བྱ་བ་གཞན་གང་ཡང་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ལགས་པ་དེ་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ལ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ན། བཅོམ་ལྡན་འདས་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ལགས་པ་དེ་དག་ནི་མཚན་ཉིད་ཐ་དད་པ་ལགས་ ཏེ། གཟུགས་ཀྱི་ཆོས་ཉིད་ཀྱང་གཞན་ལ། ཚོར་བའི་ཡང་གཞན། འདུ་ཤེས་ཀྱི་ཡང་གཞན། འདུ་བྱེད་རྣམས་ཀྱི་ཡང་གཞན། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། མིག་གི་ཆོས་ཉིད་ཀྱང་གཞན། རྣ་བ་དང་། སྣ་དང་། ལྕེ་དང་། 36-1-155a ལུས་དང་། ཡིད་ཀྱི་ཆོས་ཉིད་ཀྱང་གཞན། གཟུགས་ཀྱི་ཆོས་ཉིད་ཀྱང་གཞན། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། སའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། ཆུའི་ཁམས་ཀྱི་ཡང་གཞན། མེའི་ཁམས་ ཀྱི་ཡང་གཞན། རླུང་གི་ཁམས་ཀྱི་ཡང་གཞན། ནམ་མཁའི་ཁམས་ཀྱི་ཡང་གཞན། རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་ཆོས་ཉིད་ཀྱང་གཞན། ལྟ་བར་གྱུར་པ་ རྣམས་ཀྱི་ཡང་གཞན། བསམ་གཏན་རྣམས་ཀྱི་ཡང་གཞན། ཚད་མེད་པ་རྣམས་ཀྱི་ཡང་གཞན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་འང་གཞན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འང་གཞན། འཕགས་པའི་ལམ་ ཡན་ལག་བརྒྱད་པའི་བར་དག་གི་ཡང་གཞན། སྟོང་པ་ཉིད་ཀྱི་འང་གཞན། མཚན་མ་མེད་པའི་ཡང་གཞན། སྨོན་པ་མེད་པའི་ཡང་གཞན། ནང་སྟོང་པ་ཉིད་ཀྱི་ཡང་གཞན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་གི་ཡང་ གཞན། རྣམ་པར་ཐར་པ་རྣམས་ཀྱི་ཡང་གཞན། སྙོམས་པར་འཇུག་པ་རྣམས་ཀྱི་ཡང་གཞན། སྟོབས་རྣམས་ཀྱི་ཡང་གཞན། མི་འཇིགས་པ་རྣམས་ཀྱི་ཡང་གཞན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཡང་གཞན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ཆོས་ཉིད་ཀྱང་གཞན། འདུས་བྱས་ཀྱི་ཁམས་ཀྱི་ཡང་གཞན། འདུས་མ་བྱས་ཀྱི་ཁམས་ཀྱི་ཆོས་ཉིད་ཀྱང་གཞན་པ་ལགས་ན། བཅོམ་ལྡན་འདས་དེ་ལྟར་མཚན་ཉིད་ཐ་དད་པའི་ ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་གཅིག་པར་ཇི་ལྟར་འགྱུར་ལགས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་ལ་གནས་ནས། ཆོས་རྣམས་ཐ་དད་དུ་བགྱིས་པ་ལགས། ཆོས་ རྣམས་ཐ་དད་དུ་མ་བགྱིས་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་ཡང་རྔོ་མི་ཐོག་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ 36-1-155b ཕྱིན་པ་ལ་སྤྱོད་པ། ས་ནས་སར་འཕར་ཞིང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་འཇུག་པ་ལགས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཞུགས་ནས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་དུ་འདའ་བར་ བགྱིད་པ་ལགས། ཤིན་དུ་འདས་ནས་ཀྱང་མངོན་པར་ཤེས་པའི་ཕ་རོལ་དུ་ཕྱིན་པ་དག་ཡོངས་སུ་རྫོགས་པར་བགྱིད་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དེ་དག་གིས་རྣམ་པར་རྩེ་བ་ན། སྦྱིན་པའི་ཕ་ རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཏིང་ངེ་འཛིན་གྱི་ཕ་རོལ་དུ་ཕྱིན་པའི་བར་དག་ཡོངས་སུ་རྫོགས་པར་བགྱིད་པ་ལགས། རྣམ་པར་རྩེ་ཞིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་ལགས། སངས་རྒྱས་ བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིད་ཅིང་། དེ་དག་ལས་དགེ་བའི་རྩ་བ་བསྐྲུན་པར་བགྱིད་པ་ལགས། དགེ་བའི་རྩ་བ་དེས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་ པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་གང་འདི་སྐད་དུ། གལ་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ལགས་པ་དེ་ཉིད་སོ་སོའི་སྐྱེ་ བོ་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཉིད་ལགས་ན། མཚན་ཉིད་ཐ་དད་པའི་ཆོས་རྣམས་ཀྱི་ཆོས་ཉིད་མཚན་ཉིད་ གཅིག་པར་ཇི་ལྟར་རིགས་ཤེས་ཟེར་བ་ནི། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཡང་སྟོང་པ་ཉིད་མ་ཡིན་སྙམ་འམ། དེ་བཞིན་གཤེགས་པའི་བར་གྱི་ཆོས་ཉིད་གང་ཡིན་པ་དེ་ཡང་སྟོང་ པ་ཉིད་མ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འོ་ན་ཅི་སྟོང་པ་ཉིད་ལ་གང་གཟུགས་ཀྱི་མཚན་ཉིད་ཐ་དད་པ་འམ། རྣམ་པར་ཤེས་པའི་བར་གྱི་མཚན་ཉིད་ཐ་དད་ 36-1-156a པ་འམ། དེ་བཞིན་གཤེགས་པའི་བར་གྱི་མཚན་ཉིད་ཐ་དད་པའི་ཆོས་ཤིག་དམིགས་སུ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་ ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ཡང་སོ་སོའི་སྐྱེ་བོ་མེད་ལ་སོ་སོའི་སྐྱེ་བོ་ལས་གུད་ན་ཡང་དེ་མེད་དོ། །དེ་ལ་ཡང་དེ་བཞིན་གཤེགས་པའི་བར་དག་མེད་ལ། དེ་བཞིན་གཤེགས་པ་ལས་གུད་ན་ཡང་དེ་མེད་པར་རིག་པར་བྱའོ། ། གསོལ་པ། བཅོམ་ལྡན་འདས་ཅི་ཆོས་ཉིད་དེ་འདུས་བགྱིས་ལགས་སམ། འོན་ཏེ་འདུས་མ་བགྱིས་པ་ལགས། བཀའ་སྩལ་པ། རབ་འབྱོར་དེ་ནི་འདུས་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་ཀྱང་མ་ཡིན་ཏེ། འདུས་བྱས་ལས་ གུད་ན་ཡང་འདུས་མ་བྱས་དམིགས་སུ་མེད་ལ། འདུས་མ་བྱས་ལས་གུད་ན་ཡང་འདུས་བྱས་དམིགས་སུ་མེད་དེ། རབ་འབྱོར་དེ་ལྟ་བས་ན། འདུས་བྱས་ཀྱི་ཁམས་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཁམས་གང་ཡིན་པའི་ཆོས་དེ་གཉིས་ ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །དེ་དག་ཀྱང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཐ་སྙད་ཀྱིས་ བརྗོད་པར་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། ཡིད་ཀྱི་འདུ་བྱེད་གང་ཡང་མེད་ལ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་ལས་གུད་ན་ ཡང་དོན་དམ་པར་དམིགས་སུ་མེད་དེ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་དེ་དག་མཉམ་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ལ་སྤྱོད་པ་དོན་དམ་པ་ལས་ཀྱང་མི་གཡོ་ལ། བྱང་ཆུབ་སེམས་དཔའི་བྱ་བ་དག་ཀྱང་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དོན་དམ་པའི་རྣལ་འབྱོར་གྱིས་ལེའུ་ཞེས་བྱ་བ་སྟེ། བརྒྱད་བཅུ་རྩ་གཅིག་པའོ།། །། 36-1-156b དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རང་བཞིན་གྱིས་སྟོང་པ་ལགས་ན། དེའི་སླད་དུ་ཆོས་གང་ཡང་ཅི་ཡང་མི་བགྱིད་ན། ཅི་ཡང་མ་བགྱིད་ཅིང་ ཆུང་ཟད་ཀྱང་མ་མཆིས་པའི་ཆོས་རྣམས་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། དོན་དམ་པ་ལས་ཀྱང་མི་གཡོ་ལ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་འཐུན་པ་དང་། དོན་སྤྱོད་པ་ དག་གིས་སེམས་ཅན་རྣམས་ཀྱི་དོན་ཀྱང་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། རབ་འབྱོར་སྟོང་པ་ཉིད་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཅི་ཡང་མི་བྱེད་ཅིང་ཆུང་ཟད་ཀྱང་མེད་དོ། །རབ་འབྱོར་གལ་ཏེ་སེམས་ཅན་འདི་དག་བདག་ཉིད་ཀྱིས་སྟོང་པ་ཉིད་ཤེས་པར་གྱུར་ན་ནི། འདི་ལྟར་དེ་བཞིན་གཤེགས་པ་སྟོང་པ་ཉིད་ལས་ཀྱང་ མི་གཡོ་ལ། སེམས་ཅན་རྣམས་ཀྱང་བདག་ཏུ་འདུ་ཤེས་པ་དང་། བྲལ་བར་མཛད་ཅིང་ཕྲལ་ནས་ཀྱང་སྟོང་པ་ཉིད་ཀྱིས་འཁོར་བ་ལས་ཐར་བར་མཛད་པ་དང་། དེ་བཞིན་དུ་སེམས་ཅན་དུ་འདུ་ཤེས་པ་དང་། བྱེད་པ་པོར་འདུ་ཤེས་པའི་བར་དང་། གཟུགས་སུ་འདུ་ཤེས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པའི་བར་དང་། མིག་ཏུ་འདུ་ཤེས་པ་དང་། ཡིད་དུ་འདུ་ཤེས་པའི་བར་དང་། སའི་ཁམས་སུ་འདུ་ཤེས་པ་དང་། རྣམ་པར་ཤེས་པའི་ཁམས་སུ་འདུ་ཤེས་པའི་བར་དང་། འདུས་བྱས་ཀྱི་ཁམས་སུ་འདུ་ཤེས་པ་དང་། བྲལ་བར་མཛད་ཅིང་ཕྲལ་ནས་ཀྱང་འདུས་མ་བྱས་ཀྱི་དབྱིངས་སྟོང་པ་དེ་ལ་འགོད་པར་མཛད་པ་འདི་དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ཞིག་གིས་སྟོང་པ་ལགས། བཀའ་སྩལ་པ། རབ་འབྱོར་དེ་ལ་འདུ་ཤེས་པ་གང་ཡིན་པ་དེས་སྟོང་ངོ་། །རབ་འབྱོར་སྤྲུལ་པ་ཞིག་གིས་སྤྲུལ་པ་གཞན་སྤྲུལ་ན། ཅི་དེ་ལ་གང་སྟོང་པ་ཉིད་མ་ཡིན་པའི་དངོས་པོ་འགའ་ 36-1-157a ཞིག་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྤྲུལ་པ་ལ་ནི་གང་སྟོང་པ་ཉིད་མ་ལགས་པའི་དངོས་པོ་འགའ་ཡང་མ་མཆིས་ཏེ། སྟོང་པ་ཉིད་གང་ལགས་པ་དང་། སྤྲུལ་པ་གང་ལགས་པའི་ཆོས་དེ་གཉིས་ ནི་ལྡན་པ་ཡང་མ་ལགས་མི་ལྡན་པ་ཡང་མ་ལགས་ཏེ། ཆོས་དེ་གཉིས་ནི་སྟོང་པ་ཉིད་ཀྱིས་སྟོང་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། འདི་ནི་སྤྲུལ་པའོ། །འདི་ནི་སྟོང་པ་ཉིད་དོ་ཞེས་རྣམ་པར་སྤྲུལ་པ་ཞིག་ཡོད་སྙམ་ འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྟོང་པ་ཉིད་ལ་ནི་འདི་ནི་སྤྲུལ་པའོ། །འདི་ནི་སྟོང་པ་ཉིད་དོ་ཞེས་བགྱི་བའི་ཆོས་དེ་གཉིས་སུ་མ་མཆིས་པའི་སླད་དུའོ། །བཀའ་སྩལ་པ། རབ་ འབྱོར་གང་སྤྲུལ་པ་མ་ཡིན་པའི་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་ནི་གང་ཡང་མེད་དེ། སྤྲུལ་པ་གང་ཡིན་པ་དེ་ཡང་སྟོང་པ་ཉིད་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་པའི་ཆོས་དེ་དག་སྤྲུལ་པ་ལགས་ན། འཇིག་རྟེན་ལས་འདས་པའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་ པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དེ་དག་ཀྱང་སྤྲུལ་པ་ལགས་སམ། དེ་དག་གི་འབྲས་བུ་གང་ལགས་པ་དང་། གང་གིས་དེ་དག་གི་གང་ཟག་ཏུ་མངོན་པ་རྒྱུན་དུ་ ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ལགས་ 36-1-157b པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ། དེ་ལ་ལ་ལ་ནི་ཉན་ཐོས་ཀྱིས་ སྤྲུལ་པའོ། །ལ་ལ་ནི་རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ཆོས་ཀྱིས་སྤྲུལ་པ་སྟེ། རབ་འབྱོར་རྣམ་ གྲངས་དེས་ན་ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གང་འདི་སྤོང་བ་ཞེས་བགྱི་བ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་ པ་ཉིད་ཀྱི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་ས་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། བཀའ་སྩལ་པ། རབ་འབྱོར་བསྐྱེད་པ་ འམ། བཀག་པའི་ཆོས་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དེ་ནི་མ་ སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་དེ་ནི་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་སྟེ། ཆོས་དེ་དག་ནི་མ་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་ཡང་བཅོམ་ལྡན་ འདས་ཀྱིས་འདི་སྐད་དུ་སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། གཉིས་ཀྱིས་ཀྱང་མི་གོས་ཏེ། གང་སྟོང་པ་ཉིད་མ་ཡིན་པའི་ཆོས་གང་ཡང་མེད་དོ་ཞེས་བཀའ་སྩལ་པ་ལྟར་ན། བཅོམ་ལྡན་འདས་མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ ཡང་སྤྲུལ་པ་ལགས་པར་འགྱུར་རོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། དེ་དག་ནི་ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། 36-1-158a བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་མཛད་དེ། ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་མྱ་ངན་ ལས་འདས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་དང་པོ་པའི་གང་ཟག་གིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་འཚལ་བར་ བགྱིད་ན། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ལགས། བཀའ་སྩལ་པ། རབ་འབྱོར་ཅི་སྔོན་དངོས་པོ་ཡོད་པར་གྱུར་ལ། ཕྱིས་དེ་དངོས་པོ་མེད་པར་འགྱུར་བ་ཡོད་དམ། རབ་འབྱོར་འདི་ལ་དངོས་པོ་ཡང་མེད་དངོས་པོ་མེད་པ་ཡང་མེད། རང་གི་དངོས་པོ་ཡང་མེད། གཞན་གྱི་དངོས་པོ་ཡང་མེད་ན། དེ་ལ་གང་ཡང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་ག་ལ་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཆོས་ཉིད་ འགྱུར་བ་མེད་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། བརྒྱད་བཅུ་རྩ་གཉིས་པའོ།། །། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་བདུན་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་བྱམས་པས་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འཚལ་བས། གཟུགས་ལ་ཇི་ལྟར་བསླབ་ པར་བགྱི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཇི་ལྟར་བསླབ་པར་བགྱི། མིག་གི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། མིག་གི་ཁམས་དང་། 36-1-158b གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཇི་ལྟར་ བསླབ་པར་བགྱི། མིག་གི་རེག་པའི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རེག་པའི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། མ་རིག་པ་ལ་ཇི་ལྟར་བསླབ་པར་བགྱི། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིང་ དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ལ་ཇི་ལྟར་བསླབ་པར་བགྱི། སྡུག་བསྔལ་གྱི་བདེན་པ་ལ་ཇི་ལྟར་བསླབ་པར་བགྱི། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་ཅན་གྱི་ཆོས་རྣམས་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་ཅན་མ་ལགས་པ་དང་། བསྟན་དུ་མཆིས་པ་དང་། བསྟན་དུ་མ་མཆིས་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མ་མཆིས་པ་དང་། འདུས་བགྱིས་དང་། འདུས་མ་བགྱིས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མ་མཆིས་པ་དང་། བསྟེན་པར་བགྱི་བ་དང་། བསྟེན་པར་བགྱི་བ་མ་ལགས་པ་དང་། ངན་པ་དང་། གྱ་ནོམ་པ་དང་། ནང་དང་། ཕྱི་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། འདོད་པ་དང་རབ་ཏུ་ལྡན་པ་དང་། གཟུགས་དང་རབ་ཏུ་ལྡན་པ་དང་། གཟུགས་མེད་པ་དང་རབ་ཏུ་ལྡན་པ་དང་། ལྡན་པ་མ་ལགས་པ་དང་། སློབ་པ་དང་མི་སློབ་པ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་ 36-1-159a དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཙོམ་ལ་ཇི་ལྟར་བསླབ་པར་བགྱི། སེར་སྣ་དང་། སྦྱིན་པ་དང་། འཆལ་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་བཟང་པོ་དང་། གནོད་སེམས་དང་། བཟོད་པ་དང་། ལེ་ལོ་དང་། བརྩོན་འགྲུས་དང་། རྣམ་པར་གཡེང་བ་དང་། བསམ་གཏན་དང་། འཆལ་པའི་ཤེས་རབ་དང་། ཤེས་རབ་ལ་ཇི་ལྟར་བསླབ་པར་བགྱི་རྣམ་པར་རྟོག་པ་དང་། སྟོང་པ་ཉིད་དང་། མཚན་མ་དང་། མཚན་མ་མ་མཆིས་པ་དང་། ལོག་པའི་སྨོན་ལམ་དང་སྨོན་པ་མ་མཆིས་པ་དང་། མི་སྡུག་པའི་ཆོས་རྣམས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་རྣམས་ལ་ཇི་ལྟར་བསླབ་པར་བགྱི། ཉོན་མོངས་པ་རྣམས་དང་། ཉོན་མོངས་པ་སྤངས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས་གཟུགས་མིང་ཙམ་མོ་ཞེས་བྱ་བར་བསླབ་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པ་མིང་ཙམ་མོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མིང་ཙམ་མོ་ཞེས་བྱ་བར་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་གང་གི་ཚེ་འདི་ལྟ་སྟེ། གཟུགས་ཤེས་བགྱི་བའི་མིང་འདི་ནི་དངོས་པོ་དང་བཅས་པར་དམིགས་པ་ནས། འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བགྱི་བའི་མིང་འདི་དངོས་པོ་དང་ བཅས་པར་དམིགས་པ་ནས་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བགྱི་བའི་བར་གྱི་མིང་འདི་ནི་འདུ་བྱེད་གྱི་མཚན་མ་ཉེ་བར་བཟུང་སྟེ། དངོས་པོ་དང་བཅས་པར་དམིགས་པ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་གཟུགས་མིང་ཙམ་ཞེས་ 36-1-159b བགྱི་བར་བསླབ་པར་བགྱི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མིང་ཙམ་ཞེས་བགྱི་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མིང་ཙམ་ཞེས་བགྱི་བར་ཇི་ལྟར་བསླབ་པར་བགྱི། དངོས་པོ་མ་མཆིས་སུ་ལགས་ན། དེའི་མིང་དེ་ཡང་མིང་ཙམ་ཁོ་ན་ཞེས་བགྱིར་མི་རུང་ལགས་ཏེ། འདི་ལྟ་སྟེ་གཟུགས་བགྱི་བ་ནི་མིང་ཙམ་ཁོ་ན་ཞེས་བགྱིར་མི་རུང་ལགས་སོ། །འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་ནི་མིང་ཙམ་ ཁོ་ན་ཞེས་བགྱིར་མི་རུང་ལགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཤེས་བགྱི་བའི་བར་དུ་ཡང་མིང་ཙམ་ཁོ་ན་ཞེས་བགྱིར་མི་རུང་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་ པ། བྱམས་པ་འདི་ལྟ་སྟེ་གཟུགས་ཤེས་བྱ་བ་འདི་ནི་འདུ་བྱེད་ཀྱིས་མཚན་མའི་དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་པའོ། །འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་ བཏགས་པའོ། །འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་འདི་ཡང་གློ་བུར་དུ་མིང་བཏགས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ འདི་ལྟར་གཟུགས་ཤེས་བགྱི་བའི་མིང་མ་མཆིས་པར་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་མིང་དེ་རིག་པ་དང་། རྟོགས་པ་དང་། འཚལ་བར་ཡང་མི་འགྱུར་ལ་གཟུགས་ཤེས་བགྱི་བའི་མིང་དེས་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་རྟོགས་པ་དང་། འཚལ་བར་ཡང་འགྱུར་ན། འདི་ལྟ་སྟེ་གཟུགས་ཤེས་བྱ་བ་འདི་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་གློ་བུར་དུ་མིང་དུ་བཏགས་སོ་ཞེས་བགྱི་བར་ཇི་ལྟར་འགྱུར། བཅོམ་ལྡན་འདས་འདི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་ཚོར་བ་ཞེས་ བགྱི་བ་དང་། འདུ་ཤེས་ཤེས་བགྱི་བ་དང་། འདུ་བྱེད་རྣམས་ཤེས་བགྱི་བ་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་དང་། བཅོམ་ལྡན་འདས་འདི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བགྱི་བའི་བར་གྱི་མིང་རིག་པ་དང་རྟོགས་པ་ 36-1-160a པ་དང་། འཚལ་བར་ཡང་མི་འགྱུར་ལ། ཚོར་བ་ཞེས་བགྱི་བ་དང་། འདུ་ཤེས་ཤེས་བགྱི་བ་དང་། འདུ་བྱེད་རྣམས་ཤེས་བགྱི་བ་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་དེ་དང་། སངས་རྒྱས་ཀྱི་ཆོས་ཤེས་བགྱི་བའི་བར་དེས་ནི་འདུ་བྱེད་ཀྱི་མཚན་མའི་དངོས་ པོ་དེ་ཉིད་རིག་པ་དང་། རྟོགས་པ་དང་། འཚལ་བར་ཡང་འགྱུར་ན། འདི་ལྟ་སྟེ་གཟུགས་ཤེས་བྱ་བ་དང་། འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་ བར་དུ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་སོ་ཞེས་བགྱི་བར་ཇི་ལྟར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས་ ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །བྱམས་པ་འདི་ཇི་སྙམ་དུ་སེམས། འདི་ལྟ་སྟེ་ཁྱོད་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་། དེ་ལ་གཟུགས་ཤེས་བྱ་བའི་མིང་དེ་ལ་མ་བརྟེན་མ་གནས་གནས་མ་བཅས་པར། འདུ་བྱེད་ཀྱི་མཚན་ མའི་དངོས་པོ་དེ་དང་དེ་ལ་འདི་ནི་གཟུགས་ཡིན་ནོ་ཞེས་བྱ་བར་ཇི་ག་དེ་སྙམ་སེམས་འམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བྱམས་པ་དེ་ཇི་སྙམ་དུ་སེམས། ཁྱོད་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་འདི་ལྟ་སྟེ་ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། བྱམས་པ་འདི་ཇི་སྙམ་དུ་སེམས། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་གྱི་མིང་དེ་ལ་ མ་བརྟེན་མ་གནས་གནས་མ་བཅས་པར། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་ལ་ཁྱོད་ཇི་ག་དེ་སྙམ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བྱམས་པ་རྣམ་གྲངས་འདིས་ཀྱང་འདི་ལྟ་སྟེ། གཟུགས་ཤེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་འདུ་བྱེད་ཀྱི་ 36-1-160b མཚན་མའི་དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་དེ་ཡང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་པ་ཡིན་པ་དེ་ལྟར་རིག་པར་བྱའོ། །བྱམས་པ་འདི་ཇི་སྙམ་ དུ་སེམས། མིང་དང་བརྡའ་དང་། ཐ་སྙད་དང་། བཏགས་པ་རྣམ་པ་སྣ་ཚོགས་ཀྱིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ཉེ་བར་འདོགས་པ་འམ། ཐ་སྙད་དམ། འདོགས་པ་འམ། མངོན་པར་ཞེན་པ་ཡིན་ནམ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བྱམས་པ་ རྣམ་གྲངས་འདིས་ཀྱང་འདི་ལྟ་སྟེ་གཟུགས་ཤེས་བྱ་བ་དང་། འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་དེ་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་གློ་ བུར་དུ་མིང་དུ་བཏགས་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །བྱམས་པ་འདི་ཇི་སྙམ་དུ་སེམས། འདི་ལ་འགའ་ཞིག་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་ལ། དེ་ལས་གཞན་པའི་འདུ་བྱེད་ཀྱི་མཚན་མའི་དངོས་པོར་མིང་འདོགས་སམ། འདུ་ཤེས་སམ། རྗེས་སུ་ཐ་སྙད་འདོགས་སམ། མངོན་པར་ཞེན་པར་བྱེད་དམ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བྱམས་པ་རྣམ་གྲངས་འདིས་ཀྱང་འདི་ལྟ་སྟེ་གཟུགས་ཤེས་བྱ་བ་དང་། འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་འདི་ནི་གློ་བུར་དུ་མིང་བཏགས་པ་ཡིན་པ་དེ་ལྟར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་ལགས་ན་ནི་འདི་ལྟ་སྟེ། གཟུགས་ཤེས་བགྱི་བ་དང་། འདི་ལྟ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བགྱི་བའི་བར་དུ་ འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ཉེ་བར་བཟུང་ནས། མིང་དང་། འདུ་ཤེས་དང་། འདོགས་པ་དང་། རྗེས་སུ་ཐ་སྙད་འདོགས་པར་འགྱུར་བ་དང་། གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནར་མི་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་ 36-1-161a འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་འདི་ལྟ་སྟེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་གཟུགས་ཤེས་བྱ་བར་མིང་དང་། འདུ་ཤེས་དང་། འདོགས་པ་དང་། རྗེས་སུ་ཐ་སྙད་འདོགས་པ་བྱེད་པ་ལ། བྱམས་པ་ འདི་ཇི་སྙམ་དུ་སེམས། དེ་གཟུགས་ཀྱི་ངོ་བོ་ཉིད་ཡིན་ནམ། བཏགས་པ་ཙམ་དུ་ཟད། གསོལ་པ། བཅོམ་ལྡན་འདས་བཏགས་པ་ཙམ་དུ་བས་ལགས་སོ། །བྱམས་པ་འོ་ན་འདི་ལྟ་སྟེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་ བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་ནི་གཟུགས་ཀྱི་ངོ་བོ་ཉིད་དུ་དམིགས་པ་ཁོ་ནའོ་ཞེས་བྱ་བར་བྱམས་པ་ཁྱོད་ཇི་ལྟར་དེ་སྙམ་དུ་སེམས། བྱམས་པ་འདི་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་ངོ་བོ་ཉིད་དེ་བཏགས་པ་ཙམ་དུ་ཟད་དམ། བཅོམ་ལྡན་འདས་བཏགས་པ་ཙམ་དུ་བས་ལགས་སོ། །བྱམས་པ་འོ་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་ངོ་བོ་ཉིད་དམིགས་པ་ཁོ་ནའོ་ཞེས་བྱ་བར་ཁྱོད་ཇི་ལྟར་དེ་སྙམ་དུ་སེམས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་གཟུགས་མིང་དང་། འདུ་ཤེས་དང་། བརྡའ་དང་། བརྟགས་པ་དང་། ཐ་སྙད་ཙམ་ཁོ་ན་ལགས་ཤིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ ཆོས་རྣམས་ཀྱི་བར་དུ་མིང་དང་། འདུ་ཤེས་དང་། བརྡའ་དང་། བཏགས་པ་དང་། ཐ་སྙད་ཙམ་ཁོ་ན་ལགས་ན། དེ་ལྟ་ན་འདི་ལྟ་སྟེ་མིང་དང་། འདུ་ཤེས་དང་། བརྡའ་དང་། བཏགས་པ་དང་། ཐ་སྙད་ཙམ་ཞེས་བགྱི་བས་གཟུགས་ཀྱི་ངོ་བོ་ཉིད་ དམིགས་པ་ཁོ་ནར་མི་འགྱུར་ལགས་སམ། དེ་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནར་མི་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། 36-1-161b བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་འདི་ཇི་སྙམ་དུ་སེམས། གཟུགས་ཤེས་བྱ་བའི་མིང་དང་། འདུ་ཤེས་དང་། བརྡའ་དང་བཏགས་པ་དང་། ཐ་སྙད་ཙམ་ཁོ་ན་གང་ཡིན་པ་དེ་ཁ་ཅིག་སྐྱེ་ བ་འམ། འཇིག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་ཡོད་དམ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། བྱམས་པ་འོ་ན་ཁྱོད་འདི་ཇི་སྙམ་དུ་གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནའོ་སྙམ་དུ་སེམས་པ་དེ་ཅི་ ལས་གྱུར། བྱམས་པ་དེ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་གྱི་མིང་དང་། འདུ་ཤེས་དང་། བརྡའ་དང་བཏགས་པ་དང་ཐ་སྙད་ཙམ་ཁོ་ན་གང་ཡིན་པ་དེ་ལ་ཇི་ ག་སྐྱེ་བ་འམ། འཇིག་པ་འམ། ཀུན་ནས་ཉོན་མོངས་པ་འམ་རྣམ་པར་བྱང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཀའ་སྩལ་པ། བྱམས་པ་འོ་ན་ཁྱོད་འདི་ཇི་སྙམ་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་དང་། དེ་བཞིན་དུ་སྦྱར་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་ངོ་བོ་ཉིད་དམིགས་པ་ཁོ་ནའོ་སྙམ་དུ་སེམས་པ་དེ་ཅི་ལས་གྱུར། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་གཟུགས་མ་མཆིས་པ་ཁོ་ན་ལགས་སམ། བཅོམ་ལྡན་འདས་ཅི་རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མ་མཆིས་པ་ཁོ་ན་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་གཟུགས་མེད་དོ་ཞེས་ང་མི་སྨྲའོ། །བྱམས་པ་རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ 36-1-162a རྣམས་ཀྱི་བར་དུ་མེད་དོ་ཞེས་ང་མི་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མཆིས་པ་ལགས། བཅོམ་ ལྡན་འདས་ཇི་ལྟར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མཆིས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ བཀའ་སྩལ་པ། བྱམས་པ་འཇིག་རྟེན་གྱི་བརྡའ་དང་། ཐ་སྙད་ཀྱིས་གཟུགས་ཡོད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །བྱམས་པ་འཇིག་རྟེན་གྱི་བརྡའ་དང་། ཐ་སྙད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་ རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡོད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་ གསུངས་པའི་དོན་འཚལ་བ་ལྟར་ན། དབྱིངས་འདི་ནི་དོན་དམ་པར་ནི་བརྗོད་དུ་མ་མཆིས་པའོ། །བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དབྱིངས་དོན་དམ་པར་མཆིས་སུ་ལགས་ན། འོ་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ ལ་གཟུགས་ཤེས་བགྱི་བར་གློ་བུར་དུ་མིང་དུ་འདོགས་པར་ཇི་ལྟར་འགྱུར། དོན་དམ་པར་མཆིས་ན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ ཆོས་རྣམས་ཤེས་བགྱི་བའི་བར་དུ་གློ་བུར་དུ་མིང་དུ་འདོགས་པར་ཇི་ལྟར་འགྱུར། གལ་ཏེ་དོན་དམ་པར་མ་མཆིས་ན་ནི། འོ་ན་བརྗོད་དུ་མ་མཆིས་པའི་དབྱིངས་སུ་ཡང་ཇི་ལྟར་འགྱུར་ཏེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ནི་བརྗོད་དུ་ མ་མཆིས་པའི་དབྱིངས་ཤེས་བགྱིར་མི་རུང་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས། ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ 36-1-162b ཤིག །བྱམས་པ་འདི་ཇི་སྙམ་དུ་སེམས། གང་གི་ཚེ་བརྗོད་དུ་མེད་པའི་དབྱིངས་དང་། འབྲེལ་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་དེའི་ཚེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་འདི་ལྟ་སྟེ། གཟུགས་ཤེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་དུ་གློ་བུར་དུ་མིང་དུ་བཏགས་པ་འདི་ཁྱོད་ཀྱིས་དམིགས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་ མི་དམིགས་སོ། །བཀའ་སྩལ་པ། བྱམས་པ་རྣམ་གྲངས་འདིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ཡིན་པ་དེ་བརྗོད་དུ་མེད་པའི་དབྱིངས་ཀྱང་མ་ཡིན་ལ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་པ་ ཡང་མ་ཡིན་པར་རིག་པར་བྱའོ། །འདི་ལྟ་སྟེ་གཟུགས་ཤེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་དུ་གང་ ལ་གློ་བུར་དུ་མིང་དུ་བཏགས་པའི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་གལ་ཏེ་བརྗོད་དུ་མེད་པའི་དབྱིངས་ཡིན་དུ་ཟིན་ན། འོ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཡང་འགྱུར་རོ། །བྱམས་པ་གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་ཡིན་དུ་ཟིན་ན་ནི། འོ་ན་མཚན་མ་དེ་ཡང་མི་དམིགས་ན། འདི་ལྟར་ བརྗོད་དུ་མེད་པའི་དབྱིངས་དེ་རྟོགས་པར་འགྱུར་རམ། བྱམས་པ་རྣམ་གྲངས་འདིས་ཀྱང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་པ་ཡང་མ་ཡིན་ལ། འདི་ལྟ་སྟེ་གཟུགས་ཤེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་དུ་གང་ལ་གློ་བུར་དུ་མིང་དུ་བཏགས་པ་དེ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་མ་ཡིན་པ་ཡང་མ་ཡིན་པར་ 36-1-163a རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མ་མཆིས་པའི་དབྱིངས་དང་འབྲེལ་བའི་ ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་ན། འདི་ལྟ་སྟེ། གཟུགས་ཤེས་བགྱི་བ་དང་། ཚོར་བ་ཞེས་བགྱི་བ་དང་། འདུ་ཤེས་ཤེས་བགྱི་བ་དང་། འདུ་བྱེད་རྣམས་ཤེས་བགྱི་བ་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བགྱི་ བའི་བར་དག་གང་ལ་གློ་བུར་དུ་མིང་བཏགས་པའི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་མི་དམིགས་ན། བཅོམ་ལྡན་འདས་ཅི་མཆིས་པ་མི་དམིགས་ལགས་སམ། འོན་ཏེ་མ་མཆིས་པ་མི་དམིགས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ནི་རང་དབང་ཉིད་དམ་ཡོད་པ་ཉིད་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་གང་གི་ཚེ་ཁྱོད་འདུ་བྱེད་ཀྱི་མཚན་ མའི་དངོས་པོ་དེ་ལ་རྣམ་པར་རྟོག་པ་དེའི་ཚེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་རྣམ་པར་རྟོག་པ་རྣམས་ཀྱིས་གཟུང་བར་འགྱུར་རམ། གང་གི་ཚེ་བརྗོད་དུ་མེད་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་ཏེ། རྣམ་པར་ མི་རྟོག་པ་དེའི་ཚེ་རྣམ་པར་མི་རྟོག་པས་གཟུང་བར་འགྱུར་རམ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བྱམས་པ་དེ་ལྟ་ཡིན་ན། འདི་ལྟ་སྟེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་འདི་ལྟར་གཟུགས་ཤེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་དུ་གློ་བུར་དུ་མིང་དུ་བཏགས་པ་དེ་རྣམ་པར་རྟོག་པ་ཙམ་དུ་ཟད་དམ། རྣམ་པར་རྟོག་པ་ཙམ་ཉིད་དོ། །དེ་ དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་ཏེ། རྣམ་པར་རྟོག་པ་རྣམས་དང་བྲལ་བར་གྱུར་པ་ན། འདི་ལྟ་སྟེ་གཟུགས་ཤེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ 36-1-163b ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་དུ་གང་ལ་གློ་བུར་དུ་མིང་དུ་བཏགས་པ་དེ་ལ་ཡོད་པ་གང་ཡིན། གང་ཡོད་པ་ནི་མི་དམིགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་ཞུགས་པས། གཟུགས་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་དུ་ཞིག་དུ་རྟོགས་པར་བགྱི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་དུ་ཞིག་ཏུ་རྟོགས་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་ཞུགས་པས། གཟུགས་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་གསུམ་ དུ་རྟོགས་པར་བྱ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་གསུམ་དུ་རྟོགས་པར་བྱ་སྟེ། འདི་ལྟ་སྟེ་འདི་ནི་ཀུན་བཏགས་ པའི་གཟུགས་སོ། །འདི་ནི་རྣམ་པར་བཏགས་པའི་གཟུགས་སོ། །འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །འདི་ལྟ་སྟེ་འདི་ནི་ཀུན་བཏགས་པའི་ཚོར་བའོ། །འདི་ནི་རྣམ་པར་བརྟགས་པའི་ཚོར་བའོ། །འདི་ནི་ཆོས་ཉིད་ཀྱི་ཚོར་བའོ། ། འདི་ལྟ་སྟེ་འདི་ནི་ཀུན་བརྟགས་པའི་འདུ་ཤེས་སོ། །འདི་ནི་རྣམ་པར་བརྟགས་པའི་འདུ་ཤེས་སོ། །འདི་ནི་ཆོས་ཉིད་ཀྱི་འདུ་ཤེས་སོ། །འདི་ལྟ་སྟེ་འདི་དག་ནི་ཀུན་བརྟགས་པའི་འདུ་བྱེད་རྣམས་སོ། །འདི་དག་ནི་རྣམ་པར་བརྟགས་པའི་འདུ་བྱེད་ རྣམས་སོ། །འདི་དག་ནི་ཆོས་ཉིད་ཀྱི་འདུ་བྱེད་རྣམས་སོ། །འདི་ལྟ་སྟེ་འདི་ནི་ཀུན་བཏགས་པའི་རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་བརྟགས་པའི་རྣམ་པར་ཤེས་པའོ། །འདི་ནི་ཆོས་ཉིད་ཀྱི་རྣམ་པར་ཤེས་པའོ། །འདི་ལྟ་སྟེ་འདི་དག་ནི་ཀུན་བརྟགས་པའི་སངས་ 36-1-164a རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ། །འདི་དག་ནི་རྣམ་པར་བཏགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སོ་འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་བྱ་བའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་ སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀུན་བརྟགས་པའི་གཟུགས་ནི་གང་ལགས། རྣམ་པར་བརྟགས་པའི་གཟུགས་ནི་གང་ལགས། ཆོས་ཉིད་ཀྱི་གཟུགས་ནི་གང་ལགས། བཅོམ་ལྡན་འདས་ཀུན་བརྟགས་པའི་ ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། ཀུན་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ནི་གང་ལགས། རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ནི་གང་ལགས། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ ཆོས་རྣམས་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གཟུགས་ཤེས་བྱ་བའི་མིང་དང་འདུ་ཤེས་དང་། བཏགས་པ་དང་ཐ་སྙད་ལ་བརྟེན་ནས། གཟུགས་ཀྱི་ངོ་བོ་ཉིད་ དུ་ཡོངས་སུ་རྟོག་པ་འདི་ནི་ཀུན་བཏགས་པའི་གཟུགས་སོ། །བྱམས་པ་གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་གྱི་མིང་དང་། འདུ་ཤེས་དང་། བཏགས་པ་དང་། ཐ་སྙད་ལ་བརྟེན་ནས་ཚོར་བའི་ངོ་བོ་ཉིད་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ བར་གྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་འདི་ནི་ཀུན་བརྟགས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའོ། །འདི་དག་ནི་ཀུན་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ། །འདུ་བྱེད་ཀྱི་མཚན་མའི་ དངོས་པོ་དེ་རྣམ་པར་རྟོག་པ་ཙམ་གྱི་ཆོས་ཉིད་ལ་གནས་པའི་རྣམ་པར་རྟོག་པ་ལ་བརྟེན་ནས། མངོན་པར་བརྗོད་དེ། གང་ལ་འདི་ནི་གཟུགས་སོ་ཞེས་བྱ་བ་དང་། ཚོར་བའོ་ཞེས་བྱ་བ་དང་། འདུ་ཤེས་སོ་ཞེས་བྱ་བ་དང་། འདུ་བྱེད་རྣམས་སོ་ཞེས་ 36-1-164b བྱ་བ་དང་། རྣམ་པར་ཤེས་པའོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་བྱ་བའི་བར་གྱི་མིང་དང་། འདུ་ཤེས་དང་། བཏགས་པ་དང་། ཐ་སྙད་གང་ཡིན་པ་འདི་ནི་རྣམ་པར་བཏགས་པའི་གཟུགས་སོ། །འདི་ནི་རྣམ་པར་བརྟགས་པའི་ཚོར་བ་ འོ། །འདི་ནི་རྣམ་པར་བརྟགས་པའི་འདུ་ཤེས་སོ། །འདི་ནི་རྣམ་པར་བརྟགས་པའི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་བཏགས་པའི་རྣམ་པར་ཤེས་པའོ། །འདི་དག་ནི་རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ། །གང་དེ་ བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཉིད་འདི་ནི་གནས་པ་ཉིད་དང་། ཆོས་གནས་པའི་དབྱིངས་དང་། གང་ཀུན་བརྟགས་པའི་གཟུགས་དེས་རྣམ་པར་བརྟགས་པའི་གཟུགས་རྟག་ པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ངོ་བོ་ཉིད་མེད་པ་ཁོ་ན་དང་། ཆོས་ལ་བདག་མེད་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །འདི་ནི་ཆོས་ཉིད་ཀྱི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པའོ། །འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་གཟུགས་གསུམ་པོ་འདི་དག་ལས་རྫས་སུ་མ་མཆིས་པར་ལྟ་བའི་གཟུགས་ནི་གང་ལགས། རྫས་སུ་མཆིས་པ་ནི་གང་ལགས། རྫས་སུ་མ་མཆིས་པ་ཡང་མ་ལགས་ལ། རྫས་སུ་མཆིས་པ་ཡང་མ་ལགས་ཤིང་། དོན་དམ་པས་རབ་ཏུ་ཕྱེ་བ་ནི་གང་ལགས་ཚོར་བ་གསུམ་པོ་འདི་དག་དང་། འདུ་ཤེས་གསུམ་པོ་འདི་དག་དང་། འདུ་བྱེད་གསུམ་པོ་འདི་དག་དང་། རྣམ་པར་ཤེས་པ་གསུམ་པོ་འདི་དག་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་གསུམ་ པོ་འདི་དག་ལས་རྫས་སུ་མ་མཆིས་པ་དག་ནི་གང་ལགས། རྫས་སུ་མཆིས་པ་དག་ནི་གང་ལགས། རྫས་སུ་མ་མཆིས་པ་ཡང་མ་ལགས་ལ། རྫས་སུ་མཆིས་པ་ཡང་མ་ལགས་ཤིང་། དོན་དམ་པས་རབ་ཏུ་ཕྱེ་བ་དག་ནི་གང་ལགས། དེ་སྐད་ཅེས་གསོལ་ 36-1-165a པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་གང་ཀུན་དུ་བརྟགས་པའི་གཟུགས་དེ་ནི་རྫས་སུ་མེད་པར་བལྟ་བར་བྱའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་ པ་རྫས་སུ་ཡོད་པའི་ཕྱིར། རྫས་སུ་ཡོད་པར་བལྟ་བར་བྱ་སྟེ། རང་དབང་དུ་འབྱུང་བའི་ཕྱིར་ནི་མ་ཡིན་ནོ། །གང་ཆོས་ཉིད་ཀྱི་གཟུགས་དེ་ནི་རྫས་སུ་མེད་པ་ཡང་མ་ཡིན། རྫས་སུ་ཡོད་པ་ཡང་མ་ཡིན་ཞིང་། དོན་དམ་པས་རབ་ཏུ་ཕྱེ་བར་བལྟ་བར་ བྱའོ། །ཀུན་བརྟགས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། གང་དག་ཀུན་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དེ་དག་ནི་རྫས་སུ་མེད་པར་བལྟ་བར་བྱའོ། །གང་རྣམ་པར་བརྟགས་པའི་ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། གང་དག་རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དེ་དག་ནི་རྣམ་པར་རྟོག་པ་རྫས་སུ་ཡོད་པའི་ཕྱིར་རྫས་སུ་ཡོད་པར་བལྟ་བར་བྱ་སྟེ། རང་དབང་དུ་ འབྱུང་བའི་ཕྱིར་ནི་མ་ཡིན་ནོ། །བྱམས་པ་གང་ཆོས་ཉིད་ཀྱི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། བྱམས་པ་གང་དག་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དེ་དག་ནི་རྫས་སུ་མེད་པ་ཡང་མ་ ཡིན་ལ། རྫས་སུ་ཡོད་པ་ཡང་མ་ཡིན་ཞིང་། དོན་དམ་པས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ ལྟར་གཟུགས་རབ་ཏུ་དབྱེ་བའི་བརྟགས་པ་ཡང་མ་མཆིས་ལ། དེ་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རབ་ཏུ་དབྱེ་བའི་བཏགས་པ་ཡང་མ་མཆིས་ན། འདི་ལྟ་སྟེ་ གཟུགས་ཤེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །འདི་ལྟ་སྟེ་ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བའི་བར་འདི་ནི་ 36-1-165b གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་གང་བཀའ་སྩལ་པ་དེ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས། འདི་ལྟ་སྟེ། གཟུགས་ཤེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །འདི་ལྟ་སྟེ་ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཤེས་བྱ་བ་དང་། འདུ་བྱེད་རྣམས་ཤེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་བར་ཞེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་བཀའ་སྩལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་འདི་ཇི་སྙམ་དུ་སེམས། ཀུན་བརྟགས་པའི་གཟུགས་ལ་རྫས་སུ་མེད་པ་ཉིད་གང་ཡིན་པ་དེ་གཟུགས་ཡིན་ནམ། འོན་ཏེ་མ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །དེ་ལ་གཟུགས་ཤེས་བྱ་བ་མིང་དང་། འདུ་ཤེས་དང་། བཏགས་པ་དང་། ཐ་སྙད་ཙམ་ཉིད་གང་ཡིན་པ་དེ་ཇི་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བྱམས་པ་རྣམ་གྲངས་འདིས་གང་ཀུན་ བརྟགས་པའི་གཟུགས་དེ་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པ་ཡང་མ་ཡིན་ཏེ། གང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པ་ཡང་མ་ཡིན་པ་དེ་ནི་གཉིས་སུ་མེད་པ་སྟེ། ངས་འདི་ལ་དགོངས་ནས། འདི་ལྟ་སྟེ། གཟུགས་ཤེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཀའ་སྩལ་པར་རིག་པར་བྱའོ། །བྱམས་པ་འདི་ཇི་སྙམ་དུ་སེམས། གང་ལ་བརྟེན་ནས་གཟུགས་ཤེས་བྱ་བའི་མིང་དང་། བཏགས་པ་དང་། ཐ་སྙད་དུ་ འགྱུར་བ་རྣམ་པར་བརྟགས་པའི་གཟུགས་རྫས་སུ་ཡོད་པ་ཉིད་གང་ཡིན་པ་དེ་ཇི་ག་གཟུགས་མ་ཡིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བྱམས་པ་འདི་ཇི་སྙམ་དུ་སེམས། རྣམ་པར་བརྟགས་པའི་ གཟུགས་དེ་ཉིད་ལ་ཀུན་བརྟགས་པའི་གཟུགས་དེས། དེའི་ངོ་བོ་ཉིད་མ་ཡིན་ཞིང་། དེའི་མཚན་ཉིད་མ་ཡིན་པ་གང་ཡིན་པ་དེ་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བྱམས་པ་རྣམ་གྲངས་འདིས་ 36-1-166a ཀྱང་། འདི་ལྟར་གང་རྣམ་པར་བརྟགས་པའི་གཟུགས་དེ་ཡང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པ་ཡང་མ་ཡིན་ཏེ། གང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པ་ཡང་མ་ཡིན་པ་དེ་གཉིས་སུ་མེད་པ་སྟེ། ངས་དེ་ལ་དགོངས་ནས་འདི་ལྟ་སྟེ། གཟུགས་ཤེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཀའ་སྩལ་པར་རིག་པར་བྱའོ། །བྱམས་པ་འདི་ཇི་སྙམ་དུ་སེམས། གང་ཆོས་ཉིད་ཀྱི་གཟུགས་བདག་མེད་པས། རབ་ཏུ་ ཕྱེ་བའི་གཟུགས་དེ་ཇི་ག་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཆོས་ཉིད་ཀྱི་གཟུགས་དེ་ཉིད་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་པ་དེ་ཡིན་ནམ། གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ། །བྱམས་པ་རྣམ་གྲངས་འདིས་ཀྱང་། འདི་ལྟར་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ཡང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པ་ཡང་མ་ཡིན་ཏེ། གང་གཟུགས་ཀྱང་མ་ཡིན་ལ། གཟུགས་མ་ཡིན་པ་ཡང་མ་ཡིན་པ་དེ་ནི་གཉིས་སུ་མེད་པ་སྟེ། ངས་དེ་ལ་དགོངས་ནས་འདི་ལྟ་སྟེ། གཟུགས་ཤེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བཀའ་སྩལ་པར་རིག་པར་བྱ་སྟེ། དེ་བཞིན་དུ་ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་ཡང་སྦྱར་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། དེ་ལྟར་གཟུགས་ལ་གཉིས་སུ་མ་མཆིས་པའི་མཚན་ཉིད་ལ་མཁས་ཤིང་། དེ་ལྟར་ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ལ་མཚན་ཉིད་མ་མཆིས་པ་ལ་མཁས་པ་མཐའ་གཉིས་སྤངས་ནས། དབུ་མའི་ལམ་ལ་ཞུགས་པའི་ཡོངས་ 36-1-166b སུ་འཚལ་བའི་མཚན་ཉིད་ནི་ཇི་ལྟ་བུ། སྤོང་བའི་མཚན་ཉིད་ནི་ཇི་ལྟ་བུ། མངོན་སུམ་དུ་བགྱིད་པའི་མཚན་ཉིད་ནི་ཇི་ལྟ་བུ། བསྒོམ་པའི་མཚན་ཉིད་ནི་ཇི་ལྟ་བུར་བལྟ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། མཐའ་གཉིས་སྤངས་ནས། འདི་ལྟར་དབུ་མའི་ལམ་ལ་ཞུགས་པས་གང་ གཟུགས་ཡོངས་སུ་ཤེས་པ་ཡང་མ་ཡིན། ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ རྣམས་ཀྱི་བར་དུ་ཡོངས་སུ་ཤེས་པ་ཡང་མ་ཡིན། ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །གང་གཟུགས་སྤོང་བ་ཡང་མ་ཡིན། མི་སྤོང་བ་ཡང་མ་ཡིན་པ་དེ་ཉིད་དེའི་སྤོང་བའོ། །གང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྤོང་བ་ཡང་མ་ཡིན། མི་སྤོང་བ་ཡང་མ་ཡིན་པ་དེ་ཉིད་དེའི་སྤོང་བའོ། །གང་གཟུགས་སྤོང་བ་མངོན་སུམ་དུ་ཡང་མི་བྱེད་ལ། མངོན་སུམ་དུ་མི་བྱེད་པ་ཡང་མ་ཡིན་པ་དེ་ཉིད་དེའི་མངོན་སུམ་དུ་བྱེད་པའོ། །གང་གཟུགས་སྤང་བའི་ཕྱིར་ལམ་བསྒོམ་པ་ཡང་མ་ཡིན། མི་སྒོམ་པ་ཡང་མ་ཡིན་པ་དེ་ཉིད་དེའི་སྒོམ་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ལ་ཡང་སྦྱར་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟ་བུའི་ཡོངས་སུ་འཚལ་བ་དང་། སྤོང་བ་དང་། མངོན་སུམ་དུ་བགྱིད་པ་དང་། བསྒོམ་པ་དང་ལྡན་པའི་མྱ་ངན་ལས་འདས་པ་གང་ལགས། 36-1-167a དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ཟབ་བོ། །མཆོག་ཏུ་ཟབ་བོ། །དེ་སྐད་ཅེས་བཀའ་ སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་འདི་ལྟར་ཟབ་པ་དང་། མཆོག་དུ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི། འདི་ལྟར་མྱ་ངན་ལས་འདས་པ་ཡང་མ་ཡིན། མྱ་ངན་ལས་མ་འདས་པའང་མ་ཡིན་ཏེ། དེའི་ཕྱིར་ཟབ་པ་དང་། མཆོག་ ཏུ་ཟབ་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ མྱ་ངན་ལས་འདས་པ་ཡང་མ་ལགས། མྱ་ངན་ལས་མ་འདས་པ་ཡང་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གཞན་གྱི་དོན་ལས་བརྩམས་ཏེ། འཁོར་བ་ཡོངས་སུ་མི་གཏོང་བས་མྱ་ངན་ལས་འདས་པ་ཡང་མ་ ཡིན་ནོ། །བདག་གི་དོན་ལས་བརྩམས་ཏེ། མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བས། མྱ་ངན་ལས་མ་འདས་པ་ཡང་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་ པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལས་བརྩམས་ཏེ། འཁོར་བ་ཡོངས་སུ་མི་གཏོང་ན། དེ་འཁོར་བ་ཡོངས་སུ་མ་བཏང་བས་འདིས་ཇི་ལྟར་མྱ་ངན་ལས་འདས་ པ་ཡོངས་སུ་བཏང་བར་མི་འགྱུར། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་བདག་གི་དོན་ལས་བརྩམས་ཏེ། མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་ན། འདིས་ཇི་ལྟར་འཁོར་བ་ཡོངས་སུ་བཏང་བར་མི་འགྱུར་ལགས། 36-1-167b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། འཁོར་བ་ལ་ཡང་འཁོར་བ་ཉིད་དུ་རྣམ་པར་མི་རྟོག །མྱ་ངན་ལས་འདས་པ་ལ་ཡང་མྱ་ངན་ལས་འདས་པ་ཉིད་དུ་ རྣམ་པར་མི་རྟོག་སྟེ། དེ་དེ་ལྟར་རྣམ་པར་མི་རྟོག་པས། འདི་ལྟ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དེ་དག་མཉམ་པས་མཉམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འཁོར་བ་ལ་འཁོར་བ་ཉིད་དུ་རྣམ་པར་མི་རྟོག་པས། འཁོར་བ་ལས་ཡིད་བྱུང་བར་མི་འགྱུར་རོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ལ་ཡང་མྱ་ངན་ལས་འདས་པ་ཉིད་དུ་མི་རྟོག་པས། མྱ་ངན་ལས་འདས་པ་ལས་ཉམས་པར་ཡང་མི་འགྱུར་ཏེ། དེ་བཞིན་དུ་འཁོར་བ་ན་ཡང་མི་ཉམས་སོ། ། དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པ་དེ་རིགས་པ་འདིས་འཁོར་བ་ཡང་ཡོངས་སུ་མི་གཏོང་ལ། མྱ་ངན་ལས་འདས་པ་ཡང་ཡོངས་སུ་མི་གཏོང་བར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པས། འཁོར་བ་ ཇི་ལྟར་མ་བཏང་བ་དེ་ལྟར་བླངས་པ་ཡང་མ་མཆིས་ཤིང་། མྱ་ངན་ལས་འདས་པ་ཇི་ལྟར་མ་བཏང་བ་དེ་ལྟར་བླངས་པ་ཡང་མ་མཆིས་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་གལ་ཏེ་བླངས་པ་མ་མཆིས་ན་ཇི་ ལྟར་མ་བཏང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་ནི་འདི་ལྟར་འཁོར་བ་ལེན་ཏོ་ཞེ་འམ་མི་ལེན་ཏོ་ཞེས་མི་སྨྲའོ། །བྱམས་པ་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ སེམས་དཔའ་རྣམ་པར་མི་རྟོག་པའི་དབྱིངས་ལ་དམིགས་པའི་ཡེ་ཤེས་ཀྱིས་སེམས་ལ་དབང་ཐོབ་པ་ཐབས་ལ་མཁས་པས་འཁོར་བ་བསྟན་པའི་ཕྱིར། ཕྱོགས་བཅུའི་འཇིག་རྟེན་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་ 36-1-168a བྱེ་མ་སྙེད་དག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ཡོངས་སུ་མི་གཏོང་བའོ། །ཞེས་ང་སྨྲའོ། །སྟོང་པ་ཉིད་མི་དམིགས་པའི་དབྱིངས་ལ་གནས་པའི་ཕྱིར་མྱ་ངན་ལས་འདས་པ་ ཡོངས་སུ་མི་གཏོང་བའོ་ཞེས་ང་སྨྲའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་མི་རྟོག་པའི་མཚན་ཉིད་འདུས་པ་ ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་རྣམས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དང་། ཆོས་དེ་དག་དང་སྟོང་པ་ཉིད་དེའི་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པ་སྤྲོས་པ་མེད་པ་གང་ཡིན་ པ་དེ་ནི། བྱམས་པ་རྣམ་པར་མི་རྟོག་པའི་མཚན་ཉིད་འདུས་པར་བལྟའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་ཅི་ཉན་ཐོས་ཐམས་ཅད་གཅིག་ཏུ་ངེས་པར་གཏན་དུ་མྱ་ངན་ལས་འདས་པ་ལ་གནས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འཇིག་ རྟེན་འདི་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་སྟེ། ཁམས་སྣ་ཚོགས་པ་ཁམས་དུ་མའི་འཇིག་རྟེན་དེ་ན་སེམས་ཅན་གྱི་རིགས་དང་རང་བཞིན་མང་དུ་དམིགས་ཏེ། བྱམས་པ་གང་ཐོག་མ་ཉིད་ནས་བཟང་པོའི་བྱེ་བྲག་ དོན་དུ་གཉེར་ཏེ། བཟང་པོའི་བྱེ་བྲག་ཉིད་ཐོབ་པར་འགྱུར་བའི་སེམས་ཅན་གྱི་རིགས་ཀྱི་རྣམ་པ་དེ་ལྟ་བུ་ཡང་ཡོད། གང་ཐོག་མ་ཉིད་ནས་དམན་པའི་བྱེ་བྲག་དོན་དུ་གཉེར་ཏེ། དམན་པ་ཉིད་ཐོབ་ལ་དེ་ཉིད་ཀྱིས་ཆོག་པར་འཛིན་པའི་ 36-1-168b རིགས་ཀྱི་རྣམ་པ་དེ་ལྟ་བུ་ཡང་ཡོད། གང་ཐོག་མ་ཉིད་དམན་པའི་བྱེ་བྲག་དོན་དུ་གཉེར་ཏེ། དམན་པ་ཉིད་ཐོབ་ལ་དམན་པར་ཤེས་ནས་དེ་ཙམ་གྱིས་ཆོག་པར་མི་འཛིན་གྱི། དེའི་འོག་དུ་བཟང་པོའི་བྱེ་བྲག་ཚོལ་ཞིང་བཟང་པོ་ཐོབ་པར་འགྱུར་བའི་ རིགས་ཀྱི་བྱེ་བྲག་དེ་ལྟ་བུ་ཡང་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་རིགས་ཀྱི་རྣམ་པ་གསུམ་པ་གང་ ལགས་པ་དེ་དགྲ་བཅོམ་པ་ཉིད་ཐོབ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཀྱང་སྐྱེ་བ་མ་མཆིས་པས་ཇི་ལྟར་ཐོབ་པར་འགྱུར། བསྒྲུབ་པ་ཉིད་དེའི་སྐྱེ་བ་ལགས་པར་ནི། བཅོམ་ལྡན་འདས་ཀྱིས་བཀའ་ མ་སྩལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་སྐྱེ་བ་ལས་དང་ཉོན་མོངས་པའི་དབང་གིས་འགྱུར་བར་ནི་ང་མི་འདོགས་ཀྱི། དེའི་སྐྱེ་བ་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པ་དང་ཡོངས་སུ་བསྔོས་པའོ་ ཞེས་ང་འདོགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཐོག་མ་ཉིད་ནས་བཟང་པོའི་བྱེ་བྲག་དོན་དུ་གཉེར་ཞིང་ བཟང་པོའི་བྱེ་བྲག་ཉིད་ཐོབ་པར་འགྱུར་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་པ་རླབས་པོ་ཆེ་དང་། ཆེ་བའི་ལྷག་པའི་བསམ་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ བསམ་པ་རླབས་པོ་ཆེ་ནི་གང་ལགས། ཆེ་བའི་ལྷག་པའི་བསམ་པ་ཉིད་ནི་གང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། འཇིག་རྟེན་སྐྱོང་བ་ཉིད་དང་། འཁོར་ལོས་སྒྱུར་བ་ཉིད་ཐམས་ཅད་དང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་དོན་དུ་གཉེར་བ་མ་ཡིན་གྱི། དེ་དག་ལ་མི་ཆགས་ཤིང་མི་འཛིན་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་རླབས་ 36-1-169a པོ་ཆེའོ། །བྱང་ཆུབ་སེམས་དཔའ་རྣམས་འདི་ལྟ་སྟེ། འདུ་བྱེད་ཡོངས་སུ་མི་གཏོང་བས། དེ་ལ་མ་ཆགས་པའི་བདེ་བ་དང་འཛིན་པ་མེད་པའི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བ་སེམས་ཅན་ཐམས་ཅད་དང་ཐུན་ མོང་དུ་བྱ་བར་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་གང་ཡིན་པ་འདི་ནི་དེ་དག་གི་ཆེ་བ་ཉིད་ཀྱི་ལྷག་པའི་བསམ་པར་བལྟ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བྱང་ཆུབ་སེམས་དཔའི་བསླབ་པ་ནི་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས་རིགས་ ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཆོས་ངོ་མཚར་རྨད་དུ་བྱུང་བ་རྣམས་ལ་སློབ་པར་འཚལ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཞེས་བྱ་སྟེ། བརྒྱད་བཅུ་རྩ་གསུམ་པའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་བརྒྱད་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགའ་དང་གུས་དང་དད་པའི་མཆོག་ ནི་ཉེར་གཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། ། མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་བསྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ 36-1-169b ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང་། ། མངོན་སུམ་བྱས་ནས་བསླབས་པ་ཇི་བཞིན་སྟོན་བྱེད་དེ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་ དམིགས། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་སྐྲག་མེད་པ། །བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མ་ཡིན། །དེ་ ཆོས་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་གཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་འཐོབ། །ཇི་ལྟར་ཀུན་དུ་རྒྱུ་བ་བཟོ་སྦྱངས་ཤེས་པ་ཡིས། །དམིགས་མེད་ཕུང་པོ་རྣམ་པར་འཇིག་པ་འབྱུང་བ་ལྟར། །བྱང་ ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཆོས་ཤེས་པ། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །ཡང་འདི་ཤེས་རབ་འདི་ནི་གང་ཡིན་སུ་ཡི་ཡིན། །གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་པར་རྟོག །ཉེ་བར་བརྟགས་ནས་ ཞུམ་པ་མེད་ཅིང་སྐྲག་མེད་པ། །བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཉེ་བ་ཡིན། །གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་། །ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་སྤྱོད་བྱེད་ཅིང་། །ཕུང་འདི་སྟོང་ཞེས་རྟོག་ན་འང་བྱང་ཆུབ་ སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །གང་ཞིག་གཟུགས་མིན་ཚོར་མིན་འདུ་ཤེས་སེམས་པ་མིན། །རྣམ་པར་ཤེས་ལ་མི་སྤྱོད་གནས་པ་མེད་པར་སྤྱོད། །དེ་ནི་སྤྱོད་ཅེས་བྱ་བར་མི་དམིགས་ཤེས་རབ་བརྟན། ། སྐྱེ་མེད་བློ་ལྡན་ཏིང་འཛིན་ཞི་བ་མཆོག་ལ་རེག །བྱང་ཆུབ་སེམས་གང་དེ་ལྟར་འདིར་བདག་ཞིར་གནས་པ། །དེ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ལུང་བསྟན་ཡིན། །བདག་ནི་མཉམ་པར་གཞག་ཅེ་འམ་ལངས་ཤེས་རློམ་སེམས་མེད། ། 36-1-170a ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །དེ་ལྟར་སྤྱོད་ན་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། །དེས་ནི་སྤྱོད་མེད་སྤྱོད་པ་ཡིན་པར་རབ་ཤེས་ཕྱིར། །ཆོས་གང་སྤྱོད་པ་དེ་ཡང་དམིགས་པར་མི་འགྱུར་ཏེ། །འདི་ནི་ཤེས་ རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བརྟགས་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་ འབྱུང་། །གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །དགེ་བའི་བཤེས་དང་ལྡན་ཞིང་ལྷག་ མཐོང་ལྡན་གྱུར་པ། །རྒྱལ་བ་རྣམས་ཀྱི་ཡུམ་ཐོས་སྐྲག་པར་ཡོང་མི་འགྱུར། །གང་ཞིག་སྡིག་པའི་གྲོགས་ལྡན་གཞན་གྱི་དྲིང་འཇོག་པ། །དེ་ནི་སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན། །ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། ། ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག །དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་བོ། །ཅི་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང་། །སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་སེམས་དཔའ་ཆེན་པོ་ཞེས་ནི་རབ་བརྗོད་དོ། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་ མཆོག་ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །དཔེར་ན་སྒྱུ་མ་མཁན་གྱིས་བཞི་མདོར་སྤྲུལ་བྱས་ཏེ། །སྐྱེ་བོ་ཕལ་ཆེན་མགོ་མང་བྱེ་བ་གཅོད་བྱེད་པའི། ། གསད་བྱ་དེ་དག་ཅི་འདྲ་དེ་ལྟར་བྱང་ཆུབ་སེམས། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །གཟུགས་དང་འདུ་ཤེས་ཚོར་བ་དང་ནི་སེམས་པ་དང་། །རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་ཡོད་པ་མིན། །དེ་ལྟར་བྱང་ཆུབ་ལ་ 36-1-170b འཇུག་ཞུམ་པའི་སེམས་མེད་པ། །འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག །ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། ། དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །གང་ཞིག་ཞོན་ནས་ཕྱོགས་སུ་འགྲོ་བ་དམིགས་སུ་མེད། །མྱ་ངན་འདས་པར་འགྲོ་བར་གསུངས་པ་འགྲོ་མི་དམིགས། །དཔེར་ན་མི་ཤི་དེ་ཡིས་འགྲོ་རྒྱུ་མེད་པ་བཞིན། །རྒྱུ་དེས་དེ་ ནི་མྱ་ངན་འདས་ཞེས་རབ་ཏུ་བརྗོད། །བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟར་བྱུང་བར་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་ མཆོག་སྤྱོད་པ་ཡིན། །བྱང་ཆུབ་སེམས་དཔའ་མཁས་རིག་གང་གི་དུས་ཀྱི་ཚེ། །སྐྱེ་མེད་རྣམ་པར་བསམས་ཏེ་འདི་ལྟར་སྤྱོད་བྱེད་ཅིང་། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་ སྤྱོད་པ་ཡིན། །གལ་ཏེ་སེམས་ཅན་འདུ་ཤེས་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་བྱ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་ སྤྱོད་མ་ཡིན། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ། འཇིག་རྟེན་དག་ན་ཆོས་མིང་ཇི་སྙེད་ཡོངས་བརྗོད་པ། །ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས་སྤངས་ནས། །ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞན་མེད་འཐོབ། །དེ་ཕྱིར་འདི་ནི་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ། །བྱང་ཆུབ་སེམས་ དཔའ་གང་ཞིག་དོགས་མེད་དེ་ལྟར་སྤྱོད། །ཤེས་རབ་ལྡན་ཏེ་མཉམ་ཉིད་གནས་པར་ཤེས་པར་བྱ། །ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གང་ཞིག་གཟུགས་ 36-1-171a ལ་མི་གནས་ཚོར་ལ་མི་གནས་ཤིང་། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །རྟག་དང་མི་རྟག་བདེ་ དང་སྡུག་བསྔལ་སྡུག་མི་སྡུག །བདག་དང་བདག་མེད་དེ་བཞིན་ཉིད་དང་དེ་བཞིན་སྟོང་། །འབྲས་བུ་ཐོབ་དང་དགྲ་བཅོམ་ས་ལ་མི་གནས་ཤིང་། །རང་རྒྱལ་ས་དང་དེ་བཞིན་སངས་རྒྱས་སར་མི་གནས། །ཇི་ལྟར་འདྲེན་པ་འདུས་མ་བྱས་ཁམས་མི་ གནས་ཤིང་། །དེ་བཞིན་འདུས་བྱས་ལ་ཡང་མི་གནས་གནས་མེད་སྤྱོད། །དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་མེད་གནས། །གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །གང་དག་བདེ་གཤེགས་ཉན་ཐོས་ འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་འཐོབ་པར་མི་ནུས་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་ དང་། །འབྲས་བུ་ཐོབ་དང་རྐྱེན་རྒྱལ་དེ་བཞིན་འཇིག་རྟེན་མགོན། །མཁས་པ་གསལ་བས་ཐོབ་པའི་མྱ་ངན་འདས་གང་ཡིན། །དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན། །གང་ཟག་བཞི་པོ་འདི་དག་དེ་ལ་མི་སྐྲག་སྟེ། །རྒྱལ་སྲས་ བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང་། །དགྲ་བཅོམ་དྲི་མ་བསལ་ཞིང་སོམ་ཉི་སྤངས་པ་དང་། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །བྱང་ཆུབ་སེམས་དཔའ་མཁས་རིག་དེ་ལྟར་སྤྱོད་པ་ནི། །དགྲ་བཅོམ་ས་ལ་མི་ སློབ་རྐྱེན་རྟོགས་ས་ལ་མིན། །ཐམས་ཅད་མཁྱེན་ཉིད་ཆེད་དུ་སངས་རྒྱས་ཆོས་རྗེས་སློབ། །གང་ཞིག་སློབ་མི་སློབ་ལ་མི་སློབ་དེ་སློབ་ཡིན། །གཟུགས་འཕེལ་ཡོངས་སུ་ཉམས་དང་ཡོངས་སུ་གཟུང་ཕྱིར་མིན། །ཆོས་རྣམས་སྣ་ཚོགས་ ཡོངས་སུ་གཟུང་ཕྱིར་མི་སློབ་པར། །སློབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་འཛིན་ལ། །ངེས་འབྱུང་གང་ཡིན་འདི་ནི་ཡོན་ཏན་དགའ་བའི་སློབ། །གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །རྣམ་ཤེས་འདུ་ 36-1-171b ཤེས་ཚོར་དང་སེམས་པ་འདི་དག་ནི། །ཤེས་རབ་མ་ཡིན་འདི་དག་ལ་ཡང་ཤེས་རབ་མེད། །འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །དམིགས་པ་རྣམས་ཀྱི་རང་བཞིན་དེ་ནི་ཕ་མཐའ་མེད། །སེམས་ཅན་རང་བཞིན་གང་ཡིན་དེ་ ཡང་ཕ་མཐའ་མེད། །ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །འཇིག་རྟེན་མཁྱེན་པའི་ཤེས་རབ་དེ་ཡང་ཕ་མཐའ་མེད། །འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་ འགྲོ། །གང་དག་འདུ་ཤེས་བྲལ་བ་འདི་ནི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས། །གལ་ཏེ་སྟོན་པས་ཀྱང་ནི་གང་གཱའི་བྱེ་སྙེད་ཀྱི། །བསྐལ་པར་བཞུགས་ཏེ་སེམས་ཅན་ཞེས་སྒྲ་ཡོངས་བསྒྲགས་ཀྱང་། །གཟོད་ནས་དག་ པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །གང་ཚེ་ང་ནི་ཕ་རོལ་ཕྱིན་པ་མཆོག་འདི་དང་། །འཐུན་པར་སྨྲ་འགྱུར་དེ་ཚེ་སྔོན་གྱི་སྐྱེས་མཆོག་གིས། །མ་འོངས་པ་ཡི་དུས་ན་སངས་རྒྱས་འགྱུར་རོ་ཞེས། ། ང་ལུང་བསྟན་པར་གྱུར་ཅེས་རྒྱལ་བ་དེ་སྐད་གསུང་། །ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་ནི་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་ གླགས་ཀྱང་རྙེད་མི་འགྱུར། །ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གང་གཱ་ཡི། །བྱེ་མ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་ ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་གསུམ་བསྐལ་པ་འམ་དེ་བས་ལྷག་ མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་སྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་ 36-1-172a མི་ཕོད། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེ། །སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །གང་དག་འདས་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་མགོན། །རིག་སྔགས་འདི་བསླབས་སྨན་པའི་ རྒྱལ་པོ་བླ་མེད་འགྱུར། །གང་དག་ཕན་དང་སྙིང་རྗེར་བཅས་པ་སྤྱད་སྤྱོད་པ། །རིག་སྔགས་འདི་ལ་བསླབས་ནས་མཁས་པ་བྱང་ཆུབ་རེག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱ། ། ས་བོན་བཏབ་ནས་ས་ལ་གནས་ཏེ་འབྱུང་འགྱུར་བ། །ཚོགས་པ་རྙེད་ནས་རྣམ་མང་གཟུགས་དག་རྣམ་པར་སྐྱེ། །ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེ། །འཁོར་ལོས་སྒྱུར་རྒྱལ་ལམ་ གང་ནས་ནི་རྟག་འགྲོ་བ། །ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན། །གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ། །དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན་འགྲོ་བར་འགྱུར། །རྒྱལ་བས་བརྒྱ་བྱིན་དྲི་བ་ཡོངས་དྲིས་ལན་ གསོལ་པ། །གལ་ཏེ་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་གྱུར་ལ། །དེ་ཀུན་རྒྱལ་བའི་རིང་བསྲེལ་བྱུར་བུར་བལྟམ་གྱུར་ཀྱང་། །བདག་ནི་ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉིད་ལེན། །ཅི་སླད་ཅེ་ན་སྐུ་གདུང་མི་གུས་བདག་མ་ལགས། །འོན་ཀྱང་ ཤེས་རབ་ཡོངས་སུ་བསྒོས་པས་མཆོད་པར་བགྱིད། །དཔེར་ན་རྒྱལ་པོ་རྟེན་མི་རིམ་གྲོ་ཐོབ་པ་ལྟར། །སངས་རྒྱས་རིང་བསྲེལ་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་རིན་ཐང་མེད། །གབ་ཚེ་གང་དུ་ སྩལ་པ་དེ་ནི་ཕྱག་བགྱི་འོས། །དེ་ཕྱུང་གྱུར་ཀྱང་གབ་ཚེ་ལ་ནི་དགའ་བགྱིད་དེ། །ཡོན་ཏན་དེ་དག་ནོར་བུ་རིན་ཆེན་དེ་ཡི་ལགས། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས། །རྒྱལ་བ་མྱ་ངན་འདས་ཀྱང་རིང་བསྲེལ་ མཆོད་པ་བརྙེས། །དེ་ལྟས་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་འཚལ་དེས། །ཤེས་རབ་ཕ་རོལ་ཕྱིན་བླང་འདི་ནི་ཐར་པ་ལགས། །སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་ 36-1-172b བཞིན་ནོ། །དགེ་ཆོས་ཆུད་མི་གཟན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །དཔེར་ན་འཛམ་བུའི་གླིང་ན་ཤིང་རྣམས་བྱེ་བ་སྟོང་། །རྣམ་པ་སྣ་ཚོགས་རྣམ་པ་དུ་མ་གཟུགས་མང་བ། ། གྲིབ་མར་གྱུར་པའི་གྲངས་སུ་བརྗོད་པ་མ་གཏོགས་པར། །གྲིབ་མ་སྣ་ཚོགས་མེད་ཅིང་བྱེ་བྲག་ཡོད་མ་ཡིན། །དེ་བཞིན་རྒྱལ་བའི་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་པའི་མིང་ཉིད་ཐོབ་པར་འགྱུར། །ཐམས་ཅད་མཁྱེན་པ་ཉིད་ཕྱིར་ ཡོངས་སུ་བསྔོས་བྱས་ན། །བྱང་ཆུབ་ཅེས་བྱར་དྲུག་པོ་འདི་ཀུན་རོ་གཅིག་འགྱུར། །བྱང་ཆུབ་སེམས་དཔའ་གལ་ཏེ་རབ་ཏུ་མི་ཤེས་བཞིན། །གཟུགས་དང་འདུ་ཤེས་ཚོར་དང་སེམས་པ་རྣམ་པར་ཤེས། །མི་རྟག་ཡོངས་སུ་སྟོན་པ་བཅོས་ ལ་སྤྱོད་པ་སྟེ། །མཁས་པ་ནམ་ཡང་ཆོས་རྣམས་འཇིག་པར་མི་བྱེད་དོ། །གང་ལ་གཟུགས་མིན་ཚོར་མིན་འདུ་ཤེས་མི་དམིགས་ཤིང་། །རྣམ་པར་ཤེས་པ་མ་ཡིན་སེམས་པ་མི་དམིགས་ལ། །ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དུ་རབ་ ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ལ་ལས་གང་གཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་དུ་རྣམ་པར་གྲོལ་ལ་རེག །རང་ རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་ཆུབ་རེག །མྱུ་གུ་མེད་པར་འཇིག་རྟེན་སྡོང་འབྱུང་ཡོང་མེད་ན། །དེ་ལ་ཡལ་འདབ་མེ་ཏོག་འབྲས་བུ་ག་ལ་འབྱུང་། །བྱང་ཆུབ་སེམས་མེད་རྒྱལ་འབྱུང་འཇིག་རྟེན་ཡོང་མེད་ན། །འབྲས་བུ་ བརྒྱ་བྱིན་ཚངས་པ་ཉན་ཐོས་ག་ལ་འབྱུང་། །ཉི་མའི་དཀྱིལ་འཁོར་གང་ཚེ་འོད་ཀྱི་དྲ་བ་འགྱེད། །དེ་ཚེ་སེམས་ཅན་ལས་བྱེད་བརྩོན་པ་དེ་བཞིན་དུ། །མཁས་པ་ཤེས་ཕྱིར་འཇིག་རྟེན་བྱང་ཆུབ་སེམས་བྱུང་ན། །ཡེ་ཤེས་ཀྱིས་ནི་སེམས་ 36-1-173a ཅན་ཡོན་ཏན་ཆོས་དང་ལྡན། །དཔེར་ན་མ་དྲོས་མཚོ་ལ་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་ འགྱུར། །དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་དུ་ག་ལ་འབྱུང་། །ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། ། འཇིག་རྟེན་འདི་ན་སྣང་བྱེད་སྲོག་ཆགས་ཇི་སྙེད་པ། །ཀུན་གྱིས་སྣང་བར་བྱ་ཕྱིར་འོད་རྣམས་ཕྱུང་བ་བས། །ཉི་མའི་དཀྱིལ་འཁོར་འོད་ཟེར་གཅིག་ཕྱུང་ཆེས་མཆོག་སྟེ། །སྣང་བྱེད་ཚོགས་ཀྱི་འོད་རྣམས་ཀུན་གྱིས་ཆར་མི་ཕོད། །ཉན་ཐོས་ ཚོགས་རྣམས་ཇི་སྙེད་སྦྱིན་དང་ཚུལ་ཁྲིམས་དང་། །བསྒོམ་དང་རབ་ཏུ་ལྡན་པའི་བསོད་ནམས་ཚོགས་སྐྱེད་པའང་། །བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་སེམས་གཅིག་ལ། །ཉན་ཐོས་ཚོགས་ཀྱི་བསོད་ནམས་ཕུང་པོས་ ཆར་མི་ཕོད། །འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་། །ཞིང་མང་མཐའ་ཡས་བྱེ་སྟོང་དག་ན་གང་བཞུགས་དང་། །གང་ཡང་མྱ་ངན་འདས་པ་འཇིག་རྟེན་མགོན་པོ་རྣམས། །སྡུག་བསྔལ་ཟད་པར་བྱ་ཕྱིར་རིན་ཆེན་ ཆོས་སྟོན་པ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་ དང་། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་ཞིང་། །འགྲོ་བའི་དོན་རྒྱུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། ། ཡོངས་བསྔོ་གལ་ཏེ་སེམས་སུ་འདུ་ཤེས་འབྱུང་འགྱུར་ཞིང་། །བྱང་ཆུབ་འདུ་ཤེས་ཡོངས་བསྔོ་སེམས་ཅན་འདུ་ཤེས་ན། །འདུ་ཤེས་ཕྱིར་ན་ལྟ་གནས་སེམས་ནི་གསུམ་ལ་ཆགས། །དམིགས་པ་ཡོད་པས་ཡོངས་སུ་བསྔོ་བར་ 36-1-173b ཆུད་མ་ཡིན། །གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང་། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །གལ་ཏེ་ མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཇི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །དེ་ལྟས་འདི་ལྟར་ཡོངས་ སུ་བསྔོ་བ་བསླབ་བྱ་སྟེ། །ཇི་ལྟར་རྒྱལ་བ་དེ་དག་དགེ་བ་དེ་མཁྱེན་པའི། །རྣམ་པ་གང་ཡིན་འབྱུང་གང་མཚན་ཉིད་གང་ཡིན་ལ། །རྗེས་སུ་ཡིད་རང་དེ་ལྟ་དེ་ལྟར་ཡོངས་སུ་བསྔོ། །དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་བསྔོ་བྱེད་ན། ། དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུངས་པ་སྨྲ། །དེ་ལྟར་ཡོངས་བསྔོ་དཔའ་བོས་འཇིག་རྟེན་དམིགས་ཅན་གྱི། །བྱང་ཆུབ་སེམས་དཔའ་ཇི་སྙེད་ཐམས་ཅད་ཟིལ་གྱིས་གནོན། །དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་ རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། ། དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ། །ཇི་སྲིད་མིག་མ་བྲིས་པས་རྔན་པ་མི་ཐོབ་བཞིན། །གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་ པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །གལ་ཏེ་བདག་ནི་རྒྱལ་བའི་ཤེས་རབ་སྤྱད་བྱ་ཞིང་། །སེམས་ཅན་སྡུག་ བསྔལ་རེག་པ་ཁྲག་ཁྲིག་མང་དགྲོལ་སེམས། །སེམས་ཅན་འདུ་ཤེས་ཡོངས་རྟོག་བྱང་ཆུབ་སེམས་དཔའ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཆད་སྤྱོད་པའི་ཚེ། 36-1-174a ཕ་རོལ་ཕྱིན་འདིར་སྤྱོད་པ་མཁས་པ་སོམ་ཉི་མེད། །ཐོས་མ་ཐག་ཏུ་དེས་ནི་སྟོན་པའི་འདུ་ཤེས་བསྐྱེད། །དེས་ནི་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར། །སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང་། །རྒྱལ་བའི་ ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་ དད་པར་གྱིས། །དཔེར་ན་ཚོང་པ་རིན་ཆེན་གླིང་དུ་སོང་ནས་ནི། །ཟོང་ཟད་སླར་ལོག་ལྟ་བུར་གྱུར་ན་མི་རུང་ངོ་། །གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། ། ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་གཅད་དུ་མེད། །དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བ་ འང་མིན། །ཉོན་མོངས་བསལ་བར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །དགའ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམ། ། འགྲོ་བ་འཁྲུལ་པ་རི་དགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །སྤྱོད་པ་ཡོངས་དག་གང་ཞིག་གཟུགས་ལ་མི་སྤྱོད་ཅིང་། །རྣམ་ཤེས་འདུ་ཤེས་ཚོར་བ་སེམས་པར་མི་སྤྱོད་ན། །དེ་ལྟར་སྤྱོད་ པ་ཆགས་པ་ཐམས་ཅད་ཡོངས་སྤོང་ཞིང་། །ཆགས་ལས་རྣམ་གྲོལ་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །ཆགས་པ་བཅད་ནས་འགྲོ་ལ་ཆགས་པ་མེད་པར་འགྲོ། ། ཉི་མ་སྒྲ་གཅན་གཟའ་བྲལ་ལྷ་ངེར་འདུག་པ་དང་། །མེ་བཏང་རྩྭ་དང་ཤིང་དང་ནགས་ཚལ་བསྲེག་པ་བཞིན། །ཆོས་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། ། 36-1-174b བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། །བྱང་ཆུབ་སེམས་དཔའ་ཤེས་རབ་སྤྱོད་པ་ཇི་ལྟར་བརྩོན། །ཕུང་པོ་ཁམས་ ལ་རྡུལ་ཙམ་བརྩོན་པར་མི་བྱེད་ཅིང་། །ཕུང་པོར་མི་བརྩོན་དེ་ནི་བྱང་ཆུབ་སེམས་དཔའི་བརྩོན། །གང་ཞིག་ཆོས་འདི་སྤྲུལ་དང་སྒྱུ་མ་འདྲར་ཐོས་ནས། །སོམ་ཉི་མེད་ཅིང་སློབ་ལ་ཕྱིར་ཞིང་སྤྱོད་བྱེད་པ། །སེམས་ཅན་དེ་ནི་རིང་ནས་ཐེག་ཆེན་ ཞུགས་རིག་བྱ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་ལ་ལྷག་བྱས་ཡིན། །དགོན་པའི་ལམ་ནི་དཔག་ཚད་མང་པོར་ཞུགས་པའི་མིས། །གནག་རྫི་མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་མཐོང་ནས། །འདི་དག་གྲོང་དང་གྲོང་ཁྱེར་ཉེ་བར་ བརྟགས་སྙམ་སྟེ། །དབུགས་ཕྱིན་རྙེད་པར་འགྱུར་ཞིང་ཆོམ་ཀུན་འཇིགས་པ་མེད། །དེ་བཞིན་བྱང་ཆུབ་ཡོངས་སུ་ཚོལ་ཚེ་རྒྱལ་རྣམས་ཀྱི། །ཤེས་རབ་ཕ་རོལ་ཕྱིན་འདི་མཉན་པ་གང་ཐོབ་པ། །དེ་ནི་དབུགས་ཕྱིན་ཐོབ་པར་གྱུར་ཅིང་འཇིགས་ མེད་དེ། །དགྲ་བཅོམ་ས་ལ་མ་ཡིན་རྐྱེན་རྟོགས་ས་ལ་མིན། །མི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་ཕྱིར་འགྲོ་བ་ཡིས། །གལ་ཏེ་ཤིང་དང་ནགས་ཚལ་རི་མཐོང་ད་དུང་རིང་། །ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་པོ་ནི། །ཉེ་བར་གྱུར་ཏོ་སྙམ་སྟེ་དེ་ལ་ སོམ་ཉི་མེད། །དེ་ལྟར་བྱང་ཆུབ་དམ་པར་རབ་ཞུགས་རྒྱལ་བ་ཡིས། །ཤེས་རབ་ཕ་རོལ་ཕྱིན་འདི་མཉན་པར་རིག་པར་བྱ། །རྣམ་པར་འདྲེན་པས་མངོན་སུམ་ལུང་བསྟན་མ་གྱུར་ཀྱང་། །སངས་རྒྱས་བྱང་ཆུབ་རིང་པོར་མི་ཐོགས་བདག་རེག་ འགྱུར། །དཔྱིད་དུས་བཟང་ལ་སྡོང་པོ་ལོ་མ་ལྷགས་གྱུར་ན། །ཡལ་གས་རིང་པོར་མི་ཐོགས་ལོ་འབྲས་མེ་ཏོག་བསྐྲུན། །ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་འདྲེན་པ་རྣམས་ཀྱི་བྱང་ཆུབ་ཐོབ། །དཔེར་ན་ བུད་མེད་སྦྲུམ་གང་སྡུག་བསྔལ་ཉེན་གྱུར་ན། །དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་ཉན། །དགའ་དང་འདུན་པ་སྐྱེད་པ་མྱུར་དུ་བྱང་ཆུབ་རེག །ཤེས་རབ་ཕ་རོལ་ཕྱིན་མཆོག་ 36-1-175a སྤྱོད་ཚེ་རྣལ་འབྱོར་པ། །གཟུགས་ཀྱི་འཕེལ་བ་དང་ནི་ཡོངས་སུ་འགྲིབ་མི་མཐོང་། །གང་ཞིག་ཆོས་དང་ཆོས་མིན་ཆོས་དབྱིངས་མི་མཐོང་ཞིང་། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །གང་ཞིག་འདིར་སྤྱོད་ སངས་རྒྱས་ཆོས་རྣམས་མི་རྟོག་སྟེ། །སྟོབས་དང་རྫུ་འཕྲུལ་རྐང་པ་བྱང་ཆུབ་ཞི་མི་རྟོག །རྣམ་པར་མི་རྟོག་རྟོག་བྲལ་བྱིན་གྱི་རླབས་ཀྱིས་སྤྱོད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་རབ་ འབྱོར་ཞུས། །ཡོན་ཏན་དགའ་བ་རྣམས་ཀྱི་བར་དུ་གཅོད་གང་ལགས། །སྟོན་པས་བཀའ་སྩལ་བར་དུ་གཅོད་པར་འགྱུར་མང་སྟེ། །དེ་ལས་རེ་ཤིག་ཅུང་ཟད་ཙམ་ཞིག་ཡོངས་སུ་བརྗོད། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་འབྲི་ཚེ། ། སྤོབས་པ་ཐ་དད་རྣམ་པ་དུ་མ་འབྱུང་འགྱུར་ཞིང་། །འགྲོ་བའི་དོན་མ་བྱས་པར་གློག་བཞིན་མྱུར་དུ་ཡང་། །ཡོངས་སུ་ཉམས་པར་འགྱུར་བ་འདི་ནི་བདུད་ཀྱི་ལས། །འདི་བཤད་ཚེ་ན་ཁ་ཅིག་སོམ་ཉི་ཟ་འགྱུར་ཏེ། །འདྲེན་པས་ འདིར་ནི་བདག་གི་མིང་ཡང་ཡོངས་མ་བརྗོད། །རིགས་དང་ས་དང་རུས་ཀྱང་ཡོངས་སུ་མ་བརྗོད་ཅེས། །འདི་ནི་ཉན་པར་མི་འགྱུར་སྤོང་འགྱུར་བདུད་ཀྱི་ལས། །དེ་ལྟར་མི་ཤེས་དེ་དག་རྩ་བ་བོར་ནས་ནི། །རྨོངས་པས་ཡལ་ག་ དག་དང་འདབ་མ་ཚོལ་བར་འགྱུར། །གླང་པོ་རྙེད་ནས་གླང་པོའི་རྗེས་ནི་ཚོལ་བ་ལྟར། །ཤེས་རབ་ཕ་རོལ་ཕྱིན་ཐོས་མདོ་ཚོལ་དེ་བཞིན་ནོ། །དཔེར་ན་ལ་ལས་རོ་བརྒྱ་ལྡན་པའི་ཟས་རྙེད་ལ། །ཟས་མཆོག་རྙེད་ནས་ཟས་ངན་ ཚོལ་བར་བྱེད་པ་ལྟར། །བྱང་ཆུབ་སེམས་དཔའ་ཕ་རོལ་ཕྱིན་པ་འདི་རྙེད་ནས། །དགྲ་བཅོམ་ས་ཡིས་བྱང་ཆུབ་ཚོལ་བྱེད་དེ་བཞིན་ནོ། །སྟི་སྟང་འདོད་པར་འགྱུར་ཞིང་རྙེད་པ་འདོད་འགྱུར་དང་། །ལྟ་དང་བཅས་པའི་སེམས་ཀྱིས་ཁྱིམ་འདྲིས་ བྱེད་ལྡན་ཞིང་། །ཆོས་བཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བ། །ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས། །གང་དག་དེ་ཡི་ཚེ་ན་འདུན་ཅིང་དད་གྱུར་ནས། །ཆོས་ཀྱི་དམ་པ་འདི་ནི་ཉན་དུ་སོང་བ་ལས། །དེ་དག་གིས་ནི་ 36-1-175b ཆོས་སྨྲ་བྱ་བ་ལྡན་རིག་ནས། །དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་འགྲོ། །དེ་ཡི་ཚེ་ན་བདུད་ཀྱི་ལས་འདི་འབྱུང་བར་འགྱུར། །དེ་ཚེ་གང་དག་གིས་ནི་དགེ་སློང་མང་དཀྲུགས་ནས། །ཤེས་རབ་ཕ་རོལ་ཕྱིན་འདི་འཛིན་པར་མི་ འགྱུར་བའི། །བར་དུ་གཅོད་པ་རྣམ་མང་གཞན་ཡང་འབྱུང་བར་འགྱུར། །རིན་ཆེན་རིན་ཐང་མེད་པ་རྙེད་འགྱུར་གང་དག་ཡིན། །དེ་དག་དཀོན་ལ་དུས་རྣམས་རྟག་ཏུ་འཚེ་བའང་མང་། །དེ་བཞིན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་ མཆོག །རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པ། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། ། ཕྱོགས་བཅུའི་སངས་རྒྱས་དེ་དག་ཡོངས་སུ་འཛིན་ལ་སྦྱོར། །མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་ གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད། །གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང་། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་འབྱུང་། །འཇིག་རྟེན་སྟོན་པ་རྒྱལ་བ་རྣམས་ཀྱི་བསྐྱེད་བྱེད་ ཡུམ། །སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པ་སྟོན་པར་བྱེད། །འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་ དེ་བཞིན་ཉིད། །ཤེས་རབ་ཕ་རོལ་ཕྱིན་པ་དེ་བཞིན་གཤེགས་པས་མཁྱེན། །མཁས་པ་འཇིག་རྟེན་གནས་སམ་མྱ་ངན་འདས་ཀྱང་རུང་། །ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདི་གནས་ཏེ། །བྱང་ཆུབ་སེམས་ དཔས་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེ་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཤེས་རབ་ཕ་རོལ་ཕྱིན་པ་དགའ་ཚལ་ལ་རྟེན་པ། །སྟོབས་བཅུ་རྣམ་འདྲེན་རྣམས་ཀྱི་སྤྱོད་ཡུལ་འདི་ཡིན་ཏེ། ། 36-1-176a སེམས་ཅན་སྡུག་བསྔལ་ངན་སོང་གསུམ་ལས་ཡོངས་འདོན་ཀྱང་། །དེ་དག་ནམ་ཡང་སེམས་ཅན་འདུ་ཤེས་འགྱུར་བ་མེད། །དཔེར་ན་སེང་གེ་རི་སུལ་བརྟེན་ནས་འཇིགས་མེད་པར། །རི་དགས་ཕྲ་མོ་མང་སྐྲག་བྱེད་ཅིང་ སྒྲ་སྒྲོགས་ལྟར། །མི་ཡི་སེང་གེ་ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །མུ་སྟེགས་ཅན་མང་སྐྲག་བྱེད་འཇིག་རྟེན་སྒྲ་ཡང་སྒྲོགས། །དཔེར་ན་ནམ་མཁར་གནས་པའི་ཉི་མའི་འོད་ཟེར་ནི། །ས་འདི་སྐེམས་པར་བྱེད་ཅིང་གཟུགས་ ཀྱང་རབ་ཏུ་སྟོན། །དེ་བཞིན་ཆོས་རྒྱལ་ཤེས་རབ་ཕ་རོལ་ཕྱིན་བརྟེན་པ། །སྲེད་པའི་ཆུ་ཀླུང་སྐེམས་ཤིང་ཆོས་ཀྱང་རབ་ཏུ་སྟོན། །གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། ། ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ ཆོས་ཀུན་མཐོང་། །རྒྱལ་པོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད་ལྟར། །སངས་རྒྱས་མཛད་དང་ཉན་ཐོས་ཆོས་རྣམས་ཇི་སྙེད་པ། །དེ་དག་ཐམས་ཅད་ཤེས་རབ་ཕ་རོལ་ཕྱིན་པ་བྱེད། །རྒྱལ་པོ་གྲོང་དུ་མི་འགྲོ་ ཡུལ་འཁོར་མི་འགྲོ་ལ། །རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །བྱང་ཆུབ་སེམས་དཔའ་ཆོས་ཉིད་གང་དུའང་མི་འགྲོ་ལ། །སངས་རྒྱས་ས་ཡི་ཡོན་ཏན་གང་ཡིན་ཐམས་ཅད་བསྡུད། །གང་ལ་ བདེ་གཤེགས་བྱང་ཆུབ་སེམས་དཔའ་དད་བརྟན་ཡོད། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལ་བསམ་སྦྱོར་བ། །ཉན་ཐོས་རང་རྒྱལ་ས་གཉིས་ཤིན་དུ་འདས་བྱས་ནས། །ཟིལ་གྱིས་མི་ནོན་རྒྱལ་བའི་བྱང་ཆུབ་མྱུར་ 36-1-176b དུ་ཐོབ། །དཔེར་ན་རྒྱ་མཚོར་འཇུག་པའི་གྲུ་ནི་ཆག་གྱུར་ལ། །མི་གང་རོ་འམ་རྩྭ་འམ་ཤིང་ནི་མི་འཛིན་པ། །ཆུ་དབུས་འཇིག་པར་འགྱུར་ཏེ་ངོགས་སུ་ཕྱིན་མི་འགྱུར། །གང་ཞིག་འཛིན་པ་རྒྱ་མཚོའི་ཕ་རོལ་ཕྱིན་པར་འགྱུར། །དེ་ལྟར་དད་ལྡན་ དད་པ་ཐོབ་པ་གང་ཞིག་ནི། །ཤེས་རབ་ཕ་རོལ་ཕྱིན་ཡུམ་རྗེས་སུ་མི་འཇུག་མིན། །དེ་དག་ཐབས་ཀྱི་ཡོན་ཏན་ཤེས་རབ་ཡོངས་ཟིན་ན། །མཆོག་ཏུ་རྨད་བྱུང་བདེ་གཤེགས་བྱང་ཆུབ་མྱུར་དུ་རེག །དཔེར་ན་ལ་ལས་རྫ་སོ་མ་ བཏང་ཆུ་སྐྱེད་ན། །ཉམ་ཆུང་ཕྱིར་ནི་མྱུར་དུ་འཇིག་པར་རིག་པར་བྱ། །སོ་བཏང་བུམ་པར་ཆུ་སྐྱེད་ལམ་དུ་འཇིག་པ་ཡི། །འཇིགས་པ་མེད་ཅིང་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་དད་པ་ མང་གྱུར་ཀྱང་། །ཤེས་རབ་རྣམ་པར་ཉམས་ན་མྱུར་དུ་མ་རུང་འགྱུར། །དད་པས་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་ན། །ས་གཉིས་ཤིན་དུ་འདས་ཏེ་བྱང་ཆུབ་མཆོག་ཐོབ་འགྱུར། །དཔེར་ན་བཅོས་ལེགས་མ་བྱས་ གྲུ་ནི་རྒྱ་མཚོའི་ནང་། །ནོར་དང་བཅས་ཤིང་ཚོང་པར་བཅས་ཏེ་འཇིག་པར་འགྱུར། །གྲུ་དེ་ལེགས་པར་བཅོས་ལེགས་བྱས་དང་ལྡན་གྱུར་ན། །མི་འཇིག་ནོར་དང་བཅས་པར་ངོགས་སུ་ཕྱིན་པར་གྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་ དད་པས་ཡོངས་བསྒོས་ཀྱང་། །ཤེས་རབ་མེད་ན་བྱང་ཆུབ་ལས་ནི་མྱུར་ཉམས་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལྡན་ན། །མ་སྨས་མ་ཉམས་རྒྱལ་བའི་བྱང་ཆུབ་རེག་པར་འགྱུར། །ལོ་བརྒྱ་ཉི་ཤུ་ལོན་ཏེ་རྒས་ཤིང་ སྡུག་བསྔལ་མི། །ལངས་ཀྱང་བདག་ཉིད་འགྲོ་བར་ནུས་པ་མ་ཡིན་ཏེ། །དེ་ནི་གཡས་གཡོན་གཉིས་ནས་མི་ཡིས་རྟེན་བྱས་ན། །འགྱེལ་བའི་འཇིགས་པ་མེད་ཅིང་བདེ་བླག་འགྲོ་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་ ཤེས་རབ་སྟོབས་ཆུང་བ། །རབ་ཏུ་ཞུགས་པར་གྱུར་ཀྱང་རབ་ཏུ་ཉམས་པར་འགྱུར། །དེ་ཉིད་ཐབས་མཁས་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །བྱང་ཆུབ་སེམས་ 36-1-177a དཔའ་དང་པོའི་ལས་ཀྱི་སར་གནས་གང་། །ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ། །སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། །སྦྱིན་དང་ཚུལ་ ཁྲིམས་བཟོད་དང་དེ་བཞིན་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བྱང་ཆུབ་ཡོངས་སུ་བསྔོ་བར་གྱིས། །བྱང་ཆུབ་ཕུང་པོར་ཞེན་ནས་མཆོག་འཛིན་མ་བྱེད་ཅིག །དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ། །དེ་ལྟར་ སྤྱོད་པ་ལེགས་འཚོ་སྨྲ་བའི་ཟླ་བ་རྣམས། །འགྲོ་བའི་སྐྱབས་དང་དཔུང་གཉེན་དང་ནི་གནས་ཡིན་ཏེ། །རྟེན་དང་བློ་དང་གླིང་དང་ཡོངས་འདྲེན་དོན་འདོད་པ། །གསལ་བྱེད་སྒྲོན་མ་ཆོས་མཆོག་སྨྲ་བ་མི་འཁྲུགས་ཡིན། །གྲགས་ཆེན་ ལྡན་རྣམས་བྱ་དཀའ་གོ་ཆ་གྱོན་བྱེད་དེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་གོ་ཆ་མིན། །ཐེག་གསུམ་འདུ་ཤེས་བྲལ་ཞིང་ཡོངས་སུ་བཟུང་བ་མེད། །མི་ལྡོག་གཡོ་བ་མེད་ཅིང་མི་འཁྲུགས་ཆོས་ཅན་ཡིན། །དེ་དག་འདི་འདྲའི་ ཆོས་དང་ལྡན་ཞིང་སྤྲོས་པ་མེད། །ཐེ་ཚོམ་སོམ་ཉི་ཡིད་གཉིས་བྲལ་ཞིང་དོན་དང་ལྡན། །ཤེས་རབ་ཕ་རོལ་ཕྱིན་པ་ཐོས་ནས་མི་ནུར་བ། །གཞན་གྱི་དྲིང་མི་འཇོག་ཅིང་མི་ལྡོག་རིག་པར་བྱ། །འདྲེན་པ་རྣམས་ཀྱི་ཆོས་འདི་ ཟབ་སྟེ་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེར་ལྡན་བྱང་ཆུབ་བརྙེས་ནས་ནི། །སེམས་ཅན་ཚོགས་སུ་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་ 36-1-177b བ་ཡིན། །ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་དང་། །དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་ཕྱོགས་ཕ་མཐའ་ཡས། །སྟེང་དང་འོག་དང་ཕྱོགས་བཅུའི་ཇི་སྙེད་རྣམས་ནའང་ཡོད། །ཐ་དད་གྱུར་པ་མེད་ཅིང་བྱེ་བྲག་ གྱུར་པ་མེད། །འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་ མེད། །བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་གྱུར་པ། །འདི་ནི་བྱང་ཆུབ་སེམས་དཔའ་གང་ཞིག་ཐོབ་འདོད་པ། །ཐབས་དང་ལྡན་པས་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར། །འདྲེན་པའི་ཤེས་རབ་མེད་ན་ཐོབ་པར་ འགྱུར་མ་ཡིན། །བྱ་ཞིག་ལུས་ཆེ་དཔག་ཚད་བརྒྱ་རྩ་ལྔ་བཅུ་པར། །གྱུར་ལ་འདབ་གཤོག་ཟད་དེ་ཉམ་རྩལ་ཡོད་མིན་ན། །དེ་ཡིས་སུམ་བཅུ་རྩ་གསུམ་གནས་ནས་འཛམ་གླིང་འདིར། །བདག་ཉིད་མཆོངས་ན་དེར་ནི་ ཉམ་ཉེས་གྱུར་པ་ཡིན། །རྒྱལ་བ་རྣམས་ཀྱི་ཕ་རོལ་ཕྱིན་པ་ལྔ་འདི་ཡང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བསྒྲུབས་བྱས་ཤིང་། །སྨོན་ལམ་མཐའ་ཡས་རྒྱ་ཆེན་འཇིག་རྟེན་རྟག་བསྟེན་ཀྱང་། །ཐབས་མེད་ཤེས་ རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་། །སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང་། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང་། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་བརྟུལ་བྱ་ ཞིང་། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །འཇིག་རྟེན་མགོན་ལ་གནས་བརྟན་རབ་འབྱོར་ཡོངས་ཞུས་པ། །ཡོན་ཏན་རྒྱ་མཚོ་ཉོན་མོངས་མ་མཆིས་རྟགས་བསྟན་གསོལ། །མཐུ་ཆེ་བ་དག་ཇི་ལྟར་ སླར་ལྡོག་མི་འགྱུར་བ། །དེ་ལྟར་ཡོན་ཏན་ཕྱོགས་ཙམ་རྒྱལ་བས་ལུང་བསྟན་གསོལ། །ཐ་དད་འདུ་ཤེས་བྲལ་ཞིང་རིགས་པ་ལྡན་ཚིག་སྨྲ། །དགེ་སྦྱོང་དག་དང་བྲམ་ཟེ་གཞན་ལ་རྟེན་མི་བྱེད། །མཁས་པས་དུས་ 36-1-178a རྣམས་རྟག་ཏུ་ངན་སོང་གསུམ་པོ་སྤངས། །དེ་དག་དགེ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན། །ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་རྗེས་སུ་སྟོན། །ཆོས་ལ་གཅིག་ཏུ་དགའ་ཞིང་རྟག་ཏུ་ཚིག་འཇམ་ལྡན། །འགྲོ་ འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །གཙང་བྱས་གཙང་མའི་གོས་འཆང་གསུམ་པོ་དབེན་ཞིང་དག །རྙེད་འདོད་མ་ཡིན་ཁྱུ་མཆོག་རྟག་ཏུ་ཆོས་འདོད་པ། ། བདུད་ཀྱི་ཡུལ་ལས་འདས་ཤིང་གཞན་གྱི་དྲིང་མི་འཇོག །བསམ་གཏན་བཞི་ལ་བསམ་གཏན་བསམ་གཏན་དེར་མི་གནས། །གྲགས་པ་འདོད་པ་མ་ཡིན་ཁྲོ་བས་སེམས་དཀྲིས་མེད། །ཁྱིམ་པར་གྱུར་ཀྱང་རྟག་ཏུ་དངོས་པོ་ཀུན་མ་ཆགས། ། འཚོ་བའི་ཕྱིར་ནི་ཡ་ངས་ལོངས་སྤྱོད་ཚོལ་མི་བྱེད། །དྲག་ཤུལ་སྤྱོད་སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན། །འདོད་པའི་ལས་ཅན་ཕོ་མོར་འགྱུར་ཞེས་སྟོན་མི་བྱེད། །རབ་ཏུ་དབེན་པའི་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། ། འཐབ་དང་རྩོད་དང་བྲལ་ཞིང་བྱམས་པའི་སེམས་ཀྱང་བརྟན། །ཀུན་མཁྱེན་འདོད་ཅིང་བརྟན་ལ་རྟག་ཏུ་གཞོལ་སེམས་ལྡན། །མཐའ་འཁོབ་ཀླ་ཀློའི་སྐྱེ་བོའི་ཡུལ་མཐའ་རྣམ་པར་སྤངས། །རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་ འདྲ། །ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །མི་ལྡོག་རྟགས་ནི་འདི་དག་ཡིན་པར་ཤེས་པར་བྱ། །གཟུགས་དང་ཚོར་དང་འདུ་ཤེས་སེམས་པ་རྣམ་ཤེས་རྣམས། །ཟབ་སྟེ་རང་བཞིན་མཚན་མ་མེད་ཅིང་རབ་ ཞི་བ། །དཔེར་ན་མདའ་ཡིས་རྒྱ་མཚོའི་གཏིང་ཐུག་ཚོལ་བ་ལྟར། །ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཟབ་གྱུར་ཅིང་། །ཐེག་པ་དོན་དམ་ཆགས་མེད་གང་ལ་ཕུང་པོ་དང་། ། ཁམས་དང་སྐྱེ་མཆེད་ཡོད་མིན་ཆོས་འདི་རྟོགས་པ་དེའི། །བསོད་ནམས་ཡང་དག་གྲུབ་པ་དེ་ལས་ཅི་ཞིག་ཡོད། །དཔེར་ན་འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག །བུད་མེད་དུས་བཏབ་དེ་དང་མ་ཕྲད་དེ་ཡི་ནི། ། 36-1-178b ཉིན་ཅིག་སེམས་ཀྱི་རྣམ་རྟོག་སྤྱོད་པ་ཇི་སྙེད་པ། །དེ་སྙེད་བསྐལ་པའི་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་གང་ཞིག་བསྐལ་མང་བྱེ་སྟོང་དུ། །དགྲ་བཅོམ་རང་རྒྱལ་སྦྱིན་བྱེད་ཚུལ་ཁྲིམས་སྲུང་བྱེད་ཀྱང་། ། གང་ཞིག་ཤེས་རབ་ཕ་རོལ་ཕྱིན་མཆོག་ལྡན་པའི་ཆོས། །བརྗོད་པའི་ལེགས་ལ་སྦྱིན་དང་ཚུལ་ཁྲིམས་ཆར་མི་ཕོད། །བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ ཅིང་། །དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །བསོད་ནམས་དེ་ཡང་གསོག་དང་དེ་བཞིན་སྟོང་པ་དང་། །གསོབ་དང་ཡ་མ་རླ་དང་སྙིང་པོ་མེད་པར་ཤེས། །དེ་ལྟར་བདེ་གཤེགས་ རྣམས་ཀྱི་ཤེས་རབ་སྤྱད་སྤྱོད་ན། །སྤྱོད་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན། །སངས་རྒྱས་ཀྱིས་བཤད་རབ་ཏུ་སྦྱར་ཅིང་རབ་བསྟན་པའི། །ཆོས་འདི་ཐམས་ཅད་བརྗོད་པ་ཙམ་དུ་ཟད་ཤེས་ནས། །བསྐལ་པ་བྱེ་བ་ཁྲག་ཁྲིག་ མང་པོར་བརྗོད་བྱས་ཀྱང་། །ཆོས་ཀྱི་དབྱིངས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །རྒྱལ་བ་རྣམས་ཀྱི་ཕ་རོལ་ཕྱིན་ཅེས་བྱ་བ་གང་། །ཆོས་དེ་རྣམས་ཀྱང་མིང་ཙམ་དུ་ནི་ཡོངས་སུ་བསྒྲགས། །ཡོངས་བསྔོ་རློམ་སེམས་མེད་པའི་བྱང་ ཆུབ་སེམས་དཔའ་ནི། །ཉམས་པ་མེད་ཅིང་སངས་རྒྱས་བྱང་ཆུབ་མཆོག་རེག་འགྱུར། །འབྲུ་མར་སྙིང་པོ་འབར་བ་ཕྲད་པ་དང་པོ་ཡིས། །སྙིང་པོ་ཚིག་མིན་དེ་མེད་པར་ཡང་དེ་མི་ཚིག །མེ་ལྕེ་ཕྲད་པ་ཐ་མས་སྙིང་པོ་ཚིག་མིན་ལ། །མེ་ ལྕེ་ཐ་མ་མེད་པར་སྙིང་པོ་ཚིག་མིན་ལྟར། །དང་པོའི་སེམས་ཀྱིས་བྱང་ཆུབ་མཆོག་རེག་མ་ཡིན་ལ། །དེ་མེད་པར་ཡང་དེ་ལ་རེག་པར་ནུས་མ་ཡིན། །ཐ་མའི་སེམས་ཀྱིས་བྱང་ཆུབ་ཞི་བ་ཐོབ་མིན་ལ། །དེ་མེད་པར་ཡང་དེ་ཐོབ་ ནུས་པ་མ་ཡིན་ནོ། །ས་བོན་ལས་ནི་མྱུ་གུ་མེ་ཏོག་འབྲས་བུ་འབྱུང་། །དེ་ཡང་འགགས་ལ་ཤིང་ཡང་མེད་པ་དེར་མིན་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །དེ་ཡང་འགགས་ལ་བྱང་ཆུབ་མེད་པ་དེ་མ་ཡིན། ། 36-1-179a ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་ འགྱུར། །སྟོང་པ་མཚན་མེད་སྨོན་པ་མེད་པའི་ཆོས་སྤྱོད་ཅིང་། །མྱ་ངན་འདས་ལ་མི་རེག་མཚན་མར་མི་སྤྱོད་པ། །དཔེར་ན་མཉན་པ་མཁས་པ་ཕར་འགྲོ་ཚུར་འགྲོ་ཡང་། །མཐའ་གཉིས་མི་གནས་རྒྱ་མཚོར་གནས་པ་མེད་པ་བཞིན། ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་བདག །སྟོབས་བཅུས་ལུང་བསྟན་བྱང་ཆུབ་རེག་འགྱུར་རློམ་སེམས་མེད། །འདི་ལ་ཅི་ཡང་མེད་ཅེས་བྱང་ཆུབ་སྐྲག་པ་མེད། །དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། ། འཇིག་རྟེན་དགོན་པའི་ལམ་དང་མུ་གེ་ནད་བཅས་པར། །མཐོང་ནས་སྐྲག་པ་མེད་ཅིང་དེ་ནས་གོ་གྱོན་ཏེ། །ཕྱི་མའི་མུ་མཐར་རྟག་ཏུ་བརྩོན་ཞིང་རབ་ཤེས་ནས། །ཡོངས་སུ་སྐྱོ་བའི་ཡིད་ནི་རྡུལ་ཙམ་སྐྱེད་མི་བྱེད། །བྱང་ཆུབ་སེམས་དཔའ་ རྒྱལ་བའི་ཤེས་རབ་སྤྱོད་བྱེད་ཅིང་། །ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །དཔེར་ན་སྐྱེས་བུ་ མཁས་པ་ཡོན་ཏན་ཀུན་ལྡན་ཞིང་། །སྟོབས་ལྡན་མི་ཐུབ་བརྩོན་བྱས་སྒྱུ་རྩལ་ཆོ་ག་ཤེས། །འཕོང་དང་བཟོ་གནས་མང་པོའི་ཕ་རོལ་ཕྱིན་གྱུར་ཅིང་། །སྒྱུ་མ་སྒྲུབ་ཤེས་འགྲོ་དོན་རབ་ཏུ་འདོད་པ་ཞིག །ཕ་དང་མ་དང་ཆུང་མར་བཅས་ པར་ཡོངས་བསྡུས་ནས། །དགྲ་བྱེད་མང་བ་དགོན་པའི་ལམ་དུ་ཕྱིན་པ་དང་། དེ་ཡིས་དཔའ་ཞིང་རྟུལ་ཕོད་སྐྱེས་བུ་མང་སྤྲུལ་ཏེ། །བདེ་བར་སོང་ཞིང་ཕྱིར་ཡང་ཁྱིམ་དུ་འོང་བ་ལྟར། །དེ་བཞིན་དེ་ཚེ་བྱང་ཆུབ་སེམས་དཔའ་མཁས་པ་ ཡང་། །སེམས་ཅན་ཁམས་རྣམས་ཀུན་དུ་སྙིང་རྗེ་ཆེར་བསྐྱེད་ཅིང་། །བདུད་བཞི་དག་དང་ས་གཉིས་ལས་ཀྱང་རབ་འདས་ནས། །ཏིང་འཛིན་མཆོག་ལ་གནས་ཤིང་བྱང་ཆུབ་རེག་མི་བྱེད། །མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་རྟེན། ། 36-1-179b དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་འདི་དག་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དེ་འདྲ་སྟེ། །ནམ་མཁའ་གང་ལ་གནས་ཡིན་དོན་འདི་བསམ་པར་གྱིས། །དེ་བཞིན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་གནས་པ། །འགྲོ་ལ་སེམས་ཅན་ ཤེས་པའི་སྨོན་ལམ་རྟེན་ཅན་གྱིས། །བྱ་བ་རྣམ་པ་སྣ་ཚོགས་དུ་མ་སྟོན་བྱེད་ཅིང་། །མྱ་ངན་འདས་ལ་མི་རེག་སྟོང་པར་གནས་པ་མེད། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །སྟོང་པ་ཞི་བའི་ཏིང་འཛིན་དམ་པ་འདི་སྤྱོད་ པ། །བར་སྐབས་དེར་ནི་མཚན་མ་རབ་ཏུ་སྒོམ་མི་བྱེད། །མཚན་མ་མེད་པར་གནས་ཤིང་ཞི་ལ་རབ་ཞི་སྤྱོད། །བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་ཏེ། །དེ་ན་གནས་པ་མ་ཡིན་ས་ལ་ལྟུང་མི་འགྱུར། །དེ་ལྟར་བྱང་ཆུབ་སེམས་ དཔའ་རྣམ་ཐར་སྒོར་སྤྱོད་པ། །མྱ་ངན་འདས་ལ་མི་རེག་མཚན་མར་སྤྱོད་མ་ཡིན། །དཔེར་ན་འཕོང་བསླབས་སྐྱེས་བུས་གནམ་དུ་མདའ་འཕངས་ཏེ། །མདའ་གཞན་དག་གིས་ཕྱི་བཞིན་བརྒྱུད་མར་ལོངས་བཏགས་ཏེ། །སྔ་མའི་མདའ་དེ་ ས་ལ་ལྟུང་བའི་སྐབས་མི་འབྱེད། །མི་དེ་འདོད་ན་མདའ་དེ་ས་ལ་ལྟུང་བར་འགྱུར། །དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་སྤྱོད་པ། །ཤེས་རབ་ཐབས་སྟོབས་རྫུ་འཕྲུལ་གྱིས་ནི་རྣམ་སྤྱོད་པ། །དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པ། །དེ་ སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །དཔེར་ན་དགེ་སློང་རྫུ་འཕྲུལ་སྟོབས་མཆོག་ལྡན་པ་ཞིག །ནམ་མཁར་གནས་ཏེ་ཅིག་ཆར་ཆོ་འཕྲུལ་རྣམ་པར་འཕྲུལ། །འགྲོ་དང་འཆག་པ་དང་ནི་ཉལ་དང་འདུག་པ་སྟོན། །དེ་ནི་སྐྱོ་བ་མེད་ཅིང་དེ་ལ་དུབ་པ་ མེད། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་སྟོང་གནས་ཤིང་། །ཡེ་ཤེས་རྫུ་འཕྲུལ་ཕ་རོལ་སོན་ལ་གནས་པ་མེད། །འགྲོ་བ་དག་ལ་བྱ་བ་རྣམ་པ་མཐའ་ཡས་སྟོན། །བསྐལ་པ་བྱེ་བར་སྐྱོ་བ་མེད་ཅིང་དུབ་པ་མེད། །དཔེར་ན་མི་འགའ་ གཡང་ས་ཆེན་པོར་འདུག་བྱེད་ཅིང་། །ལག་པ་གཉི་གས་གདུགས་གཉིས་འཛིན་ཅིང་ནམ་མཁའ་ལ། །འཕྱོང་བར་བྱེད་ཅིང་གཡང་ས་ཆེན་པོར་ལུས་བོར་ནས། །ལྟུང་བར་མི་འགྱུར་ཇི་སྲིད་དེར་ནི་འགྲོ་བར་འགྱུར། །དེ་བཞིན་བྱང་ཆུབ་སེམས་ 36-1-180a དཔའ་མཁས་པ་སྙིང་རྗེར་གནས། །ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་བཟུང་སྟེ། །ཆོས་རྣམས་སྟོང་པ་མཚན་མེད་སྨོན་པ་མེད་རྟོག་ཅིང་། །མྱ་ངན་འདས་ལ་རེག་པ་མེད་ལ་ཆོས་ཀྱང་མཐོང་། །དཔེར་ན་རིན་ཆེན་འདོད་པ་རིན་ ཆེན་གླིང་སོང་སྟེ། །རིན་ཆེན་རྙེད་ནས་ཕྱིར་ཡང་ཁྱིམ་དུ་འོང་འགྱུར་བ། །དེར་ནི་དེད་དཔོན་འབའ་ཞིག་བདེ་བར་འཚོ་བྱེད་ཅིང་། །གཉེན་བཤེས་ཚོགས་ཡིད་མི་བདེར་འཇོག་པ་མིན་པ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་སྟོང་ཉིད་རིན་ཆེན་གྱི། །གླིང་ དུ་སོང་སྟེ་བསམ་གཏན་དབང་པོ་སྟོབས་ཐོབ་པ། །མྱ་ངན་འདས་ལ་རེག་པ་འབའ་ཤིག་མངོན་དགའ་ཞིང་། །སེམས་ཅན་སྡུག་བསྔལ་ཡིད་དུ་འཇོག་པར་འགྱུར་མ་ཡིན། །དཔེར་ན་དོན་གཉེར་ཚོང་པ་རྒྱུས་ཤེས་བྱ་བའི་ཕྱིར། །བར་གྱི་གྲོང་ཁྱེར་གྲོང་ བརྡལ་གྲོང་གང་ཡིན་པར་འགྲོ། །དེར་ཡང་མི་གནས་རིན་ཆེན་གླིང་དུའང་མི་གནས་ལ། །རིག་པ་ཁྱིམ་དུ་མི་གནས་ལམ་ལ་མཁས་པར་འགྱུར། །དེ་བཞིན་བྱང་ཆུབ་སེམས་དཔའ་གསལ་ཏེ་ཉན་ཐོས་དང་། །རང་རྒྱལ་རྣམས་ཀྱི་ཤེས་པ་རྣམ་ གྲོལ་ཀུན་ལ་མཁས། །དེ་ལ་མི་གནས་སངས་རྒྱས་ཡེ་ཤེས་གནས་མ་ཡིན། །འདུས་མ་བྱས་ལ་མི་གནས་ལམ་གྱི་ཚུལ་ཤེས་ཡིན། །གང་ཚེ་འགྲོ་ལ་བྱམས་པས་རྗེས་སུ་འབྲེལ་བྱས་ནས། །ཏིང་འཛིན་སྟོང་པ་མཚན་མེད་སྨོན་པ་ མེད་སྤྱོད་པ། །དེ་ནི་མྱ་ངན་འདས་པ་ཐོབ་པར་འགྱུར་ཞེ་འམ། །འདུས་བྱས་ཡིན་པར་གདགས་ནུས་དེ་ནི་གནས་མེད་དོ། །དཔེར་ན་སྤྲུལ་པའི་མི་ལུས་མི་སྣང་མ་ཡིན་ཞིང་། །དེ་ནི་མིང་གིས་ཀྱང་ནི་གདགས་པར་ནུས་པ་ལྟར། །དེ་ བཞིན་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །དེ་ནི་མིང་གིས་ཀྱང་ནི་གདགས་པར་ནུས་མ་ཡིན། །གལ་ཏེ་སྤྱོད་པ་དང་ནི་དབང་པོ་ཡོངས་དྲིས་ལ། །བྱང་ཆུབ་སེམས་དཔའ་སྟོང་པ་མཚན་མ་མེད་པའི་ཆོས། །ཡོངས་སུ་ མི་སྟོན་ཕྱིར་མི་ལྡོག་པ་ས་ཡི་ཆོས། །མི་འཆད་དེ་ནི་ལུང་མ་བསྟན་པར་རིག་པར་བྱ། །དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། །ཁམས་གསུམ་དག་ལ་རྨི་ལམ་ན་ཡང་མི་འདོད་ཅིང་། །སངས་རྒྱས་རྣམས་མཐོང་འགྲོ་ལ་ 36-1-180b ཆོས་ཀྱང་སྟོན་བྱེད་པ། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་གནས་མཐོང་། །སྐད་ཅིག་དེ་ལ་ངན་སོང་རྒྱུན་གཅོད་སྨོན་ལམ་འདེབས། །བདེན་པའི་བྱིན་གྱི་རླབས་ཀྱིས་མེ་ཡི་ ཕུང་པོ་ཞི། །དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །མི་ཡི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པའི་བདེན་པའི་བྱིན་གྱིས་ཞི། །འོན་ཀྱང་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་མེད་པ། །དེ་ནི་མི་ ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཅི་སྟེ་དེ་ནི་བདེན་པའི་བྱིན་རླབས་སྣ་ཚོགས་དག །འབྱོར་པས་བདག་ལུང་བསྟན་སྙམ་རློམ་སེམས་འབྱུང་བ་འམ། །གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱིས་ལུང་བསྟན་རློམ། །རློམ་སེམས་གནས་ པ་དེ་ནི་བློ་ཆུང་ཤེས་པར་བྱ། །མིང་གི་གཞི་ལས་བདུད་ནི་ཉེ་བར་འོངས་གྱུར་ནས། །འདི་སྐད་སྨྲས་ཏེ་འདི་ནི་ཁྱོད་དང་ཕ་མ་དང་། །ཁྱོད་ཀྱི་བདུན་མེས་རྒྱུད་ཀྱི་བར་གྱི་མིང་ཡིན་ཞིང་། །གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན། །སྦྱངས་ སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་འབྱུང་འགྱུར་ལ། །ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲའོ་ཞེས་བརྗོད་དོ། །དེ་སྐད་གང་ཐོས་རློམ་སེམས་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་རིག་པར་བྱ། །རབ་ཏུ་དབེན་པའི་ གྲོང་དང་གྲོང་ཁྱེར་རི་སུལ་དང་། །དགོན་པ་དབེན་པ་ནགས་ཁྲོད་རབ་ཏུ་བསྟེན་བྱེད་ཅིང་། །བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་རིག་པར་བྱ། །རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་ གནས་བྱེད་ཅིང་། །སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས་པར། །དེ་ནི་དགྲ་བཅོམ་རང་རྒྱལ་འདོད་པ་གཞན་མི་སྐྱེ། །འདི་ནི་བདེ་བར་གཤེགས་ཀྱི་སྲས་ཀྱིས་དབེན་པར་གསུངས། །གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། ། སྦྲུལ་གྱིས་གང་བར་ལོ་མང་བྱེ་བར་གནས་བྱེད་ཀྱང་། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའང་། །ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། །བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་བརྩོན་བསམ་གཏན་དང་། །སྟོབས་དང་དབང་ 36-1-181a པོ་རྣམ་ཐར་ཏིང་འཛིན་ཐོབ་དེ་ལ། །འདི་ནི་དགོན་དབེན་སྤྱོད་པ་མིན་སྙམ་བརྙས་བྱེད་པ། །དེ་ནི་བདུད་ཀྱི་སྤྱོད་ཡུལ་གནས་ཤེས་རྒྱལ་བས་གསུངས། །གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་། །ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ ཆུབ་མཆོག་ངེས་ན། །འདི་ནི་འགྲོ་དོན་ཞུགས་པ་རྣམས་ཀྱི་དབེན་པ་སྟེ། །བྱང་ཆུབ་སེམས་དཔའ་དྲོད་སྙམ་དེ་ནི་བདག་ཉིད་ཉམས། །དེ་ལྟ་བས་ན་བྱང་ཆུབ་དམ་པ་ཚོལ་བ་ཡིས། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ ཀྱི་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན། །དེ་དག་རྗེས་སུ་སྟོན་བྱེད་ འདི་ནི་བསྒྲུབ་པའི་ས། །རྒྱུ་རྣམ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས། །རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཕ་རོལ་ཕྱིན་འདི་བྱང་ཆུབ་མཆོག་ལ་ཞུགས་རྣམས་ཀྱི། ། གསལ་དང་སྒྲོན་དང་སྣང་དང་སྟོན་མཆོག་ཡིན་ཞེས་བཤད། །ཇི་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཚན་ཉིད་སྟོང་། །ཆོས་འདི་ཐམས་ཅད་མཚན་ཉིད་དེ་དང་འདྲར་ཤེས་ཤིང་། །ཆོས་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན། །དེ་ལྟར་སྤྱོད་པ་བདེ་ གཤེགས་ཤེས་རབ་སྤྱོད་པ་ཡིན། །སེམས་ཅན་ཡོངས་སུ་རྟོག་པ་ཟས་ལ་འདོད་བྱེད་ཅིང་། །འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་བསླང་བ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་རྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་རྟག་སྐྱེ་ཞིང་འཆི། །ཇི་ལྟར་ འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། །འདི་ལ་གང་ཡང་ཉོན་མོངས་རྣམ་དག་འགྱུར་མེད་པར། །བྱང་ཆུབ་སེམས་དཔས་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། །འཛམ་བུའི་གླིང་ན་སེམས་ཅན་ 36-1-181b ཇི་སྙེད་མ་ལུས་པ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ། །ཀུན་ཀྱང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ཡང་། །གང་ཞིག་ཤེས་རབ་ཕ་རོལ་ཕྱིན་མཆོག་མངོན་བརྩོན་པ། །ཐ་ན་ཉི་མ་གཅིག་ཅིག་རྗེས་སུ་ འཐུན་བྱེད་ན། །དེ་ལ་སྦྱིན་པའི་ཕུང་པོས་བསོད་ནམས་ཆར་མི་ཕོད། །དེ་ཕྱིར་གཡེལ་མེད་རྟག་ཏུ་ཤེས་རབ་འཇུག་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པའི་རྣལ་འབྱོར་པ། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །དེ་ཚེ་མཁས་པ་འགྲོ་བ་ཀུན་ གྱི་སྦྱིན་གནས་འགྱུར། །རྟག་ཏུ་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངས་སུ་སྤྱོད། །བྱང་ཆུབ་སེམས་དཔའ་གང་འདིར་ཡུན་རིང་འབྲེལ་བ་ཡི། །ལྷ་མི་ངན་སོང་གསུམ་གྱི་སེམས་ཅན་དགྲོལ་བའི་ཕྱིར། །ལམ་ཡངས་ཕ་རོལ་སེམས་ཅན་ཁམས་ལ་སྟོན་ འདོད་པས། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་ལ་བརྩོན་པར་བྱ། །མི་ཞིག་སྔོན་ཆད་མ་རྙེད་པ་ཡི་རིན་ཆེན་མཆོག །དུས་གཞན་ཞིག་ན་རྙེད་པར་གྱུར་ཏེ་དགའ་བ་ལས། །རྙེད་མ་ཐག་ཏུ་བག་མེད་གྱུར་ཏེ་སྟོར་ན་ནི། །སྟོར་བས་རིན་ཆེན་མངོན་འདོད་རྟག་ཏུ་ སྡུག་བསྔལ་ལོ། །དེ་ལྟར་བྱང་ཆུབ་མཆོག་ཞུགས་རིན་ཆེན་ལྟ་བུ་ཡི། །ཤེས་རབ་ཕ་རོལ་ཕྱིན་ལ་རྣལ་འབྱོར་དོར་མི་བྱ། །རིན་ཆེན་རྙེད་ནས་བླངས་ཏེ་རབ་ཏུ་བརྩོན་དཀྲིས་ནས། །མྱུར་དུ་འགྲོ་བར་བྱེད་པ་ཞི་བར་འགྱུར་བ་བཞིན། །ཉི་མ་སྤྲིན་དང་བྲལ་བའི་འོད་ ཟེར་དྲ་བ་ཅན། །མུན་ནག་ཐིབས་པོ་མུན་པ་ཐམས་ཅད་འཇོམས་འཆར་བ། །སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། །སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ ཕྱིན། །མཆོག་སྤྱོད་སྟོང་པ་དང་ནི་མཚན་མ་མེད་སྤྱོད་པ། །མཁས་པས་ལྟ་བའི་ཐིབས་པོ་བཅོམ་ནས་འགྲོ་ཀུན་དང་། །དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན། །དཔེར་ན་རྒྱལ་པོའི་བུ་ཞིག་ནོར་གཏོང་དོན་འདོད་པ། །ཀུན་ གྱི་གཙོ་བོར་གྱུར་ཏེ་མངོན་པར་འགྲོ་བྱ་འོས། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་དགའ་བྱེད། །ཐབས་ཐོབ་གྱུར་ཏེ་རྒྱལ་སྲིད་གནས་ནས་སྨོས་ཅི་དགོས། །དེ་ལྟར་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །བདུད་རྩི་སྦྱིན་པར་བྱེད་ཅིང་ 36-1-182a ལྷ་དང་མི་རྣམས་དགའ། །འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ནས་སྨོས་ཅི་དགོས། །དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམ་ཆུང་། ། ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིད་ནུར་འགྱུར་ཞེས། །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་སྲེག་ཅིང་སྐར་མདའ་གཏོང་། །གང་ཚེ་མཁས་པ་དེ་དག་བསམ་པ་དྲག་ལྡན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་དོན་ལྟ། །དེ་ཚེ་ལུས་ སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །གང་ཚེ་བྱང་ཆུབ་སེམས་དཔའ་འཐབ་དང་རྩོད་གྱུར་ཅིང་། །ཕན་ཚུན་མི་མཐུན་ཁྲོས་པའི་སེམས་དང་ལྡན་གྱུར་པ། །དེ་ཚེ་བདུད་ནི་དགའ་ཞིང་ མཆོག་ཏུ་ཉམས་བདེར་འགྱུར། །དེ་གཉིས་རྒྱལ་བའི་ཡེ་ཤེས་ལས་ནི་རིང་འགྱུར་སྙམ། །དེ་གཉིས་རིང་དུ་འགྱུར་ཞིང་ཤ་ཟ་འདྲ་བར་འགྱུར། །གཉི་ག་རང་གི་དམ་བཅས་ཉམས་པར་བྱེད་པར་འགྱུར། །སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ ཡོད། །དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར། །ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐབ་རྩོད་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། ། དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་བགོས་སོ། །སངས་རྒྱས་བཟོད་པའི་ཕ་རོལ་ཕྱིན་པས་བྱང་ཆུབ་རེག །སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང་། །སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་སྡོམ་བྱེད་ལ། །དགའ་བར་མི་བྱེད་ དེ་ནི་སངས་རྒྱས་ཆོས་འདིར་སློབ། །གང་ཞིག་སློབ་ཚེ་བསླབ་པ་གང་ཡང་ཁས་མི་ལེན། །སློབ་པ་པོ་དང་བསླབ་པའི་ཆོས་རྣམས་མི་དམིགས་ཤིང་། །བསླབ་དང་བསླབ་པ་མ་ཡིན་འདི་གཉིས་མི་རྟོག་པ། །དེ་ལྟར་གང་སློབ་དེ་ནི་སངས་རྒྱས་ ཆོས་འདིས་སློབ། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟའི་བསླབ་འདི་ཤེས། །དེ་ནི་གཞར་ཡང་བསླབ་ཉམས་ཚུལ་ཁྲིམས་འཆལ་མི་འགྱུར། །དེ་ནི་སངས་རྒྱས་ཆོས་མཉེས་བྱ་ཕྱིར་འདི་ལ་སློབ། །དེ་ནི་བསླབ་ལྷག་བསླབ་ལ་མཁས་ 36-1-182b ཏེ་དམིགས་པ་མེད། །མཁས་པ་འོད་བྱེད་རྣམས་ཀྱི་ཤེས་རབ་དེ་ལྟར་སློབ། །དགེ་བ་མ་ཡིན་སེམས་གཅིག་ཙམ་ཡང་བསྐྱེད་མི་བྱེད། །ཉི་མ་མཁའ་ལ་འགྲོ་བའི་ཟེར་གྱིས་ཟིལ་གནོན་པའི། །མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། ། ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པ་བྱས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་འགྱུར། །འཇིག་ཚོགས་ལྟ་བར་ལྟ་བ་དྲུག་བཅུ་གཉིས་འདུས་ལྟར། །དེ་བཞིན་ཕ་རོལ་ཕྱིན་པ་འདི་དག་འདུས་པར་གསུངས། །དཔེར་ན་སྲོག་ གི་དབང་པོ་འགགས་ན་དབང་པོ་གཞན། །གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགག་པར་འགྱུར། །དེ་ལྟར་ཤེས་རབ་སྤྱོད་པ་མཁས་པ་མཆོག་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་གསུངས། །བྱང་ཆུབ་སེམས་ མཁས་ཉན་ཐོས་ཡོན་ཏན་གང་དག་དང་། །དེ་བཞིན་རང་རྒྱལ་ཡོན་ཏན་ཀུན་ལ་སློབ་བྱེད་ཅིང་། །དེ་དག་དེ་ལ་མི་གནས་འདོད་པ་མི་བསྐྱེད་དེ། །འདི་ནི་བདག་གིས་བསླབ་བྱ་ཡིན་སྙམ་དེ་ཕྱིར་སློབ། །མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་ པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །དགེ་བ་དོན་གཉེར་ཕན་འདོད་སེམས་ཅན་ཇི་སྙེད་པ། །ཀུན་གྱི་བསོད་ ནམས་ཕུང་པོ་ལ་ཡང་ཡི་རང་འགྱུར། །དེ་ཕྱིར་དེ་དག་རྒྱལ་བའི་ཡོན་ཏན་ཐོབ་གྱུར་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འཇིག་རྟེན་ཆོས་སྦྱིན་བྱེད། །བྱང་ཆུབ་སེམས་དཔའ་གང་ཞིག་མི་རྟོག་ཆོས་རྣམས་ཀུན། །སྟོང་དང་མཚན་མ་ མེད་དང་སྤྲོས་མེད་ཡོངས་ཤེས་པ། །དེ་ནི་ཤེས་རབ་གཉིས་ཀྱིས་བྱང་ཆུབ་ཚོལ་མི་བྱེད། །རྣལ་འབྱོར་པ་དེ་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། །ནམ་མཁའི་ཁམས་དེ་དང་ནི་ནམ་མཁའ་དེར་འགལ་བ། །ཡོད་པ་མ་ཡིན་གང་གིས་ཀྱང་ནི་ དེ་མ་ཐོབ། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །ནམ་མཁའ་ལྟ་བུ་ཡིན་ཏེ་ཉེ་བར་ཞི་བ་སྤྱོད། །སྐྱེ་བོའི་དབུས་ན་སྒྱུ་མའི་སྐྱེས་བུ་འདི་སྙམ་དུ། །སྐྱེ་བོ་འདི་མགུ་བྱ་སྙམ་མི་སེམས་དེ་ཡང་བྱེད། །རྫུ་འཕྲུལ་སྣ་ 36-1-183a ཚོགས་རབ་ཏུ་སྟོན་པར་བྱེད་མཐོང་ཡང་། །དེ་ལ་ལུས་མེད་སེམས་མེད་མིང་ཡང་ཡོད་མ་ཡིན། །དེ་བཞིན་ཤེས་རབ་སྤྱོད་པ་ནམ་ཡང་འདི་སྙམ་དུ། །བྱང་ཆུབ་རྟོགས་ནས་འགྲོ་བ་ཡོངས་སུ་དགྲོལ་མི་སེམས། །སྐྱེ་བ་སྣ་ཚོགས་ དང་ནི་བྱ་བ་མང་ལྡན་པ། །སྒྱུ་མ་ལྟ་བུ་སྟོན་ཀྱང་རྣམ་པར་མི་རྟོག་སྤྱོད། །དཔེར་ན་སངས་རྒྱས་སྤྲུལ་པ་སངས་རྒྱས་མཛད་པ་བྱེད། །བྱེད་པ་དེ་ལ་དྲེགས་པ་ཅུང་ཟད་སྐྱེ་མི་འགྱུར། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། ། སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། །ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ ཤེས་བྱ་བ་ཐམས་ཅད་བྱེད། །དེ་ལྟར་སྤྱོད་མཁས་རྣམས་ལ་ལྷ་ཚོགས་མང་པོ་དག །ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་པའང་། །ཡོན་ཏན་བསྔགས་པའི་ཕྲེང་ བ་ཡོངས་སུ་བརྗོད་པར་མཛད། །གང་གཱའི་ཀླུང་མཉམ་ཞིང་ན་སེམས་ཅན་ཇི་སྙེད་པ། །དེ་ཀུན་ཡོངས་སུ་བརྟག་པ་བཟུང་སྟེ་བདུད་གྱུར་ལ། །བ་སྤུ་ཉག་རེ་ལས་ཀྱང་དེ་སྙེད་སྤྲུལ་བྱས་ཀྱང་། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། ། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་ བྱིན་རླབས་ཅན། །དེ་བཞིན་གཤེགས་ཡུམ་ཤེས་རབ་ཕ་རོལ་ཕྱིན་པ་འདི། །འཆད་ཚེ་བྱང་ཆུབ་སེམས་དཔའ་གང་ཞིག་མོས་བྱེད་ཅིང་། །བསམ་པ་ཐག་པས་བསྒྲུབ་པར་མངོན་པར་བརྩོན་བྱེད་ན། །དེས་པ་ཐམས་ཅད་མཁྱེན་པ་ཉིད་ལ་ ཞུགས་རིག་བྱ། །ཆོས་དབྱིངས་དེ་བཞིན་ཉིད་ལ་གནས་པར་མི་འགྱུར་ཞིང་། །དཔེར་ན་བར་སྣང་སྤྲིན་བཞིན་གནས་པ་མེད་པར་གནས། །རིག་སྔགས་འཆང་བ་གནས་མེད་མཁའ་རྒྱུ་གནས་འདོད་པ། །སྔགས་མཐུས་དུས་མིན་མེ་ཏོག་ 36-1-183b ལྡན་ཤིང་བྱིན་གྱིས་རློབ། །དེ་ལྟར་སྤྱོད་པ་བྱང་ཆུབ་སེམས་དཔའ་མཁས་གསལ་བ། །རྟོགས་པར་བྱེད་དང་སངས་རྒྱས་ཆོས་རྣམས་དམིགས་མི་འགྱུར། །འཆད་པར་བྱེད་དང་ཆོས་འདོད་ལྟ་བར་བྱེད་མི་དམིགས། །འདི་ནི་ཞི་འདོད་ཡོན་ཏན་དགའ་ བའི་གནས་པ་ཡིན། །དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། །གནས་པ་འདི་ནི་ཉན་ཐོས་རང་རྒྱལ་བཅས་པ་ཡི། །གནས་པ་ཞི་བའི་ཏིང་འཛིན་རབ་ཞི་བདེ་ལྡན་པ། །ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན། །མདབ་ཆགས་ མཁའ་ལ་གནས་ཀྱང་ལྟུང་བར་འགྱུར་མ་ཡིན། །ཉ་ནི་ཆུ་ལ་གནས་ཀྱང་འཚུབས་ཏེ་འཆི་བ་མེད། །དེ་ལྟར་བྱང་ཆུབ་སེམས་དཔའ་བསམ་གཏན་སྟོབས་དག་གིས། །ཕ་རོལ་སོན་པ་སྟོང་གནས་མྱ་ངན་འདའ་མི་འགྱུར། །སེམས་ཅན་ཀུན་ གྱི་ཡོན་ཏན་མཆོག་ཏུ་འགྲོ་བ་དང་། །སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་བྱུང་མཆོག་རེག་དང་། །ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་འདོད་གང་། །ཕན་མཛད་རྣམས་ཀྱི་གནས་མཆོག་འདི་ལ་བསྟེན་པར་གྱིས། །བསླབ་པ་འདི་ནི་འདྲེན་ པས་བསླབ་པ་ཡོངས་བརྗོད་ན། །བསླབ་པ་ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད། །མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས། །སངས་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་འདིར་སློབས། །འདི་ནི་ཆོས་གཏེར་མཆོག་དང་ ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་ཤེས། །ཤིང་དང་འབྲས་བུ་ མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་ཡང་དག་འབྱུང་ཞིང་འཐོན། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །ཡོངས་སུ་མི་ཉམས་རྣམ་པར་མི་རྟོག་སྐྱོ་བ་མེད། །སངས་རྒྱས་སྲས་དང་ཉན་ཐོས་རང་ རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཤེས་རབ་རྣམས་ཀྱང་ཟད་པ་མེད་ཅིང་འཕེལ་བ་མེད། །སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། ། 36-1-184a དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །རྐྱེན་རྣམས་ཚོགས་ནས་ལས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང་། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་ མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བས་མུན་བསྩལ་ལྟར། །མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །མཐུ་ཆེན་ལྡན་པ་བསམ་གཏན་བཞིས་ཀྱང་གནས་བྱེད་ལ། །བརྟེན་པར་བྱེད་པ་མ་ཡིན་གནས་ པར་བྱེད་པ་མེད། །འོན་ཀྱང་བསམ་གཏན་ཡན་ལག་བཅས་པ་བཞི་པོ་འདི། །བྱང་ཆུབ་དམ་པ་མཆོག་ཐོབ་པ་ཡི་རྟེན་དུ་འགྱུར། །ཤེས་རབ་མཆོག་ཐོབ་བསམ་གཏན་དག་ལ་གནས་པ་ནི། །གཟུགས་མེད་ཏིང་འཛིན་དམ་པ་བཞི་ཡང་ཉམས་ སུ་མྱོང་། །བསམ་གཏན་འདི་དག་བྱང་ཆུབ་དམ་པ་མཆོག་ལ་ཕན། །བྱང་ཆུབ་སེམས་དཔའ་ཟག་པ་ཟད་ཕྱིར་སློབ་པ་མིན། །འདི་ནི་ཡོན་ཏན་སོགས་པའི་ངོ་མཚར་རྨད་བྱུང་སྟེ། །བསམ་གཏན་ཏིང་ངེ་འཛིན་ལ་གནས་ནས་མཚན་ མ་མེད། །དེ་ལ་གནས་རྣམས་གལ་ཏེ་ལུས་ནི་ཞིག་གྱུར་ན། །བསམ་པ་ཇི་བཞིན་འདོད་པའི་ཁམས་སུ་ཡང་སྐྱེའོ། །དཔེར་ན་འཛམ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་གྱི། །ལྷ་ཡི་གྲོང་ཁྱེར་མཆོག་ཏུ་མ་ཕྱིན་ཕྱིས་སོང་སྟེ། །དེ་ན་ཡོངས་ སུ་བཟུང་བའི་ཡུལ་དེ་རྣམས་མཐོང་ནས། །ཕྱིར་འདིར་འོང་བར་གྱུར་ན་ཆགས་པར་མི་བྱེད་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡོན་ཏན་མཆོག་འཆང་བ། །རྣལ་འབྱོར་བརྩོན་ཏེ་བསམ་གཏན་ཏིང་འཛིན་ལ་གནས་ནས། །ཕྱིར་ ཡང་འདོད་པའི་ཁམས་སུ་གནས་ཏེ་ཆགས་པ་མེད། །ཆུ་ཡི་པད་མ་བཞིན་དུ་བྱིས་པའི་ཆོས་མི་གནས། །བདག་ཉིད་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་བྱ་དང་། །ཞིང་སྦྱོང་ཕ་རོལ་ཕྱིན་རྫོགས་དོན་བྱེད་ཁོ་ནར་ཟད། །བྱང་ཆུབ་ཡོན་ཏན་ཕ་ 36-1-184b རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །དཔེར་ན་མི་ཞིག་རིན་ཆེན་གཏེར་རྣམས་རྙེད་གྱུར་ནས། །དེ་ལ་འདོད་པའི་བློ་ནི་སྐྱེད་པར་མ་བྱས་ལ། །དེས་ཀྱང་དུས་གཞན་ཞིག་ན་དེ་དག་ཡོངས་བླངས་ཤིང་། ། བླངས་ནས་ཁྱིམ་དུ་སོང་སྟེ་ཆགས་པར་མི་བྱེད་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་མཁས་པ་དགའ་བ་དང་། །བདེ་སྦྱིན་བསམ་གཏན་ཏིང་འཛིན་ཞི་བ་བཞི་ཐོབ་ནས། །བསམ་གཏན་བདེ་ལྡན་བསམ་གཏན་ཏིང་འཛིན་ཐོབ་བཏང་སྟེ། །འགྲོ་ལ་ སྙིང་བརྩེར་ལྡན་པའི་ཕྱིར་ཡང་འདོད་ཁམས་འཇུག །གལ་ཏེ་བྱང་ཆུབ་སེམས་དཔའ་ཏིང་འཛིན་བསམ་གཏན་གནས། །དགྲ་བཅོམ་རང་རྒྱལ་ཐེག་པར་འདོད་པའི་བློ་བསྐྱེད་ན། །མཉམ་པར་མ་བཞག་རྒོད་ཅིང་སེམས་གཡེངས་གྱུར་པ་སྟེ། ། སངས་རྒྱས་ཡོན་ཏན་ཡོངས་ཉམས་མཉན་པ་གྲུ་ཞིག་བཞིན། །གཞན་ཡང་གཟུགས་དང་སྒྲ་དང་དེ་བཞིན་དྲི་དང་རོ། །རེག་དང་འདོད་ཡོན་ལྔ་ལ་མངོན་པར་བརྩོན་གྱུར་ཀྱང་། །དགྲ་བཅོམ་རང་རྒྱལ་ཐེག་བྲལ་བྱང་ཆུབ་སེམས་དགའ་ན། །དཔའ་བོ་ རྟག་ཏུ་མཉམ་གཞག་ཡིན་པར་ཤེས་པར་བྱ། །སེམས་ཅན་གང་ཟག་གཞན་ཕྱིར་སེམས་པ་རྣམ་དག་པ། །བརྩོན་འགྲུས་ཕ་རོལ་ཕྱིན་ལ་མངོན་བརྩོན་རྣམ་པར་སྤྱོད། །དཔེར་ན་བྲན་མོ་ཆུ་ཆུན་དབང་མེད་རྗེ་བོའི་དབང་། །དེ་བཞིན་དཔའ་རྣམས་སེམས་ ཅན་ཀུན་གྱི་དབང་གིས་འགྲོ། །སྤྱོ་བ་བྱས་སམ་འོན་ཏེ་རྟག་ཏུ་བརྡེགས་ཀྱང་རུང་། །བྲན་མོ་རྗེ་བོ་ལ་ནི་ཟློག་ཚིག་མི་སྨྲ་ཡིས། །འདི་ཡིས་བདག་ནི་བསད་པར་འགྱུར་དུ་འོང་སྙམ་ནས། །ཤིན་དུ་སྐྲག་པའི་ཡིད་ཀྱིས་འཇིགས་བཅས་ཟིལ་གྱིས་གནོན། ། དེ་བཞིན་བྱང་ཆུབ་ཆེད་དུ་བྱང་ཆུབ་མཆོག་ཞུགས་པ། །འགྲོ་བ་ཀུན་ལ་བྲན་འགྱུར་བཞིན་དུ་གནས་པར་བྱ། །འདི་ལས་བྱང་ཆུབ་ཐོབ་ཅིང་ཡོན་ཏན་རྫོགས་པར་འགྱུར། །རྩྭ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་སྲེག །བདག་གི་བདེ་བ་ བཏང་ནས་རེ་བ་མེད་སེམས་ཀྱིས། །སེམས་ཅན་གཞན་གྱི་དགོས་ལ་ཉིན་མཚན་མངོན་པར་བརྩོན། །བུ་གཅིག་པ་ལ་མ་ནི་རིམ་གྲོ་བྱེད་པ་ལྟར། །བསམ་པ་ཐག་པས་རྣམ་པར་སྐྱོ་མེད་གནས་པར་གྱིས། །བྱང་ཆུབ་སེམས་དཔའ་གང་ཞིག་ 36-1-185a ཡུན་རིང་འཁོར་འདོད་ཅིང་། །སེམས་ཅན་དོན་དང་ཞིང་སྦྱོང་བརྩོན་པའི་རྣལ་འབྱོར་པ། །སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན། །དེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན་ལྡན་གཡེལ་བ་མེད། །བྱང་ཆུབ་སེམས་དཔའ་མི་མཁས་བསྐལ་པ་བྱེ་བ་ བགྲང་། །གལ་ཏེ་རིང་བར་འདུ་ཤེས་སྡུག་བསྔལ་བྱང་ཆུབ་སྒྲུབ། །ཡང་དག་ཆོས་སྒྲུབ་བྱེད་ཚེ་ཡུན་རིང་སྡུག་བསྔལ་འགྱུར། །དེས་ནི་བརྩོན་འགྲུས་ཕ་རོལ་ཕྱིན་ཉམས་ལེ་ལོ་ཅན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་པོ་ནས་བཟུང་སྟེ། །བྱང་ཆུབ་བླ་ ན་མེད་པ་ཐོབ་པར་འགྱུར་གྱི་བར། །ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་བྱེད་ན། །མཁས་པ་གསལ་བས་བརྩོན་འགྲུས་བརྩམས་པར་རིག་པར་བྱ། །གལ་ཏེ་འགའ་ཞིག་འདི་སྐད་རི་རབ་རི་བཤིག་པའི། །རྗེས་ལ་བྱང་ཆུབ་མཆོག་ཐོབ་ འགྱུར་ཞེས་སྨྲ་བ་ལས། །ཅི་སྟེ་སྐྱོ་བའི་བློ་བསྐྱེད་ཚད་ཀྱང་སེམས་བྱེད་ན། དེ་ཚེ་བྱང་ཆུབ་སེམས་དཔའ་ལེ་ལོར་གྱུར་པ་ཡིན། །ཇི་སྟེ་དེ་ནི་འདི་ཙམ་ཚོད་ལྟ་ཅི་དཀའ་ཞེས། །སྐད་ཅིག་ཙམ་ལ་རི་རབ་ཐལ་བར་བརླག་སེམས་བསྐྱེད། །བྱང་ཆུབ་སེམས་ དཔའ་མཁས་པ་བརྩོན་འགྲུས་བརྩམས་པ་སྟེ། །རིང་པོ་མི་ཐོགས་འདྲེན་པའི་བྱང་ཆུབ་མཆོག་ཐོབ་འགྱུར། །འགྲོ་བ་ཡོངས་སུ་སྨིན་པར་བྱས་ནས་དོན་བྱ་ཞེས། །གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་བརྩོན་བྱེད་ན། །བདག་ཏུ་འདུ་ཤེས་གནས་ པས་ལེ་ལོར་གྱུར་པ་སྟེ། །ཐམས་ཅད་མཁྱེན་པ་ཉིད་ལས་རིང་འགྱུར་གནམ་ས་བཞིན། །གང་ཚེ་ལུས་དང་སེམས་དང་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་རྣམ་པར་ལོག་ནས་གཉིས་སུ་མེད་ཆོས་སྤྱོད། །འདི་ནི་བྱང་ཆུབ་ཞི་བ་མི་ཉམས་ མཆོག་འདོད་པའི། །བརྩོན་འགྲུས་ཕ་རོལ་ཕྱིན་ཅེས་ཕན་པ་མཛད་པས་གསུངས། །གལ་ཏེ་གཞན་ལས་ངན་བརྗོད་ཚིག་རྩུབ་ཐོས་གྱུར་ན། །བདག་བདེ་ཡིན་ཞེས་བྱང་ཆུབ་སེམས་དཔའ་མཁས་པ་དགའ། །སུ་སྨྲ་སུས་ཐོས་གང་གིས་ གང་ཞིག་གང་གི་ཕྱིར། །བཟོད་པའི་ཕ་རོལ་ཕྱིན་མཆོག་ལྡན་པ་འཛངས་པ་ཡིན། །བྱང་ཆུབ་སེམས་དཔའ་གང་ཞིག་བཟོད་པའི་ལེགས་ཆོས་ལྡན། །གང་ཞིག་སྟོང་གསུམ་རིན་ཆེན་བཀང་སྟེ་འཇིག་རྟེན་མཁྱེན། །སངས་རྒྱས་རྣམས་དང་ 36-1-185b དགྲ་བཅོམ་རང་རྒྱལ་ཕུལ་བྱས་པ། །སྦྱིན་པའི་ཕུང་པོས་དེ་ལ་བསོད་ནམས་ཆར་མི་ཕོད། །བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་གྱུར་ཏེ། །སུམ་བཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །སེམས་ཅན་རྣམས་ལ་ཆོས་རབ་སྟོང་ པ་སྒྲོགས་པར་བྱེད། །འདི་ནི་བཟོད་ལྡན་དེ་ལ་འགྲོ་བ་དགའ་འགྱུར་མཁས། །གལ་ཏེ་སེམས་ཅན་ལ་ལས་ཙན་དན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་ལ། །གཞན་ཞིག་མེ་མདག་མགོ་ལ་འཐོར་བྱེད་གཉི་ག་ལ། ། དེ་ཡིས་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་མཁས་པས་དེ་ལྟར་བཟོད་བྱས་ནས། །སེམས་བསྐྱེད་དེ་ནི་བྱང་ཆུབ་མཆོག་ཏུ་ཡོངས་བསྔོས་ན། །དཔའ་བོ་འཇིག་རྟེན་ཀུན་ལ་བཟོད་པས་དགྲ་བཅོམ་དང་། ། རང་རྒྱལ་སེམས་ཅན་ཁམས་མང་ཇི་སྙེད་ཟིལ་གྱིས་གནོན། །བཟོད་བྱེད་འདི་སྙམ་དུ་ཡང་སེམས་ནི་བསྐྱེད་བྱ་སྟེ། །སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་མང་། །འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་ མྱོང་ན། །བྱང་ཆུབ་ཆེད་དུ་ཅི་ཕྱིར་ད་བཟོད་མི་བྱ་སྙམ། །ལྕག་དབྱིག་མཚོན་དང་བསད་དང་བཅིང་དང་བརྡེག་པ་དང་། །མགོ་གཅོད་པ་དང་རྣ་བ་རྐང་ལག་སྣ་གཅོད་དང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ། །བྱང་ཆུབ་ སེམས་དཔའ་བཟོད་པའི་ཕ་རོལ་ཕྱིན་ལ་གནས། །ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་གྱུར། །སྟོབས་བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །སྡོམ་པའི་བྱ་བ་ཇི་སྙེད་ཀུན་གྱི་རྗེས་སུ་འཇུག ། སེམས་ཅན་ཀུན་ལ་ཕན་ཕྱིར་དེ་ཡང་བྱང་ཆུབ་བསྔོ། །གལ་ཏེ་དགྲ་བཅོམ་རང་རྒྱལ་བྱང་ཆུབ་རེག་འདོད་ན། །ཚུལ་ཁྲིམས་འཆལ་ཅིང་མི་མཁས་དེ་བཞིན་སྤྱོད་པ་ཉམས། །ཅི་སྟེ་བྱང་ཆུབ་ཞི་བ་མཆོག་ཏུ་ཡོངས་བསྔོ་ན། །འདོད་ཡོན་ བརྩོན་ཡང་ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་གནས། །ཆོས་གང་ངེས་པའི་བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ། །འདི་ནི་ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཚུལ་ཁྲིམས་དོན། །ཆོས་གང་ཕན་བྱེད་རྣམས་ཀྱི་བྱང་ཆུབ་ཡོངས་ཉམས་པ། །འདི་ 36-1-186a ནི་ཚུལ་ཁྲིམས་འཆལ་ཅེས་རྣམ་པར་འདྲེན་པས་གསུངས། །གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་ མཁྱེན་ཡིད་བྱེད་ན། །མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་ པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་དུ་ལྕི། །ཚུལ་ཁྲིམས་སྲུང་ཞིང་བྱང་ཆུབ་མཆོག་ཏུ་ཡོངས་བསྔོ་ལ། །དེ་ཡིས་རློམ་སེམས་མེད་ཅིང་བདག་བསྟོད་མི་བྱེད་ལ། །ང་ཡི་འདུ་ཤེས་སེམས་ཅན་འདུ་ཤེས་ཡོངས་སུ་སྤངས། ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་བརྗོད། །གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ། །སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་དུ་ ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་ཉམས་ཤིང་དེ་ལ་ཡོངས་དག་ཚུལ་ཁྲིམས་མེད། །གང་ལ་བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །གང་ལ་སྡོམ་དང་སྡོམ་པ་ མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །སེམས་ཅན་དག་པ་གང་ཞིག་དེ་ལྟར་ཁྲིམས་ལྡན་པ། །སྡུག་དང་མི་སྡུག་ཀུན་ལ་ལྟ་བ་མེད་པ་ཡིན། །མགོ་དང་རྐང་ལག་གཏོང་ཞིང་ཞུམ་ པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམས་རང་བཞིན་བདག་མེད་ཡ་མ་རླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ཞིང་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་ དགོས། །གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། །བདག་ཏུ་འདུ་ཤེས་དངོས་ལ་བདག་གིར་འཛིན་པས་ཆགས། །བླུན་པོ་རྣམས་ལ་གཏོང་བའི་བློ་ལྟ་ག་ལ་ཡོད། །སེར་སྣ་ཅན་ནི་ཡི་དགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ 36-1-186b ཚེ་དབུལ་པོར་འགྱུར། །དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས། །གཏོང་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷག་པར་གཏོང་། །གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ ལྟ་མིན། །བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་གསུམ་གྱི། །སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི། །བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་བྱིན་ལ། །དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ། །སྦྱིན་པ་ བྱིན་ནས་དངོས་ལ་གནས་པར་བྱེད་པ་མེད། །དེ་ནི་ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །དེ་ལྟར་གཏོང་ལ་མཁས་པ་ཐམས་ཅད་སྟོང་པ་སྟེ། །ཆུང་ངུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་ སྙེད་པ། །ཡོངས་སུ་བརྟག་པར་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། །འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ། །བསྐལ་པ་མཐའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་ཚོལ་ན། །བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་ གང་ཞིག་གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོས་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། ། རིན་ཆེན་བཻ་དཱུརྱ་གཅིག་དེ་ཀུན་ཟིལ་གྱིས་གནོན། །དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན། །རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན། །གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་ལ་སྦྱིན་བྱིན་ནས། །དེ་ལ་བདག་གིར་མི་བྱེད་ དངོས་པོ་ཕངས་མེད་ན། །དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། །སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྦྱིན་པས་ཡིད་བཏགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་ གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །བཟོད་པས་ 36-1-187a གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར། །བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། ། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །ཡོངས་དག་ཞིང་དང་སེམས་ཅན་དག་པ་ཡོངས་སུ་འཛིན། །སངས་ རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པས། །ཤེས་རབ་བསྟན་པ་བྱང་ཆུབ་ལམ་ལྡན་འདི་གསུངས་ཏེ། །མིང་ནི་ ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ། །ལམ་འདི་སེམས་ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སྡུད་པའི་ཚིགས་སུ་བཅད་པའི་ལེའུ་ཞེས་བྱ་སྟེ། བརྒྱད་བཅུ་རྩ་བཞི་པའོ།། །། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་བཅུ་རྩ་དགུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་ནས། ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཚོལ་བར་འདོད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེས། ཇི་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྟག་ཏུ་ངུ་། ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་དབྱངས་མི་བཟད་པར་སྒྲོགས་པའི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་པ་དེས་ཡོངས་སུ་བཙལ་བ་དེ་བཞིན་དུ། 36-1-187b ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཙལ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྟག་ཏུ་ངུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་ཚོལ་བ་ན་ཇི་ལྟར་ཡོངས་སུ་བཙལ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་སྔོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོངས་སུ་ཚོལ་བ་ན། ལུས་ལ་ཆེད་ཆེར་མི་འཛིན། སྲོག་ལ་མི་ལྟ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དག་ལ་མི་གནས་པར་ཡོངས་ སུ་བཙལ་བས་ཡོངས་སུ་བཙལ་ཏོ། །དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་ཚོལ་ཞིང་འབྲོག་དགོན་པ་ཞིག་ཏུ་ཕྱིན་པ་ན། བར་སྣང་ལ་སྒྲ་ཐོས་པར་གྱུར་ཏེ། རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཤིག་དང་། ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་ཐོས་པར་འགྱུར་གྱིས། ཇི་ནས་ལུས་ངལ་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། གཉིད་དང་རྨུགས་པ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། བཟའ་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། བཏུང་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། ། མཚན་མོ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། ཉིན་མོ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། གྲང་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དང་། ཚ་བ་ཡིད་ལ་བྱེད་པ་མི་བསྐྱེད་པ་དེ་ལྟར་སོང་ཤིག །ནང་དང་ཕྱི་རོལ་གང་ལ་ཡང་སེམས་སྨོན་ པར་མ་བྱེད་ཅིག །རིགས་ཀྱི་བུ་གཡས་གཡོན་དུ་མ་བལྟ་བར་སོང་ཤིག །ནུབ་དང་། བྱང་དང་། སྟེང་དང་འོག་དང་། ཕྱོགས་མཚམས་སུ་ཡང་མ་བལྟ་བར་སོང་ཤིག །རིགས་ཀྱི་བུ་ཅི་ནས་འཇིག་ཚོགས་ལས་ཀྱང་མ་གཡོས་པ་ དང་། ཅི་ནས་གཟུགས་ལས་ཀྱང་མ་གཡོས་པ་དང་། ཅི་ནས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཀྱང་མ་གཡོས་པ་དེ་ལྟར་སོང་ཤིག །གང་འདི་ལས་གཡོས་པ་དེ་ནི་རྣམ་པར་ཉམས་ 36-1-188a པར་འགྱུར་རོ། །ཅི་ལས་ཉམས་པར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་འགྱུར་རོ། །གང་སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་འགྱུར་བ་དེ་ནི་འཁོར་བ་ལ་སྤྱོད་དོ། །གང་འཁོར་བ་ལ་སྤྱོད་པ་ དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་མི་འཐོབ་བོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་སྒྲ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ ཅན་ཐམས་ཅད་ལ་སྣང་བར་བྱེད་པར་འདོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པར་འདོད་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་དང་། སྒྲ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། ། རྟག་ཏུ་ངུ་ལེགས་སོ་ལེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཀྱང་སྒྲ་ཐོས་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཀྱིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་དག་ལ་མོས་པ་ བསྐྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་བར་བྱའོ། །ཁྱོད་ཀྱིས་མཚན་མ་ཡོངས་སུ་སྤང་བར་བྱ། དངོས་པོ་ཡོངས་སུ་སྤང་བར་བྱ། སེམས་ཅན་དུ་ལྟ་བ་ཡོངས་སུ་སྤང་བར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་ པའི་གྲོགས་པོ་དག་སྤང་བར་བྱའོ། །དགེ་བའི་བཤེས་གཉེན་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མ་བྱུང་བ་དང་མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། མ་འགགས་པའི་ཆོས་རྣམས་སྟོན་པ་ དག་ལ་སྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བསྒྲུབས་ན་རིང་པོ་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་ཆུད་པ་འམ། དགེ་སློང་ཆོས་སྨྲ་བའི་ལུས་ལ་ཡོད་པ་ ཐོས་པར་འགྱུར་ཏེ། རིགས་ཀྱི་བུ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་པ་དེ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་སྟོན་པར་འདུ་ཤེས་བསྐྱེད་པར་བྱ་ཞིང་ཁྱོད་ཀྱིས་བྱས་པ་གཟོ་བ་དང་། བྱས་པ་ཚོར་བར་བྱ་སྟེ། གང་ལས་ 36-1-188b ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་པ་འདི་ནི་བདག་གི་དགེ་བའི་བཤེས་གཉེན་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བདག་གིས་ཐོས་པས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པ་དང་མ་བྲལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །མི་ཁོམ་པ་རྣམས་སྤོང་བར་འགྱུར་རོ། ། དལ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཕན་ཡོན་འདི་རྣམས་ཁྱོད་ཀྱིས་ཡོངས་སུ་རྟོགས་ལ། དགེ་སློང་ཆོས་སྨྲ་བ་ལ་སྟོན་པ་ཡིན་པར་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་འཇིན་རྟེན་གྱི་ ཟང་ཟིང་དང་ལྡན་པའི་སེམས་ཀྱི་རྒྱུད་ཀྱིས། དགེ་སློང་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་མི་བྱའི། ཁྱོད་ཀྱིས་དགེ་སློང་ཆོས་སྨྲ་བ་ལས་ཆོས་དོན་དུ་གཉེར་བ་དང་། ཆོས་ལ་གུས་པར་བྱ་བས་ཕྱི་བཞིན་འབྲང་བར་བྱའོ། །ཁྱོད་ཀྱིས་ བདུད་ཀྱི་ལས་རྣམས་རྟོགས་པར་བྱ་སྟེ། རིགས་ཀྱི་བུ་བདུད་སྡིག་ཅན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དག་བསྙེན་པ་དང་། བསྟེན་པ་དང་། སྤྱད་ པར་བྱ་བའི་ཕྱིར་ཉེ་བར་སྒྲུབ་སྟེ། དེ་དག་དེས་ཟིལ་གྱིས་མནན་ནས་ཐབས་ལ་མཁས་པས་འགྲོགས་ཤིང་བསྟེན་པ་དང་། བསྙེན་པར་བྱེད་པའང་ཡོད་དེ། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་ལ་མ་དད་པ་ བསྐྱེད་པར་མི་བྱའོ། །གཞན་དུ་ན་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། བདག་ནི་ཐབས་མཁས་པ་དེ་མི་ཤེས་ཀྱི། འདི་ནི་ཐབས་མཁས་པ་རབ་ཏུ་ཤེས་སོ། །འདི་ནི་སེམས་ཅན་གདུལ་བའི་ཚུལ་གྱིས་སེམས་ཅན་ རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་གཟུང་བའི་ཕྱིར་ཆོས་འདི་དག་ལ་བསྟེན་ཅིང་འགྲོགས་ཏེ། བསྙེན་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གང་ལ་ཡང་ཆགས་པ་འམ། སྒྲིབ་པ་མེད་ཀྱིས། 36-1-189a སྐད་ཅིག་དེ་ཉིད་ལ་རིགས་ཀྱི་བུ་ཁྱོད་ཉིད་ཀྱིས་ཡང་དག་པའི་ཚུལ་སོ་སོར་བརྟག་པར་བྱའོ། །རིགས་ཀྱི་བུ་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་ པར་བྱང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་ཏེ། ཆོས་ཐམས་ཅད་ནི་སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། བྲག་ཅ་ལྟ་བུ། མིག་ཡོར་ལྟ་བུ་སྟེ། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་དེ་ལྟར་རྟོག་ཅིང་ཆོས་སྨྲ་བའི་ཕྱིར་འབྲང་ན་རིང་པོ་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་རོ། །གཞན་ཡང་རིགས་ཀྱི་བུ་ཁྱོད་ཀྱིས་བདུད་ཀྱི་ལས་ ལ་སོམས་ཤིག །རིགས་ཀྱི་བུ་གལ་ཏེ་ཆོས་སྨྲ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་པའི་རིགས་ཀྱི་བུ་ལ་བརྙས་པར་བྱེད་ཅིང་མི་སེམས་ན། དེ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་ཕྱིར་དགྱེད་པར་མི་བྱ་སྟེ། གཞན་དུ་ན་ཆོས་དོན་ དུ་གཉེར་བ་ཉིད་དང་། ཆོས་ལ་གུས་པར་བྱེད་པ་ཉིད་དང་། ཡིད་མི་སྐྱོ་བས་དགེ་སློང་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་བྱའོ་ཞེས་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་སྒྲ་དེ་ལས་རྗེས་སུ་ བསྟན་པ་འདི་བླངས་ནས། ཤར་ཕྱོགས་ག་ལ་བ་དེར་སོང་བ་དང་། རིང་པོར་མ་ཕྱིན་པར་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བར་བྱ་བ་མ་དྲིས་སོ་སྙམ་ནས། དེ་ས་ཕྱོགས་དེ་ཉིད་ན་ངུ་ཞིང་མྱ་ངན་བྱེད་དེ་ སྨྲེ་ཞིང་འདུག་གོ། །དེ་ས་ཕྱོགས་དེ་ན་ཉིན་ཞག་གཅིག་འདས་པར་བྱེད། ཉིན་ཞག་གཉིས་སམ། གསུམ་འམ། བཞི་འམ། ལྔ་འམ། བདུན་འདས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་པར་མ་གྱུར་གྱི་བར་དུ་ལུས་ངལ་བ་ ཡིད་ལ་བྱེད་པ་མི་བསྐྱེད། རྨུགས་པ་དང་། གཉིད་ཡིད་ལ་བྱེད་པ་མི་བསྐྱེད། བཟའ་བ་ཡིད་ལ་བྱེད་པ་མི་བསྐྱེད། བཏུང་བ་ཡིད་ལ་བྱེད་པ་མི་བསྐྱེད། མཚན་མོར་ཡིད་ལ་བྱེད་པ་མི་བསྐྱེད། ཉིན་མོར་ཡིད་ལ་བྱེད་པ་མི་བསྐྱེད། གྲང་བ་ 36-1-189b ཡིད་ལ་བྱེད་པ་མི་བསྐྱེད། ཚ་བ་ཡིད་ལ་བྱེད་པ་མི་བསྐྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་བུ་གཅིག་པ་འཆི་བའི་དུས་བྱས་ན། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། དེ་ལྟ་བུའི་མྱ་ངན་གྱིས་བུ་ གཅིག་པུ་ཡིད་ལ་བྱེད་པ་འབྱུང་བ་མ་གཏོགས་པར་ཡིད་ལ་བྱེད་པ་གཞན་གང་ཡང་མི་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཡང་དེའི་ཚེ། བདག་གིས་ནམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་ཐོས་པར་འགྱུར་སྙམ་པ་མ་གཏོགས་པར་ཡིད་ལ་བྱེད་པ་གཞན་གང་ཡང་མི་འབྱུང་ངོ་། །རབ་འབྱོར་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་ལྟར་གདུང་ཞིང་འདུག་པའི་མདུན་དུ། དེ་བཞིན་གཤེགས་པའི་ གཟུགས་ཤིག་བཞུགས་ནས། ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཚིག་དེ་སྐད་སྨྲ་བ་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་ཀྱིས་ད་ལྟར་ཡོངས་སུ་བཙལ་བ་དེ་བཞིན་དུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱིས་ཀྱང་། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་ཏོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ཀྱིས་བརྩོན་འགྲུས་འདི་དང་། སྤྲོ་བ་འདི་དང་། འདོད་དུ་གཉེར་བ་འདི་དང་། འདོད་པ་འདི་ལྟ་བུས་རྗེས་སུ་འབྲང་ཞིང་། ཤར་ཕྱོགས་ཉིད་དུ་སོང་ཤིག་དང་། རིགས་ཀྱི་བུ་འདི་ནས་དཔག་ཚད་ལྔ་བརྒྱ་ན། སྤོས་ལྡན་ཞེས་བྱ་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ར་བ་རིམ་བདུན་གྱིས་བསྐོར་བ། འོབས་རིམ་ པ་བདུན་དང་། ཤིང་ཏ་ལའི་ཕྲེང་རིམ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ། འབྱོར་བ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང་། མིས་གང་བ། གྲོང་བར་དང་སྲང་ མཉམ་ཞིང་མཚུངས་པ་ལྔ་བརྒྱ་དག་གིས་རི་མོར་བྲིས་པ་བཞིན་དུ་གཏམས་པ། ཁྱོགས་ཁྲི་ཉམ་མི་ང་བ་དང་། བར་བར་དག་ཏུ་ཟམ་པ་བཏགས་པ། གྲོང་ཁྱེར་གྱི་ཁོར་ཡུག་ཏུ་ཞོལ་གྱི་ཕྱིར་རིན་པོ་ཆེ་སྣ་བདུན་ལས་ལེགས་པར་བྱས་ཤིང་ 36-1-190a བསྐོར་ལ། རིན་པོ་ཆེ་སྣ་བདུན་གྱི་ར་བ་དེ་དག་གི་མདའ་ཡབ་རྣམས་ནི་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ། མཐོ་ཞིང་ཚད་དང་ལྡན་པ། མདའ་ཡབ་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཤིང་སྐྱེས་ཏེ། རིན་པོ་ ཆེ་སྣ་ཚོགས་ཀྱི་ཤིང་ཏོག་གི་འབྲས་བུ་ཆགས་པ། མདའ་ཡབ་ཤིང་སྐྱེས་པ་ཐམས་ཅད་ལས་ཀྱང་རིན་པོ་ཆེའི་ཐ་གུ་བྱུང་བས་མདའ་ཡབ་ཅིག་ཤོས་གཞན་དང་འབྲེལ་པ། གྲོང་ཁྱེར་ཐམས་ཅད་གསེར་གྱི་དྲིལ་བུ་གཡེར་ཀའི་དྲ་བས་ ཁེབས་ཏེ་གསེར་གྱི་དྲིལ་བུ་གཡེར་ཀ་དེ་དག་ལ་རླུང་གིས་བཏབ་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་འདི་ལྟ་སྟེ། དཔེར་ན་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་ཚོགས་པ། རོལ་མོ་མཁན་མཁས་པས་བརྡུངས་ཤིང་བླངས་ན་ སྒྲ་འཇམ་ཞིང་སྙན་ལ། ཡིད་དུ་འོང་བ་དག་འབྱུང་བ་དེ་བཞིན་དུ་དྲིལ་བུ་གཡེར་ཀ་དེ་དག་ལ་རླུང་གིས་བཏབ་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་སྟེ། སྒྲ་དེས་སེམས་ཅན་དེ་དག་རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། ། གྲོང་ཁྱེར་དེ་ཁོར་ཡུག་ཏུ་འོབས་ཆུ་འབབ་པས་གང་ཞིང་ཆུ་ཧ་ཅང་ཡང་མི་གྲང་། ཧ་ཅང་ཡང་མི་དྲོ་བས་གང་བ་དག་ཡོད་དོ། །ཆུ་དེ་ལ་སྔོན་གྱི་རྣམ་པར་སྨིན་པས་གྲུབ་པ། རིན་པོ་ཆེ་སྣ་བདུན་གྱི་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་ པའི་གྲུ་དག་ཡོད་དེ། དེར་སེམས་ཅན་དེ་དག་ཞུགས་ནས་རྩེ་དགའ་ཞིང་རབ་ཏུ་རྒྱུའོ། །ཆུ་དེ་ཐམས་ཅད་ཀྱང་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཁེབས་པ། མེ་ཏོག་རིགས་ཆེ་ཞིང་བཟང་ལ། དྲི་ཞིམ་པོའི་ ངད་ལྡང་བ་གཞན་པ་དག་གིས་ཀྱང་ཁེབས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་མེ་ཏོག་གི་རིགས་ལས་དེ་ན་མེད་པ་གང་ཡང་མེད་དོ། །གྲོང་ཁྱེར་དེའི་ནང་ན་བསྐྱེད་མོས་ཚལ་ལྔ་བརྒྱ་ཡོད་དེ། ཐམས་ ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ་ཤ་སྟག་སྟེ། བསྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང་རྫིང་བུ་ཁོར་ཡུག་ཏུ་རྒྱང་གྲགས་ཀྱི་ཚད་ཙམ་ལྔ་བརྒྱ་ལྔ་བརྒྱ་ཡོད་དེ་རྫིང་བུ་དེ་དག་གི་ཁོར་ཡུག་ཐམས་ 36-1-190b ཅད་ནས་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་ཨུཏ་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ་དག་སྐྱེས་ཏེ། དེ་དག་གིས་ཆུ་དེ་ཁེབས་ཤིང་། མེ་ཏོག་ཨུཏ་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དེ་དག་ ཐམས་ཅད་ཀྱང་ཆུ་ཞེང་དུ་ཤིང་རྟའི་ཕང་ལོ་ཙམ་སྟེ། སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། སེར་པོ་ཁ་དོག་སེར་པོ། སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ། དམར་པོ་ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ། དཀར་པོ་ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དག་ཡོད་དོ། །རྫིང་བུ་དེ་དག་ཐམས་ཅད་ན། ངང་ངུར་དང་། ཁྲུང་ཁྲུང་དང་། བྱ་ཀ་རན་ད་དང་། བཞད་ སྒྲ་འབྱིན་པ་དག་ཡོད་དོ། །བསྐྱེད་མོས་ཚལ་དེ་དག་ཐམས་ཅད་ཀྱང་ང་ཡིར་བྱ་བ་མེད་ཅིང་། རིས་སུ་བཅད་པ་མེད་དེ། འདི་ལྟར་སེམས་ཅན་དག་ཡུན་རིང་པོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཡུན་རིང་པོར་ཆོས་ ཟབ་མོ་ལ་མོས་པའི་སེམས་ཅན་དེ་དག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ་ཡིན་ནོ། །རིགས་ཀྱི་བུ་གྲོང་ཁྱེར་དེ་དག་གི་དབུས་ཀྱི་བཞི་མདོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ ཁང་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཁོར་ཡུག་ཏུ་དཔག་ཚད་ཀྱི་ཚད་ཙམ་ཡོད་པ་རྣམ་པར་བཀྲ་ཞིང་བལྟ་ན་སྡུག་པ། ར་བ་རིམ་བདུན་དང་། ཏ་ལའི་ཕྲེང་རིམ་བདུན་གྱིས་ཡོངས་སུ་བསྐོར་བ་ཞིག་ཡོད་དེ། ཁང་པ་དེ་ན་ ཁང་པའི་ལོངས་སྤྱོད་དུ་རྟག་ཏུ་རབ་དགའ་ཞེས་བྱ་བའི་བསྐྱེད་མོས་ཚལ་དང་། མྱ་ངན་མེད་ཅེས་བྱ་བ་དང་། མྱ་ངན་བྲལ་ཞེས་བྱ་བ་དང་། མེ་ཏོག་སྣ་ཚོགས་པ་ཞེས་བྱ་བའི་བསྐྱེད་མོས་ཚལ་དང་། བསྐྱེད་མོས་ཚལ་བཞི་ཡོད་དེ། བསྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང་རྫིང་བུ་བཟང་པོ་ཞེས་བྱ་བ་དང་། བཟང་མཆོག་ཅེས་བྱ་བ་དང་། དགའ་བ་ཞེས་བྱ་བ་དང་། དགའ་མཆོག་ཅེས་བྱ་བ་དང་། བདེ་བ་ཞེས་བྱ་བ་དང་། བདེ་ལྡན་ཞེས་བྱ་བ་དང་། ངེས་པ་ 36-1-191a ཞེས་བྱ་བ་དང་། མི་འབབ་ཅེས་བྱ་བ་བརྒྱད་བརྒྱད་ཡོད་དེ། རྫིང་བུ་དེ་དག་གི་ངོས་གཅིག་ནི་གསེར་ལས་བྱས། ངོས་གཉིས་པ་ནི་དངུལ་ལས་བྱས། ངོས་གསུམ་པ་ནི་བཻ་དཱུརྱ་ལས་བྱས། ངོས་བཞི་པ་ནི་ཤེལ་ལས་བྱས། ནང་གི་ས་ གཞི་ནི་ཀེ་ཀེ་རུ་ལ། གསེར་གྱི་བྱེ་མ་བདལ་བ་སྟེ། རྫིང་བུ་དེ་དག་རེ་རེ་ལ་ཡང་། ཐེམ་སྐས་ཐེམ་པ་རིན་པོ་ཆེ་སྣ་ཚོགས་རྣམ་པ་ཐ་དད་པས་བརྒྱན་པ་བརྒྱད་བརྒྱད་ཡོད་དེ། ཐེམ་སྐས་དེ་དག་ཐམས་ཅད་ཀྱི་བར་ནས་ཀྱང་འཛམ་བུའི་ཆུ་བོའི་གསེར་གྱི་ ཤིང་ལྗོན་པ་དག་སྐྱེས་སོ། །རྫིང་བུ་དེ་དག་ཐམས་ཅད་ཀྱི་ཆུ་ནི་མེ་ཏོག་ཀུ་མུ་ད་དང་། ཨུཏ་པ་ལ་དང་། པད་མ་དཀར་པོ་སྣ་ཚོགས་ཀྱིས་ཁེབས་ཤིང་། ངང་ངུར་དང་། ཁྲུང་ཁྲུང་དང་། བཞད་རྣམས་སྐད་འབྱིན་ཏོ། །རྫིང་བུ་དེ་དག་གི་ཁོར་ཡུག་ ཏུ་མེ་ཏོག་གི་ཤིང་རྣམ་པ་སྣ་ཚོགས་སྐྱེས་ཏེ། ཤིང་དེ་དག་ལ་རླུང་གིས་བསྐྱོད་པ་དང་། མེ་ཏོག་རྣམས་རྫིང་བུའི་ནང་དུ་ལྷུང་བས། རྫིང་བུ་དེ་ཐམས་ཅད་ཀྱི་ཆུ་ཡང་ཙན་དན་གྱི་དྲིར་ཕྱོགས་ཤིང་ཁ་དོག་དང་ལྡན། དྲི་དང་ལྡན་ནོ། །དེ་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འཁོར་དང་བཅས་པ་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་འབྱོར་ཏེ། རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །གྲོང་ཁྱེར་དེ་ན་སེམས་ཅན་ སྐྱེས་པ་དང་། བུད་མེད་གང་གཞན་དག་འཁོད་པ་དེ་དག་ཐམས་ཅད་ཀྱང་བསྐྱེད་མོས་ཚལ་ལམ། རྫིང་བུ་དག་ན་རྟག་ཏུ་དགའ་ཞིང་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་འབྱོར་ཏེ། རྩེ་དགའ་ཞིང་དགའ་མགུར་སྤྱོད་དོ། །ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་འཁོར་རྣམས་དང་ལྷན་ཅིག་ཏུ་རྩེ་དགའ་སྟེ། དགའ་མགུར་སྤྱོད་ཅིང་དེ་ན་དུས་གསུམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །སེམས་ཅན་གང་དག་གྲོང་ཁྱེར་སྤོས་ལྡན་ན་འཁོད་ པ་དེ་དག་ཀྱང་གྲོང་ཁྱེར་གྱི་དབུས་ཀྱི་བཞི་མདོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཁྲི་གསེར་གྱི་རྐང་པ་དང་། དངུལ་གྱི་རྐང་པ་དང་། བཻ་དཱུརྱའི་རྐང་པ་དང་། ཤེལ་གྱི་རྐང་པ་བཙུགས་པ། ཤིང་བལ་ 36-1-191b བཏིང་བ། སྟན་ནང་ཚངས་ཅན་བཏིང་བ་སྟེང་སྙིང་པོ་ཅན་དུ་བྱས་པ། ཀ་ཤི་ཀའི་རས་བཏིང་བ། འཕང་དུ་རྒྱང་གྲགས་ཕྱེད་ཡོད་པ་བཤམས་ཏེ། སྟེང་གི་བར་སྣང་ལ་རས་ཀྱི་བླ་རེ་མུ་ཏིག་གིས་བརྒྱན་པ་བྲེས་ཤིང་། དེ་ལྟར་ཆོས་ལ་གུས་པར་ བྱེད་པས་ས་ཕྱོགས་དེ་ཁོར་ཡུག་ཀྱང་། མེ་ཏོག་ཁ་དོག་སྣ་ལྔ་པ་དག་མངོན་པར་གཏོར་ཅིང་ས་ཕྱོགས་དེ་ཡང་སྤོས་སྣ་ཚོགས་དང་། བདུག་པ་སྣ་ཚོགས་ཀྱིས་ཤིན་དུ་བདུག་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་འདུག་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། རིགས་ཀྱི་བུ་སེམས་ཅན་དེ་དག་ནི་དེ་ལྟ་བུར་གུས་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལས་ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་ཉན་ཏོ། །དེ་ན་གང་དག་ཉན་པའི་ལྷ་དང་མི་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་འབུམ་ཕྲག་མང་པོ་ཚོགས་པ་དེ་དག་ལས། ལ་ལ་ནི་ལུང་ནོད། ལ་ལ་ནི་ཁ་ཏོན་བྱེད། ལ་ལ་ནི་ཡི་ གེར་འདྲི། ལ་ལ་ནི་ཚུལ་བཞིན་ཡིད་ལ་བྱེད་པས་རྟོགས་པར་བྱེད་དེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ལོག་པར་མི་ལྟུང་བའི་ཆོས་ཅན་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེའི་དྲུང་དུ་སོང་ཤིག་དང་། དེ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་པར་འགྱུར་རོ། །རིགས་ཀྱི་བུ་དེ་ནི་ཡུན་རིང་པོ་ནས་ཁྱོད་ཀྱི་དགེ་བའི་བཤེས་ གཉེན་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་རྫོགས་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེང་སྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ། །རིགས་ཀྱི་བུ་ ངས་ཀྱང་སྔོན་ད་ལྟར་ཁྱོད་ཇི་ལྟར་ཚོལ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་གྱིས། རིགས་ཀྱི་བུ་ཁྱོད་ཉིན་མཚན་དུ་ཡིད་ལ་བྱེད་པ། རྒྱུན་མ་གཅད་པར་སོང་ཤིག་དང་། རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་ 36-1-192a རོལ་དུ་ཕྱིན་པ་ཐོས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། དེ་ཐོས་ནས་དགའ་མགུ་ཡིད་རངས་རབ་ཏུ་མགུ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་པར་གྱུར་པ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ མདེའུ་དུག་ཅན་ཞིག་གིས་ཕོག་ན་ཡིད་ལ་བྱེད་པ་གཞན་མི་བསྐྱེད་ཀྱི། གང་བདག་སྡུག་བསྔལ་འདི་ལས་ཐར་བར་བྱེད་པ། ཟུག་རྔུ་འབྱིན་པའི་སྨན་པ་བདག་གིས་ནམ་རྙེད་སྙམ་སེམས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྟག་ཏུ་ངུ་ཡང་། གང་བདག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཐོས་པར་བྱེད་ཅིང་། ཆོས་གང་ཐོས་ནས་བདག་གི་དམིགས་པ་ཡིད་ལ་བྱེད་པ་སྤོང་བར་འགྱུར་བའི་རིགས་ཀྱི་བུ་དེ། བདག་གིས་ནམ་མཐོང་སྙམ་སེམས་པ་ མ་གཏོགས་པར། ཆོས་གང་ཡང་ཡིད་ལ་མི་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ས་ཕྱོགས་དེ་ཉིད་དུ་འདུག་སྟེ། ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་ནས། དེ་ཏིང་ངེ་འཛིན་གྱི་སྒོ་ དུ་མ་མངོན་དུ་གྱུར་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་ཤེས་པ་དང་བྲལ་བ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་འགྱུར་བ་མེད་པར་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མུན་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་ཤེས་པ་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་བཀྲམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བདག་གི་དངོས་པོ་མི་སྒྲུབ་པ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྱུ་མ་རྣམ་པར་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ལོང་གི་དཀྱིལ་འཁོར་སྣང་བ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། 36-1-192b ཆོས་ཐམས་ཅད་ཐ་དད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་མངོན་པར་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་མཁས་པའི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དང་། ཚིག་དང་། འབྲུ་སྣ་ཚོགས་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མ་ཁེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རང་བཞིན་རྣམ་པར་བལྟས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་ འཛིན་དང་། རྡུལ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིང་དང་ངེས་པའི་སྒྲ་དང་ཚིག་དང་འབྲུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་དང་མཚུངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུགས་ཀྱི་རྡུལ་སེལ་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་བ་ཐོབ་པ་ཞེས་བྱ་བའི་ཏིང་ ངེ་འཛིན་དང་། ཕྱིར་མི་ལྡོག་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་ལས་ངེས་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དབུགས་འབྱིན་པ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་མངོན་པར་བསྒྲགས་ པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནེམ་ནུར་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྙིང་པོ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་མངོན་པར་འཕགས་པ་ཞེས་བྱ་ བ་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་ངེས་པར་འབིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཆོས་ཐམས་ཅད་ཀྱི་འབྱོར་པ་རྒྱ་མཚོ་ 36-1-193a ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བྱེ་བྲག་མེད་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལྟ་བར་གྱུར་པ་ཐིབས་པོ་ཐམས་ཅད་རྣམ་པར་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མུན་པ་དང་བྲལ་བ་ཞེས་བྱ་བའི་ ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཚན་མ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལེ་ལོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཟབ་མོའི་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རི་རབ་འདྲ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་འཕྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ དང་། འཇིག་རྟེན་གསུམ་ལ་མངོན་པར་མ་ཞེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་ཏེ། དེ་ཏིང་ངེ་འཛིན་ དེ་དག་ལ་གནས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ རབ་ཏུ་སྟོན་པ་དག་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་ལེགས་སོ་ཞེས་བྱ་བ་བྱིན་ནས་དབུགས་དབྱུང་བ་མཛད་དེ། ཚིག་འདི་སྐད་ཀྱང་གསུང་ངོ་། །རིགས་ཀྱི་བུ་ངེད་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཞིན་དུ་བཙལ་ཏེ། ཡོངས་སུ་ཚོལ་བ་ན་ཡང་ཏིང་ངེ་འཛིན་འདི་དག་ཐོབ་སྟེ། ཏིང་ངེ་འཛིན་འདི་དག་ཐོབ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྟོགས་པར་ཁོང་དུ་ཆུད་པར་གྱུར་ཏེ། ཕྱིར་མི་ལྡོག་ པའི་སངས་རྒྱས་ཀྱི་ཆོས་ལ་གནས་པར་གྱུར་ཏོ། །ངེད་ཀྱིས་ཏིང་ངེ་འཛིན་འདི་དག་གི་ངོ་བོ་ཉིད་དང་རང་བཞིན་ལ་བལྟས་ན། གང་མཉམ་པར་གཞག་པར་བྱ་བ་འམ། ལྡང་བར་བྱ་བ་འམ། བྱང་ཆུབ་ཏུ་སྤྱད་པ་འམ། གང་བླ་ན་མེད་པ་ 36-1-193b ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རིགས་ཀྱི་བུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཡིན་ཏེ། རིགས་ཀྱི་བུ་ཆོས་གང་གིས་ ཀྱང་རློམ་སེམས་སམ། རློམ་སེམས་མེད་པར་མི་བྱེད་པ་ལ་གནས་ནས་ངེད་ཀྱིས་འདི་འདྲ་བའི་ལུས་གསེར་གྱི་ཁ་དོག་ལྟ་བུ་ཐོབ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་དང་། འོད་ འདོམ་གང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཤེས་རབ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་བླ་ན་མེད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ་རྗེས་སུ་ཐོབ་སྟེ། ཡོན་ ཏན་གྱི་ཕ་རོལ་དུ་ཕྱིན་པ་དེ་ལ་དེ་བཞིན་གཤེགས་པ་དག་གིས་ཀྱང་ཚད་གཟུང་བ་འམ། མཐའ་བསྟན་པར་མི་ནུས་ན། ཉན་ཐོས་དང་རང་སངས་རྒྱས་དག་གིས་ལྟ་ཅི་སྨོས། རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་འདི་དག་ཉིད་ ལ་རབ་ཏུ་དོན་དུ་གཉེར་བ་དང་། འདུན་པས་གུས་པ་མཆོག་ཏུ་བསྐྱེད་པར་བྱ་སྟེ། རིགས་ཀྱི་བུ་དོན་དུ་གཉེར་བ་དང་། འདུན་པ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ། །ཁྱོད་ཀྱིས་ དགེ་བའི་བཤེས་གཉེན་ལ་ཤིན་དུ་གུས་པ་བསྐྱེད་པར་བྱའོ། །ཕངས་པར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་གསོལ་ཏོ། །བདག་གི་དགེ་བའི་བཤེས་གཉེན་གང་ལགས་དེ་དག་ གིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཡུན་རིང་པོ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ 36-1-194a ཤིང་ཡོངས་སུ་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་མཁས་པ་ལ་བསླབས་སོ། །རིགས་ཀྱི་བུ་དེ་ནི་ཁྱོད་ཀྱི་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ཡིན་གྱིས། དེས་ཁྱོད་ལ་ཇི་སྐད་བསྒོ་བ་བཞིན་དུ་ཟུང་ ཤིག །རིགས་ཀྱི་བུ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བསྐལ་པ་འམ། བསྐལ་པ་གཉིས་སམ། བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་ངམ། དེ་ལས་ལྷག་པར་ཡང་མགོ་ལ་ཐོད་ བཞིན་དུ་ཐོགས་ཤིང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཕུལ་ ཡང་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལ་ལན་ལོན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེའི་མཐུས་ཁྱོད་ཀྱིས་ཏིང་ངེ་འཛིན་འདི་ལྟ་བུ་དག་རྙེད་པར་གྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་ལ་མཁས་པ་ཐོས་ ཤིང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དབུགས་ཕྱུང་ནས་མི་སྣང་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ཡང་ཏིང་ངེ་ འཛིན་དེ་དག་ལས་ལངས་ཏེ། ལངས་ནས་ཀྱང་འདི་སྙམ་དུ་སེམས་སོ། །དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་སྙམ་སྟེ། དེ་དེ་བཞིན་གཤེགས་པ་དེ་དག་མ་མཐོང་བས་ རབ་ཏུ་གདུང་ཞིང་མི་དགའ་བར་གྱུར་ཏོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནི་གཟུངས་ཐོབ་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། སྔོན་གྱི་རྒྱལ་བ་རྣམས་ལ་ ལྷག་པར་བྱ་བ་བྱས་པ་སྟེ། བདག་ཡོངས་སུ་འཛིན་པ་བདག་གི་དགེ་བའི་བཤེས་གཉེན་ཡུན་རིང་པོ་ནས་དེས་བདག་གི་དོན་བྱས་པ་ཡིན་གྱིས། བདག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་ 36-1-194b མངོན་པར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་ཅེས་དོན་འདི་ཉིད་དྲིའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ལ་དགའ་བ་དང་དད་པ་དང་། རི་མོ་དང་། གུས་པར་བྱ་བ་ཉེ་བར་བཞག་སྟེ། ཉེ་བར་བཞག་ནས་འདི་སྙམ་དུ་སེམས་སོ། །བདག་གིས་ཇི་ལྟ་བུའི་བཀུར་བསྟི་བྱ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཆོས་འཕགས་དེའི་དྲུང་དུ་འགྲོ་བར་བྱ། བདག་ནི་དབུལ་ཏེ། གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བདག་གིས་བཀུར་སྟིར་བྱ་བའི་གོས་རིན་པོ་ཆེ་འམ། གསེར་རམ། ནོར་བུ་འམ། མུ་ཏིག་གམ། བཻ་དཱུརྱ་ འམ། དུང་ངམ། མེན་ཤེལ་ལམ་བྱུ་རུ་འམ། དངུལ་ལམ། ས་ལེ་སྦྲམ་འམ། མེ་ཏོག་གམ། མེ་ཏོག་ཕྲེང་ངམ། བྱུག་པ་འམ། གདུགས་དེ་ལྟ་བུ་ཡང་བདག་ལ་མེད་ན། བདག་འདི་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་སོང་ན་ནི་བདག་གིས་ཚུལ་མ་ཡིན་པ་བྱས་པར་འགྱུར་ཏེ། བདག་དགའ་བ་འམ་རངས་པར་ཡང་མི་སྐྱེའོ་སྙམ་དུ་སེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་དུ་ངུ་དེ་ལྟ་བུའི་ ཡོན་ཏན་དག་དང་བླ་མ་ལ་གུས་པ་ཡིད་ལ་བྱེད་པ་དང་ལྡན་པས་སོང་ནས་མཐར་གྱིས་གྲོང་གཞན་ཞིག་ཏུ་ཕྱིན་པ་དང་། དེའི་གྲོང་བར་གྱི་དབུས་སུ་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་ལུས་བཙོངས་ལ། དེའི་རིན་གྱིས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱའོ། །ཡུན་རིང་པོ་ནས་བདག་གིས་ལུས་སྟོང་ཞིག་ཅིང་ཟད་དེ་བཙོངས་ལ་འཁོར་བ་དཔག་ཏུ་མེད་པ་ན་འདོད་པའི་ཕྱིར་འདོད་པའི་རྒྱུས་ཡང་དང་ཡང་ སེམས་ཅན་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཡང་། འདི་ལྟ་བུའི་ཆོས་ཀྱི་ཕྱིར་རམ། འདི་ལྟ་བུའི་སེམས་ཅན་ཆེན་པོ་ལ་བཀུར་སྟི་བྱ་བའི་ཕྱིར་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་ 36-1-195a དཔའ་ཆེན་པོ་རྟག་ཏུ་ངུས་གྲོང་བར་དུ་འདུག་སྟེ་མི་སུ་འདོད་མི་སུ་འདོད་ཅེས་སྒྲ་བསྒྲགས་ཤིང་སྐད་ཀྱིས་བོས་སོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ འདི་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་བཙོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཇི་ལྟར་ སྤྱད་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར། ཐོས་པ་རྒྱ་མཚོ་རྗེས་སུ་ཐོབ་པར་འགྱུར། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དག་གིས་མི་ཐུབ་པར་འགྱུར། ཡོན་ཏན་ཐམས་ཅད་ ཀྱི་ཕ་རོལ་དུ་ཕྱིན་པ་རྗེས་སུ་ཐོབ་པར་འགྱུར་ཞེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་ལ་མཁས་པ་ཡོངས་སུ་འདྲི་བར་འགྱུར་ཏེ། དེར་སེམས་ཅན་མང་པོ་དག་གི་དོན་བྱེད་པར་འགྱུར། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་དག་ཀྱང་ངའི་ཡུལ་ལས་འདའ་བར་བྱེད། སེམས་ཅན་གཞན་དག་ཀྱང་ངའི་ཡུལ་ལས་འདའ་བར་བྱེད་པར་འགྱུར་གྱིས། བདག་གིས་འདི་ལ་བར་ཆད་ བྱའོ་སྙམ་ནས། བདུད་སྡིག་ཅན་གྱིས་ཇི་ནས་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། མི་སུ་འདོད་སུ་ང་ཉོ་བར་འདོད་ཅེས་ཟེར་བའི་སྒྲ་མི་ཐོས་པར་འགྱུར་བ་དེ་ལྟ་ བུར་ཡོངས་སུ་བསྒྲིབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་། གང་གི་ཚེ་བདག་ཉོ་བ་མ་རྙེད་པ་དེའི་ཚེ། ཕྱོགས་གཅིག་ཏུ་སོང་ནས་མཆི་མ་ཕྱུང་སྟེ། འདི་ལྟར་བདག་གི་ལུས་བཙོངས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན། ལུས་ཉོ་བ་ཡང་བདག་གིས་མ་རྙེད་དེ། ཀྱེ་མ་བདག་ནི་རྙེད་པ་ངན་པ་རྙེད་དོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་ 36-1-195b ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་། འདི་ལྟ་སྟེ་ཆོས་འདོད་པའི་ཕྱིར་བདག་གི་ལུས་ཡོངས་སུ་བཏང་བར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནམ་མ་ཡིན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྟག་ཏུ་ངུ་ལ་བདག་གིས་བགམ་པར་བྱའོ་སྙམ་སྟེ། ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཁྱེའུའི་ཆ་བྱད་དུ་མངོན་པར་སྤྲུལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་ཡིད་ལ་མི་དགའ་ཞིང་ཡིད་གདུང་ལ་མཆི་མ་འབྱུང་བ་ཅི་ཉེས། དེས་སྨྲས་པ་བྲམ་ཟེའི་ཁྱེའུ་ཁོ་བོ་ནི་ཆོས་འདོད་པའི་ཕྱིར་བདག་ ཉིད་བཙོངས་ཏེ། ཆོས་ལ་མཆོད་པར་བྱ་བ་འདོད་ན། ལུས་ཉོ་བ་དེ་ཁོ་བོས་མ་རྙེད་ནས། དེ་ལ་ཁོ་བོ་འདི་སྙམ་དུ་སེམས་སོ། །ཀྱེ་མ་ང་ནི་བསོད་ནམས་ཆུང་བས་འདི་ལྟར་ལུས་བཙོངས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ལ་མཆོད་པ་བྱ་བ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱ་སྙམ་ན། བདག་གིས་ལུས་ཉོ་བ་ཡང་མ་རྙེད་དོ་སྙམ་མོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་བོ་ལ་མིས་ནི་བྱ་བ་མེད་ཀྱི། ཁོ་བོ་མཆོད་སྦྱིན་ཞིག་བྱེད་དེ། དེར་མིའི་སྙིང་དང་། ཁྲག་དང་། རུས་པ་དང་། རྐང་དག་ཁོ་བོ་ལ་དགོས་ན། དེ་རིན་གྱིས་ཉོར་བྱིན་ཅིག་ཅེས་བྱས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་བྲམ་ཟེའི་ཁྱེའུ་བདག་གི་སྙིང་དང་། ཁྲག་དང་། རུས་པ་དང་། རྐང་ཉོ་བ་རྙེད་པ་ འདི་ནི་བདག་གིས་རྙེད་པའི་མཆོག་རྙེད་པ་ལེགས་པར་རྙེད་དོ། །བདག་གི་ལུས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་ལ་མཁས་པ་རྣམས་ལ་ཡོངས་སུ་རྫོགས་པར་གྱུར་ཏོ་སྙམ་སྟེ། དེ་སེམས་དགའ་བ་དང་། སེམས་ 36-1-196a བདེ་བ་དང་། སེམས་རབ་ཏུ་དགའ་བར་གྱུར་ནས། བྲམ་ཟེའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁོ་བོའི་ལུས་འདི་ལས་ཁྱོད་གང་འདོད་པ་སྦྱིན་ནོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་རིན་དུ་ཅི་འདོད་ པ་སྦྱིན་ནོ་ཞེས་བྱས་པ་དང་། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་གང་ཡོངས་སུ་བཏང་བ་དེ་ཁོ་བོ་ལ་བྱིན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་མཚོན་རྣོན་པོ་ཐོགས་ནས། ལག་པ་གཡས་པ་ཕུག་སྟེ་ཁྲག་གཟགས་སོ། །བརླ་གཡས་པ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་མོ་ཞིག་ཁང་པའི་ཡང་ཐོག་ན་འདུག་པ་དེས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྟག་ཏུ་ངུ་བརླ་ཤ་མེད་པར་བཏོགས་ནས། རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་བ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདི་ཅིའི་ཕྱིར་བདག་ཉིད་ལ་བདག་ཉིད་འདི་ལྟ་བུའི་ན་ཚ་བྱེད་པ་བདག་རིགས་ཀྱི་བུ་ དེའི་དྲུང་དུ་སོང་སྟེ། དྲིའོ་སྙམ་ནས། ཚོང་དཔོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་ཁྱོད་བདག་ཉིད་ལ་འདི་ལྟ་བུའི་ན་ཚ་དག་བྱེད་ཁྲག་དང་། རུས་པ་དང་། རྐང་འདིས་ཅི་ཞིག་བྱ། རྟག་ཏུ་ངུས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་འདི་ལ་བཙོངས་ཏེ། ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པ་ལ་མཆོད་པར་བྱའོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བསྙེན་བཀུར་བྱའོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་བདག་གི་སྙིང་དང་། ཁྲག་དང་། རུས་པ་དང་། རྐང་ཡང་བཙོངས་ཏེ། རིགས་ཀྱི་བུ་དེ་ལ་བཀུར་སྟི་བྱ་བར་འདོད་པ་ཁྱོད་ལ་ཡོན་ཏན་གྱི་རྣམ་པ་ཅི་ཞིག་འགྲུབ་པར་འགྱུར། 36-1-196b དེས་དེ་ལ་སྨྲས་པ། བུ་མོ་རིགས་ཀྱི་བུ་དེ་ནི་གང་ལ་ཁོ་བོས་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་ལ་མཁས་པ་དག་སྟོན་པར་འགྱུར་ཏེ། ཁོ་བོས་དེ་ལ་བསླབས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར། ལུས་གསེར་གྱི་ཁ་དོག་ལྟ་བུ་ཡང་འཐོབ་པར་འགྱུར། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། འོད་འདོམ་གང་བ་དང་། འོད་ཟེར་ མཐའ་ཡས་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭ་བརྒྱད་ཀྱང་འཐོབ་པར་འགྱུར། མངོན་པར་ཤེས་པ་ལྔ་དང་། ཚུལ་ཁྲིམས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། ཏིང་ངེ་འཛིན་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། ཤེས་རབ་རྣམ་པར་དག་པ་ བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཡེ་ཤེས་ཀྱང་མངོན་པར་རྫོགས་པར་འགྱུར། གང་གིས་སེམས་ཅན་ཐམས་ཅད་ལ་ཀུན་དུ་བགོ་བཤའ་ བྱ་བའི་བླ་ན་མེད་པའི་ཆོས་རིན་པོ་ཆེ་ཡང་རབ་ཏུ་ཐོབ་པར་འགྱུར་རོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་ ཆོས་རྒྱ་ཆེན་པོ་འདི་དག་ཡོངས་སུ་བརྗོད་པ་ནི་ངོ་མཚར་ཏེ། རིགས་ཀྱི་བུ་ཆོས་འདི་ལྟ་བུ་རེ་རེའི་ཕྱིར་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་ཡོངས་སུ་བཏང་བར་བྱ་བ་ཡིན་ན། གཅིག་ལྟ་ཅི་སྨོས་ཏེ། དེ་ཙམ་དུ་ཁྱོད་ཀྱིས་ ཆོས་འདི་དག་རྒྱ་ཆེར་ཡོངས་སུ་བརྗོད་ན། རིགས་ཀྱི་བུ་ཁྱོད་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་བའི་གསེར་རམ། ནོར་བུ་འམ། མུ་ཏིག་གམ། བཻ་དཱུརྱ་འམ། དངུལ་ལམ། 36-1-197a མེ་ཏོག་གམ། བདུག་པ་འམ། སྤོས་སམ། དྲི་འམ། མེ་ཏོག་ཕྲེང་ངམ། བྱུག་པ་འམ། ཕྱེ་མ་འམ། གོས་སམ། གདུགས་སམ། ཁྱོད་ལ་ཅི་དགོས་པ་དེ་ཁྱོད་ལ་སྦྱིན་གྱིས་བདག་ཉིད་ལ་འདི་ལྟ་བུའི་སྡུག་བསྔལ་མ་བྱེད་ཅིག །བདག་ ཀྱང་ཁྱོད་དང་འགྲོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་དོང་ལ། བདག་ཀྱང་ཁྱོད་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། དེ་ལྟ་བུའི་ཆོས་འདི་དག་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པར་བྱའོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྲམ་ཟེའི་ཁྱེའུའི་ཆ་བྱད་མི་སྣང་བར་བྱས་ནས་བདག་ཉིད་ཀྱི་ལུས་སུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་མདུན་དུ་འདུག་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་དེ་ལྟར་ཡི་ དམ་ལ་བརྟན་པ་ནི་ལེགས་སོ་ལེགས་སོ། །འདི་ལྟ་བུའི་ཆོས་འདོད་པས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པ་དང་ཐབས་ལ་མཁས་པ་ཡོངས་སུ་རྫོགས་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །རིགས་ཀྱི་བུ་ཁོ་བོ་ལ་སྙིང་དང་། ཁྲག་དང་། རྐང་གིས་བྱ་བ་ མེད་ཀྱི། ཁོ་བོ་ཁྱོད་སད་པའི་ཕྱིར་འདིར་འོངས་ཀྱིས་རིགས་ཀྱི་བུ་ཁྱོད་ཀྱིས་དམ་པ་སློངས་ཤིག །རིགས་ཀྱི་བུ་ཁྱོད་ལ་དམ་པ་ཇི་ལྟ་བུ་ཞིག་སྦྱིན་པར་བྱ། དེས་དེ་ལ་སྨྲས་པ། བརྒྱ་བྱིན་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་དག་བདག་ལ་སྩོལ་ཅིག ། བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་ཡུལ་འདི་ཁོ་བོའི་ཡུལ་དུ་གྱུར་པ་མ་ཡིན་ཏེ། ཡུལ་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་དུ་གྱུར་པ་ཡིན་གྱིས། དམ་པ་གཞན་སློངས་ཤིག །བྱང་ཆུབ་སེམས་དཔའ་རྟག་ཏུ་ ངུས་སྨྲས་པ། བདག་གི་ལུས་ཡོངས་སུ་རྫོགས་པར་བྱ་བའི་གནས་འདི་ལ་ནི། ལྷའི་དབང་པོ་བརྩོན་པ་ཆུང་བར་གྱིས་ཤིག །ལྷའི་དབང་པོ་བདག་ཉིད་ཀྱིས་བདེན་པའི་བྱིན་གྱི་རླབས་བྱའོ། །ལྷའི་དབང་པོ་བདེན་པ་གང་གིས་བདག་ 36-1-197b བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཅིང་བདག་གི་ལྷག་པའི་བསམ་པ་གཡོ་མེད་པར་མཁྱེན་ཅེ་ན། བདེན་པ་དེ་དང་། བདེན་པའི་ཚིག་དེས། བདག་གི་ལུས་སྔོན་གྱི་བཞིན་དུ་གྱུར་ཅིག་ཅེས་བྱས་པ་དང་། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ། སངས་རྒྱས་ཀྱི་མཐུ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་ལུས་སྔོན་གྱི་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྤོབས་པ་མེད་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་ལན་གླན་པར་སྤོབས་པ་མ་ སྐྱེས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཚུར་ཤོག །ཁོ་མོའི་ཁྱིམ་ག་ལ་བ་དེར་འདོང་ངོ་། ། ཁོ་མོས་ཕ་མ་ལས་ནོར་བླངས་ཏེ། དེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེའང་མཆོད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་ལ་ཡང་བཀུར་སྟི་བྱ་བ་སྦྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་། ཚོང་དཔོན་གྱི་བུ་མོ་དེ་འགྲོགས་ནས། དེ་རང་གི་ཁྱིམ་ག་ལ་བ་དེར་འདོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་མོ་དེ་བདག་གི་ཁྱིམ་དུ་ཕྱིན་ནས། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་གསེར་ དང་། དངུལ་དང་རིན་པོ་ཆེ་དང་། ནོར་བུ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་ཆ་བྱད་མང་པོ་དག་སྩོལ་ཅིག །བདག་ ཀྱང་ཁྱེད་ཀྱིས་སྩལ་བའི་གཡོག་མོ་ལྔ་བརྒྱ་འདི་དག་དང་ལྷན་ཅིག་དགྱེར་གསོལ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་། བདག་ཅག་འགྲོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ 36-1-198a ལ་མཆོད་པ་བགྱི་བའི་སླད་དུ་མཆིའོ། །དེའང་བདག་ཅག་ལ་ཆོས་སྟོན་པར་འགྱུར་རོ། །དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་སུ་ ཞིག །བུ་མོ་རིགས་ཀྱི་བུ་དེ་ད་ལྟར་གང་ན་འདུག །བུ་མོས་སྨྲས་པ། རིགས་ཀྱི་བུ་དེ་ད་ལྟར་འོ་སྐོལ་གྱི་སྒོ་དྲུང་ན་མཆིས་ཏེ། རིགས་ཀྱི་བུ་དེ་ནི་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ པ་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དཔག་ཏུ་མ་མཆིས་པ་ལས་ཐར་བར་བགྱི་བར་འཚལ་བས། དེ་ཆོས་འཚལ་བའི་སླད་དུ་བདག་ཉིད་བཙོངས་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་བགྱི་བར་ འཚལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བགྱི་བར་འཚལ་ན། དེའི་ལུས་ཉོ་བ་སུ་ཡང་མ་བྱུང་སྟེ། དེ་སྡུག་བསྔལ་ཞིང་ཡིད་མི་བདེ་ནས། མི་དགའ་བར་སེམས་ཤིང་མཆིས་ཏེ། དེས་ང་ནི་ ལུས་འཚོང་བར་འདོད་ན། ལུས་ཉོ་བ་མ་རྙེད་དོ་ཞེས་བགྱིས་པ་དང་། བརྒྱ་བྱིན་བྲམ་ཟེའི་ཁྱེའུའི་གཟུགས་སུ་བསྒྱུར་ཏེ། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་གང་གི་ཕྱིར་ལུས་འཚོང་བར་འདོད་ཅེས་བགྱིས་པ་དང་། རྟག་ཏུ་ངུ་དེས་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་དེ་ལ་ཡང་བཀུར་སྟིར་བྱའོ། །ངའི་སངས་རྒྱས་ཀྱི་ཆོས་རྣམས་ནི་དེ་ལ་རག་ལས་པས། འདི་ལྟ་སྟེ་ཆོས་ འདོད་པའི་ཕྱིར་རོ་ཞེས་བགྱིས་པ་དང་། བརྒྱ་བྱིན་བྲམ་ཟེའི་ཁྱེའུའི་གཟུགས་སུ་བསྒྱུར་བས། འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ང་མི་འདོད་དེ། ང་མཆོད་སྦྱིན་ཞིག་བྱེད་པ་དེར་མིའི་སྙིང་དང་། ཁྲག་དང་། རུས་པ་དང་། རྐང་དག་ དགོས་སོ་ཞེས་བགྱིས་པ་དང་། རིགས་ཀྱི་བུ་དེས་ཡི་མ་བསད་པར་དེ་ལ་འདི་སྐད་དུ་སྦྱིན་ནོ་ཞེས་སྨྲས་ནས། དེ་མཚོན་རྣོན་པོ་ཐོགས་ཏེ་བདག་གི་ལག་པ་ཕུག་ནས་ཁྲག་གཟགས་བརླའི་ཤ་བཏོགས་ཏེ། རུས་པ་གཅོག་ཏུ་སོང་ནས་ 36-1-198b ཕྱོགས་གཅིག་ཏུ་འདུག་སྟེ། རུས་པ་དང་། རྐང་སྦྱིན་ནོ་སྙམ་ནས་དེ་ཁྲག་གཟགས་པ་བདག་ཁང་པའི་ཡང་ཐོག་ན་མཆིས་པས་མཐོང་སྟེ། དེ་ལ་བདག་འདི་སྙམ་དུ་བགྱིད་དོ། །མི་འདི་ཅིའི་སླད་དུ་འདི་ལྟ་བུར་བདག་ཉིད་ལ་ན་ཚ་དག་བགྱིད་སྙམ་ སྟེ། དེའི་ཐད་དུ་མཆིས་ནས། འདི་སྐད་བགྱིས་སོ། །རིགས་ཀྱི་བུ་འདི་ལྟར་བདག་ཉིད་ཀྱིས་ལུས་ཀྱི་ཁྲག་གཟགས་པ་འདིས་ཅི་ཞིག་བྱ་ཞེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་མཆིས་ཏེ། བྲམ་ཟེའི་ཁྱེའུ་འདི་ལ་ཁྲག་དང་། སྙིང་ དང་རུས་པ་དང་། རྐང་སྦྱིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ང་ནི་དབུལ་ཏེ་ང་ལ་ནོར་གཞན་ཅི་ཡང་མེད་དོ་ཞེས་མཆིའོ། །བདག་གིས་ཁྱོད་ལ་ནོར་གྱིས་ཅི་ཞིག་བྱ་ཞེས་བགྱིས་པ་དང་། དེ་བདག་ལ་འདི་སྐད་དུ་འདི་ལྟ་སྟེ། ཆོས་འདོད་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱའོ་ཞེས་མཆིས་ནས། བདག་གིས་དེ་ལ་འདི་སྐད་ཅེས་བགྱིས་ཏེ། རིགས་ཀྱི་ བུ་དེས་ཁྱོད་ལ་ཡོན་ཏན་གྱི་རྣམ་པ་འམ་ཁྱད་པར་ཅི་ཞིག་འབྱུང་བར་འགྱུར། དེ་བདག་ལ་འདི་སྐད་དུ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་རྣམས་རབ་ཏུ་སྟོན་པར་ འགྱུར་རོ། །འདི་ལྟ་བུའི་ཆོས་རྣམས་དེ་ལས་འབྱུང་བར་འགྱུར་རོ་ཞེས་མཆི་སྟེ། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དེ་དག་ཐོས་ནས། བདག་ཀྱང་དགའ་བ་དང་། རབ་ཏུ་མགུ་བ་ཆེན་པོ་སྐྱེས་ནས། འདི་སྙམ་ བགྱིད་དེ། རིགས་ཀྱི་བུ་འདི་ལྟར་འདི་ལྟ་བུའི་གནས་ལ་སྤྲོ་བར་བགྱིད་པ་ནི་ཤིན་དུ་དཀའ་བ་བགྱིད་པ་སྟེ་ངོ་མཚར་ཏོ། །རིགས་ཀྱི་བུ་འདི་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་ཀྱང་ཡོངས་སུ་གཏོང་ན། བདག་ཅག་ལ་ལོངས་སྤྱོད་རྒྱ་ ཆེན་པོ་དག་ཡོད་ལ། ཅིའི་ཕྱིར་ཆོས་ལ་མཆོད་པ་མི་བགྱི། འདི་ལྟ་བུའི་གནས་དག་ལ་སྨོན་ལམ་ཅིའི་ཕྱིར་མི་གདབ་སྙམ་ནས། རིགས་ཀྱི་བུ་དེ་ལ་བདག་གིས་འདི་སྐད་ཅེས་བགྱིས་སོ། །རིགས་ཀྱི་བུ་ཁྱོད་བདག་ཉིད་ལ་ 36-1-199a འདི་ལྟ་བུའི་ན་ཚ་དག་མ་བྱེད་ཅིག །ཁྱོད་འདོད་པ་གང་གིས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་བའི་ནོར་མང་པོ་དེ་དག་ཁྱོད་ལ་སྦྱིན་ནོ། །བདག་ཀྱང་ཁྱོད་ཉིད་དང་འགྲོགས་ ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་མཆིའོ། །བདག་གིས་ཀྱང་རིགས་ཀྱི་བུ་དེ་ལ་མཆོད་པ་བགྱིའོ། །གང་ཁྱོད་ཀྱིས་ཡོངས་སུ་བརྗོད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་དག་བདག་གིས་ཀྱང་ ཐོབ་པར་བགྱིའོ་ཞེས་བགྱིས་ཤིང་མཆིས་ན། ཡབ་ཡུམ་གྱིས་དཀོར་གྱི་ཕུང་པོ་ཆེན་པོ་བདག་ལ་སྩལ་དུ་གསོལ། བདག་གིས་ཀྱང་རིགས་ཀྱི་བུ་དེ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་བགྱིའོ། ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་དྲུག་བཅུ་པ་སྟེ་ཐ་མ། དེ་ནས་བུ་མོ་དེའི་ཕ་མས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེའི་དཀའ་བའི་གནས་དག་ ཁྱོད་ཀྱིས་བསྟན་པ་ལས་ན། ཆོས་དེ་དག་ནི་གཅིག་ཏུ་ངེས་པ་བསམ་གྱིས་མི་ཁྱབ་པ། འཇིག་རྟེན་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པ། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱེད་པ་ཡིན་ཏེ། རིགས་ཀྱི་བུ་དེའི་ཕྱིར་དེ་ལྟ་བུའི་ དཀའ་བའི་གནས་ལ་སྤྲོ་བར་བྱེད་ན། ཁྱོད་ངེད་ཀྱིས་གནང་གིས། བུ་མོ་ངེད་ཀྱང་ཁྱོད་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བལྟ་ཞིང་མཆོད་དུ་ངེད་ཀྱང་འགྲོ། ངེད་འགྲོ་བའི་སྐབས་ཕྱེ་ཤིག ། དེ་ནས་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མཆོད་པ་བྱ་བ་དང་། བཀུར་སྟི་བྱ་བའི་ཕྱིར་ཆས་ཏེ། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་དགེ་བའི་ཕྱོགས་གང་གི་ཡང་བར་ཆད་མི་བགྱིད་དོ། ། དེ་ནས་ཚོང་དཔོན་གྱི་བུ་མོ་དེས་ཤིང་རྟ་ལྔ་བརྒྱ་ཡང་རྒྱན་གྱིས་བརྒྱན། བུ་མོ་ལྔ་བརྒྱ་དེ་དག་ཀྱང་རྒྱན་གྱིས་བརྒྱན་ཏོ། །རྒྱན་གྱིས་བརྒྱན་ནས་མེ་ཏོག་ཁ་དོག་སྣ་ཚོགས་ཐོགས། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། 36-1-199b ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཐོགས། གསེར་དང་། དངུལ་གྱི་མེ་ཏོག་དག་ཐོགས། རིན་པོ་ཆེ་སྣ་ཚོགས་རྣམ་པ་ཐ་དད་པ་དག་ཀྱང་ཐོགས་ཏེ། བཟའ་བ་དང་། བཅའ་བ་དང་། མྱང་བ་མང་པོ་མང་དུ་བསྐུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་། ཤིང་རྟ་གཅིག་ཏུ་ཞུགས་ཏེ། བུ་མོ་ལྔ་བརྒྱ་ཤིང་རྟ་ལྔ་བརྒྱའི་ནང་དུ་ཞུགས་པ། དེ་དག་གིས་ཡོངས་སུ་བསྐོར་ཅིང་། མདུན་དུ་བདར་ནས། ཕ་མ་ལ་སྩོགས་པ་འཁོར་མང་པོ་དང་། ཤར་ཕྱོགས་ག་ལ་བ་དེ་ལོགས་སུ་དོང་སྟེ་མཐར་གྱིས་སོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་རྒྱང་རིང་མོ་ཞིག་ནས་གྲོང་ཁྱེར་སྤོས་ལྡན་རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་བ། བལྟ་ན་སྡུག་པ་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་ར་བ་རིམ་བདུན་གྱིས་བསྐོར་བ། རྟ་བབས་བདུན་ཡོད་པ། འོབས་རིམ་པ་བདུན་དང་། ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ། འབྱོར་ཅིང་རྒྱས་པ། བདེ་བ་ལོ་ལེགས་པ། མི་དང་སྐྱེ་བོ་མང་པོས་གང་བ། གྲོང་བར་དང་སྲང་མཉམ་ཞིང་མཚུངས་པ། ལྔ་བརྒྱ་དག་གིས་རི་མོར་བྲིས་པ་བཞིན་དུ་བཏམས་པ་ཁྱོགས་ཁྲི་ཉམ་མི་ང་བ་དང་། བར་བར་དག་ཏུ་ཟམ་ པ་བཏགས་པ། ལེགས་པར་བྱས་པ་མཐོང་ངོ་། །དེའི་དབུས་ཀྱི་བཞི་མདོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་ཀྱི་ཁྲི་ལ་འདུག་ནས། འཁོར་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། འབུམ་ ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས། ཆོས་འཆད་པ་མཐོང་སྟེ། མཐོང་མ་ཐག་ཏུ་དེ་དགའ་བ་དང་། བདེ་བ་ཐོབ་པ་འདི་ལྟ་སྟེ་དཔེར་ན། དགེ་སློང་བསམ་གཏན་དང་པོ་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་སྙོམས་ པར་ཞུགས་པ་བཞིན་ནོ། །དེ་མཐོང་ནས་འདི་སྙམ་དུ་སེམས་ཏེ། བདག་ཤིང་རྟའི་ནང་དུ་ཞུགས་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་དྲུང་དུ་འགྲོ་བ་ནི་བདག་གི་མི་ཆའོ་སྙམ་ནས། དེ་ནས་ཤིང་རྟ་དེ་ 36-1-200a ལས་བབས་པ་དང་ཚོང་དཔོན་གྱི་བུ་མོ་དང་། བུ་མོ་ལྔ་བརྒྱ་དེ་དག་དང་མཉམ་དུ་ཤིང་རྟ་དེ་ལས་བབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱས་ ཡོངས་སུ་བསྐོར་ཅིང་། མདུན་དུ་བདར་ཏེ། བཀོད་པ་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་དོང་ངོ་། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁང་བུ་བརྩེགས་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཙན་དན་དམར་པོས་བརྒྱན་ཅིང་། མུ་ཏིག་གི་དྲ་བས་གཡོགས་པ་ཞིག་བྱེད་དུ་བཅུག་སྟེ། ཁང་བུ་བརྩེགས་པ་དེའི་གྲྭ་བཞིར། ནོར་བུ་རིན་པོ་ཆེ་བཞག་པར་གྱུར་ཏེ། དེ་དག་སྒྲོན་མེའི་བྱ་བ་བྱེད་དོ། །བདུག་སྤོས་ཀྱི་སྣོད་དངུལ་ལས་བྱས་པ་བཞི་ཡང་ཕྱོགས་བཞིར་བཏགས་ཏེ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་བྱ་བའི་ཕྱིར། ཨ་ག་རུ་ནག་པོ་འབའ་ཤིག་གིས་བདུག་པར་བྱེད་དོ། ། ཁང་བུ་བརྩེགས་པ་དེའི་དབུས་སུ་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བཞི་བཙུགས་ཏེ། དེའི་སྟེང་དུ་རིན་པོ་ཆེའི་སྒྲོམ་བཞི་བཞག་ནས་དེའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསེར་གྱི་གླེགས་བམ་ལ་བཻ་དཱུརྱ་བཞུ་བས་བྲིས་པ་བཅུག་སྟེ། ཁང་བུ་ བརྩེགས་པ་དེའང་དར་གྱི་ཆུན་པོ་སྣ་ཚོགས་རྣམ་པ་ཐ་དད་པ་འཕྱང་བས་བརྒྱན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་། ཚོང་དཔོན་གྱི་བུ་མོ་ལ་སོགས་ཏེ། བུ་མོ་ལྔ་བརྒྱ་དང་བཅས་པས་ཁང་བུ་བརྩེགས་ པ་དེ། བཀོད་པ་ཚད་མེད་པས་བརྒྱན་པ་མཐོང་། ལྷ་སྟོང་ཕྲག་དུ་མ་དག་ཀྱང་མཐོང་སྟེ་ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་མེ་ཏོག་མན་དཱ་ར་བ་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་གསེར་ཕྱེ་དང་། ལྷའི་དངུལ་སིལ་མ་དག་གིས་ ཁང་བུ་བརྩེགས་པ་དེ་ལ་འཐོར། མངོན་པར་འཐོར། མངོན་པར་རབ་ཏུ་འཐོར་བ་མཐོང་ངོ་། །ལྷའི་སིལ་སྙན་དག་ཀྱང་ཐོས་སོ་མཐོང་ཞིང་ཐོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ལྷའི་དབང་པོ་བརྒྱ་བྱིན་ 36-1-200b ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་ཁྱོད་ལྷ་སྟོང་ཕྲག་དུ་མ་དག་དང་། རིན་པོ་ཆེའི་ཁང་པ་བརྩེགས་པ་འདི་ལ་ཅིའི་ཕྱིར་མེ་ཏོག་མན་དཱ་ར་བ་དང་། ཙན་དན་གྱི་ཕྱེ་མ་དག་གིས་འཐོར་ཞིང་མངོན་པར་འཐོར། མངོན་པར་རབ་ཏུ་འཐོར། ལྷའི་ སིལ་སྙན་འདི་དག་ཀྱང་ལྷ་རྣམས་བར་སྣང་ལས་ཅིའི་ཕྱིར་བརྡུང་། དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནི་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་དང་། ཡོངས་སུ་འདྲེན་པ་ཡིན་ཏེ། འདི་ལ་བསླབས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་ པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་བ་ཡིན་ན། ཁྱོད་མི་ཤེས་སམ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། ལྷའི་དབང་པོ་བརྒྱ་བྱིན་ལ་ འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་དང་། ཡོངས་སུ་འདྲེན་པ་དེ་གང་ན་བཞུགས། བརྒྱ་བྱིན་གྱིས་སྨྲས་པ། དེ་ནི་ཁང་བུ་བརྩེགས་པ་འདིའི་ནང་ན་གསེར་ གྱི་གླེགས་བམ་ལ་བཻ་དཱུརྱ་བཞུ་བས་བྲིས་པ། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་རྒྱ་བདུན་གྱིས་བཏབ་ནས་བཞག་སྟེ། ངེད་ཀྱིས་ཁྱོད་ལ་བསྟན་པར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྟག་ཏུ་ངུ་། ཚོང་དཔོན་གྱི་བུ་མོ་ལ་སྩོགས་ཏེ། བུ་མོ་ལྔ་བརྒྱ་དག་དང་ཚོགས་ནས། དེ་དག་གིས་མེ་ཏོག་དང་། མེ་ཏོག་ཕྲེང་གི་ཆུན་པོ་དང་། གོས་རིན་པོ་ཆེ་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གསེར་དང་། དངུལ་གྱི་མེ་ཏོག་ཇི་སྙེད་ཐོགས་ཏེ་འོངས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་བྱས་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ 36-1-201a ལ་བཀུར་སྟི་བྱ་བའི་ཕྱིར་ཤས་ཤས་ཀྱིས་བཞག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱལ་མཚན་ དང་། བ་དན་ལ་སྩོགས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྔར་མཆོད་པ་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཆོས་ལ་མཆོད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཙན་དན་གྱི་ཕྱེ་མ་དང་། གསེར་དང་། དངུལ་གྱི་ མེ་ཏོག་དག་གིས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །དེ་ནས་མེ་ཏོག་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་སྤྱི་བོའི་སྟེང་ན། མེ་ཏོག་གི་ཁང་པ་བརྩེགས་པ་ཞིག་ཏུ་གྱུར་ཏོ། །གསེར་ དང་། དངུལ་གྱི་མེ་ཏོག་དག་ནམ་མཁའ་ལ་གཞལ་མེད་ཁང་འདྲ་བར་འདུག་པར་གྱུར་ཏོ། །ཆོས་གོས་དང་། གོས་རིན་པོ་ཆེ་དེ་དག་ཀྱང་། རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་གྱི་དཀྱིལ་འཁོར་འདྲ་བར་འདུག་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ ཏེ། ངོ་མཚར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི། འདི་ལྟ་བུར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་འདི་ལྟར་གཟི་བརྗིད་ཆེ་སྟེ། རིགས་ཀྱི་བུ་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། རྫུ་འཕྲུལ་ རྣམ་པར་སྤྲུལ་པ་འདི་འདྲ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཅི་འདྲ་བར་འགྱུར་སྙམ་མོ། །དེ་ནས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་བྱང་ཆུབ་སེམས་ 36-1-201b དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་དགའ་བ་བསྐྱེད་ནས། དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་དགེ་བའི་རྩ་བ་འདིས་བདག་ཅག་མ་འོངས་པའི་དུས་ན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས། ཆོས་གང་ཐོབ་པར་གྱུར་པ་འདི་ལྟ་ བུའི་ཆོས་རྣམས་ཐོབ་པར་གྱུར་ཅིག །བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། འདི་ལྟ་བུའི་ཆོས་རྣམས་མངོན་སུམ་དུ་གྱུར་ཅིག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་བསྟི་བྱེད་པ་འདི་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བཀུར་སྟི་བྱེད་པར་ཤོག་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཇི་ལྟར་སྟོན་པ་བཞིན་དུ་བདག་ཅག་ཀྱང་ སྐྱེ་བོ་མང་པོ་ལ་སྟོན་པར་གྱུར་ཅིག །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་ལྡན་ཞིང་ཡོངས་སུ་རྫོགས་པ་འདི་བཞིན་དུ་བདག་ ཅག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་ལ་མཁས་པ་དང་ལྡན་ཞིང་ཡོངས་སུ་རྫོགས་པར་ཤོག་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་། ཚོང་དཔོན་གྱི་ བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་བསྟི་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཞེ་ས་བྱེད་ཅིང་ཐལ་མོ་སྦྱར་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བྱང་ཆུབ་ 36-1-202a སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ལ་བདག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཚོལ་ཞིང་འབྲོག་དགོན་པར་ཕྱིན་པ་ན། སྒྲ་ཐོས་པ་རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ ཤིག་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་པར་འགྱུར་རོ་ཞེས་བདག་གིས་སྒྲ་དེ་ཐོས་ནས། ཤར་ཕྱོགས་ག་ལ་བ་དེ་ལོགས་སུ་མཆིས་ནས། འདི་སྙམ་དུ་བསམས་ཏེ། བདག་གིས་སྒྲ་དེ་ལ་ཇི་སྲིད་ཅིག་ཏུ་མཆི་བར་བགྱི། སུ་ ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉན་པ་རྙེད་པར་འགྱུར་བ་མ་དྲིས་སོ། །སྙམ་སྟེ། དེས་བདག་ཡིད་མི་བདེ་ཞིང་ཤིན་དུ་གདུང་བར་གྱུར་ནས། ས་ཕྱོགས་དེ་ཉིད་དུ་ཉིན་མཚན་བདུན་འདས་ཏེ། དེ་ལྟར་ཤིན་དུ་གདུང་བས་ཟས་ལ་ སེམས་པ་ནི་མ་བྱུང་གི། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འབའ་ཤིག་ཡིད་ལ་བགྱིས་ཏེ། ཇི་སྲིད་དུ་མཆི་བར་བགྱི་བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་སུ་ལས་མཉན་པ་རྙེད་པར་འགྱུར་བ་སྒྲ་དེ་ལ་མ་དྲིས་སོ་སྙམ་པ་དང་། དེ་ ནས་བདག་གི་མདུན་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཤིག་བྱུང་སྟེ། དེ་འདི་སྐད་གསུང་ངོ་། །རིགས་ཀྱི་བུ་ཁྱོད་འདི་ནས་དཔག་ཚད་ལྔ་བརྒྱར་སོང་དང་། གྲོང་ཁྱེར་སྤོས་ལྡན་ཞེས་བྱ་བ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཆད་པ་མཐོང་བར་འགྱུར་རོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལས་བདག་གིས་འདི་ཐོས་ནས། ཇི་ལྟར་གཏམས་པ་བཞིན་དུ་ཤར་ཕྱོགས་ག་ལ་བ་དེ་ ན་ལོགས་སུ་ཞུགས་ཏེ། མཆིས་པ་དང་། རྒྱང་རིང་མོ་ཞིག་ནས་འཕགས་པ་ཆོས་སྟོན་པ་མཐོང་སྟེ། མཐོང་མ་ཐག་ཏུ་བདག་ལ་བདེ་བ་འདི་ལྟ་བུ་སྐྱེས་པ། དཔེར་ན་དགེ་སློང་བསམ་གཏན་དང་པོ་ལ་ཞུགས་པ་བཞིན་ཏེ། བདག་དགའ་བ་དང་རབ་ཏུ་དགའ་བ་དེས་ཁྱབ་པར་གྱུར་ནས། ས་ཕྱོགས་དེ་ནས་མ་སྐྱོད་པར་ཁྱོད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་སོ། །དེ་ཉན་པ་ན་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེས་པར་གྱུར་ཏོ། །བདག་དེ་ན་ 36-1-202b མཆིས་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དབུགས་དབྱུང་བ་མཛད་དེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ཏིང་ངེ་འཛིན་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ལས་སྐྱེས་པ་ཡིན་ཏེ། འདི་ལ་གནས་པས་ངེད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་སོ། །ཞེས་དེ་བཞིན་གཤེགས་པ་དེ་དག་གིས་བདག་ལ་ཤིན་དུ་ལེགས་པར་བསྟན། ཡང་དག་པར་འཛིན་དུ་ བཅུག །ཡང་དག་པར་གཟེང་སྟོད། ཡང་དག་པར་དགའ་བར་མཛད་ནས་མི་སྣང་བར་གྱུར་ཏོ། །བདག་ཀྱང་ཏིང་ངེ་འཛིན་དེ་ལས་ལངས་ནས་འདི་སྙམ་དུ་བསམས་ཏེ། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་གང་དུ་ བཞུད་སྙམ་མོ། །དེ་ནས་ཡང་བདག་གིས་འདི་སྙམ་དུ་བསམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཆོས་འཕགས་ནི། སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ། དགེ་བའི་རྩ་བ་བསྐྲུན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་དང་ཐབས་མཁས་པ་ལ་ཤིན་དུ་བསླབས་པ་ལགས་ཏེ། དེ་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང་། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་པ་དེ་བདག་ལ་སྟོན་པར་འགྱུར་རོ་སྙམ་ནས། རིགས་ཀྱི་བུ་ཁྱོད་ལ་དེ་བཞིན་ གཤེགས་པ་དེ་དག་གང་ནས་བྱོན་པ་དང་། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་པ་བདག་ཞུ་ན། ཅི་ནས་བདག་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་། བཞུད་པ་འཚལ་ཞིང་། དེ་བཞིན་གཤེགས་པ་མཐོང་བ་དང་མི་ འབྲལ་བར་འགྱུར་བར་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་། བཞུད་པ་བདག་ལ་བཤད་དུ་གསོལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། རྟག་ཏུ་ངུའི་ལེའུ་ཞེས་བྱ་སྟེ། བརྒྱད་བཅུ་ རྩ་ལྔ་པའོ།། །། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ 36-1-203a ཀྱི་བུ་དེ་བཞིན་གཤེགས་པ་དག་ནི་གང་ནས་ཀྱང་མ་བྱོན། གང་དུ་ཡང་མ་བཞུད་དེ། དེ་བཞིན་ཉིད་ལས་མ་གཡོས་སོ། །དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་མི་སྐྱེ་བ་ལ་འོང་བ་འམ་འགྲོ་བ་ མེད་དེ། མི་སྐྱེ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ཡང་དག་པའི་མཐའ་ལ་འོང་བ་འམ་འགྲོ་བ་མེད་དེ། ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་སྟོང་པ་ཉིད་ལ་འོང་བ་འམ་འགྲོ་བ་ མེད་དེ། སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ཇི་ལྟ་བ་བཞིན་ལ་འོང་བ་འམ་འགྲོ་བ་མེད་དེ། ཇི་ལྟ་བ་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་འདོད་ཆགས་དང་བྲལ་བ་ལ་འོང་བ་འམ་འགྲོ་བ་མེད་དེ། འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་འགོག་པ་ལ་འོང་བ་འམ་འགྲོ་བ་མེད་དེ། འགོག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ནམ་མཁའི་ཁམས་ལ་འོང་བ་འམ་འགྲོ་བ་མེད་དེ། ནམ་མཁའི་ ཁམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ཆོས་དེ་དག་ལས་དེ་བཞིན་གཤེགས་པ་གུད་ན་མེད་དེ། རིགས་ཀྱི་བུ་ཆོས་འདི་དག་གི་དེ་བཞིན་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ སྟེ། རིགས་ཀྱི་བུ་དེ་བཞིན་ཉིད་ལ་གཉིས་སུ་བྱར་མེད་དོ། །རིགས་ཀྱི་བུ་དེ་བཞིན་ཉིད་གཅིག་སྟེ། འདི་ལྟ་སྟེ། མེད་པའི་ཕྱིར་གཉིས་སམ་གསུམ་དུ་བགྲང་བ་ལས་འདས་པའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཉི་མས་གདུངས་པས་སོས་ཀའི་ ཟླ་བ་ཐ་མ་ལ། ཉི་མ་གུང་གི་དུས་ལ་བབ་པའི་ཚེ། སྨིག་རྒྱུ་གཡོ་བ་མཐོང་ནས། དེར་ཆུ་བཏུང་ངོ་ཞེས་དེ་དང་དེར་རྒྱུག་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཆུ་དེ་གང་ནས་འོངས། གང་དུ་སོང་ཆུ་དེ་ཤར་ཕྱོགས་ཀྱི་རྒྱ་མཚོ་འམ། ལྷོ་ཕྱོགས་ ཀྱི་རྒྱ་མཚོ་འམ། ནུབ་ཕྱོགས་ཀྱི་རྒྱ་མཚོ་འམ། བྱང་ཕྱོགས་ཀྱི་རྒྱ་མཚོ་གང་དུ་སོང་། རྟག་ཏུ་ངུས་སྨྲས་པ། རིགས་ཀྱི་བུ་སྨིག་རྒྱུ་ལ་ཆུ་མ་མཆིས་ན་འོང་བ་འམ་འགྲོ་བ་ལྟ་ག་ལ་མཆིས་ཏེ། རིགས་ཀྱི་བུ་མི་ཉི་མས་གདུངས་ཤིང་བྱིས་པའི་ 36-1-203b རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་གྱིས། སྨིག་རྒྱུ་མཐོང་ནས། ཆུ་མ་མཆིས་པ་ལ་ཆུར་འདུ་ཤེས་བསྐྱེད་ཀྱི། དེ་ལ་ཆུ་ནི་རང་བཞིན་གྱིས་མ་མཆིས་སོ། །ཆོས་འཕགས་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་དུ་ རིགས་ཀྱི་བུ་གང་སུ་དག་དེ་བཞིན་གཤེགས་པ་ལ་གཟུགས་སམ། སྒྲར་མངོན་པར་ཞེན་པར་བྱེད་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་བྱོན་པ་འམ། བཞུད་པར་རྟོག་གོ། །གང་དེ་བཞིན་གཤེགས་པ་ལ་བྱོན་པ་འམ་བཞུད་པར་རྟོག་པ་དེ་དག་ཐམས་ཅད་ནི་ བྱིས་པའི་རང་བཞིན་ཅན་ཤེས་རབ་འཆལ་པའི་རང་བཞིན་ཅན་ཞེས་བྱ་སྟེ། དཔེར་ན་མི་དེ་ཆུ་མེད་པ་ལ་ཆུར་འདུ་ཤེས་སྐྱེད་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་བལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། ། རིགས་ཀྱི་བུ་ཆོས་ཉིད་ནི་འོང་བ་འམ་འགྲོ་བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་བྱོན་པ་འམ། བཞུད་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མ་སྤྲུལ་པའི་གླང་པོ་ཆེའི་ཚོགས་སམ། རྟ་པའི་ཚོགས་སམ་ཤིང་རྟའི་ ཚོགས་སམ། དཔུང་བུ་ཆུང་གི་ཚོགས་ལ། འོང་བ་འམ་འགྲོ་བ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་འང་བྱོན་པ་འམ་བཞུད་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་དུ། དེ་ བཞིན་གཤེགས་པ་གཅིག་གམ། གཉིས་སམ། གསུམ་འམ་བཞི་འམ། ལྔ་འམ། བཅུ་འམ། ཉི་ཤུ་འམ། སུམ་བཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། དེ་ལས་ལྷག་པ་ཞིག་མཐོང་བ་ལས་སད་པ་དང་། དེ་བཞིན་གཤེགས་པ་གཅིག་ཀྱང་མ་ མཐོང་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། གང་དུ་བཞུད། རྟག་ཏུ་ངུས་སྨྲས་པ། རིགས་ཀྱི་བུ་རྨི་ལམ་ལ་ཆོས་གང་ཡང་གྲུབ་པ་མི་གདའོ། །རྨི་ལམ་ནི་བརྫུན་ཏེ་ཡང་དག་པ་མ་ལགས་པའོ། ། ཆོས་འཕགས་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པས་རྨི་ལམ་ལྟ་བུའོ་ཞེས་གསུངས་སོ། །རིགས་ཀྱི་བུ་གང་སུ་དག་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་ 36-1-204a དུ་བསྟན་པ་མི་ཤེས་པ་དེ་དག་ནི་མིང་མཚན་གྱི་སྐུ་དང་། གཟུགས་ཀྱི་སྐུར་མངོན་པར་ཞེན་པར་བྱེད་དེ། དེ་ལྟར་ཆོས་ཉིད་མི་ཤེས་པས་དེ་བཞིན་གཤེགས་པ་ལ་བྱོན་པ་དང་། བཞུད་པར་རྟོག་གོ། །གང་དག་དེ་བཞིན་གཤེགས་པ་ལ་བྱོན་པ་ དང་། བཞུད་པར་འདོད་པའི་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་ཐམས་ཅད་ནི་འཁོར་བ་འགྲོ་བ་དྲུག་པོར་དོང་བ་འདོད་པ་འདོད་པར་འགྱུར་བའོ། །དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱང་རིང་དུ་གྱུར་པའོ། །དེ་དག་ཐམས་ ཅད་ནི་སངས་རྒྱས་ཀྱི་ཆོས་ལས་རྒྱང་རིང་དུ་གྱུར་པའོ། །ཡང་རིགས་ཀྱི་བུ་གང་དག་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པ་ཤེས་ པ་དེ་དག་ནི་ཆོས་གང་ལ་ཡང་འོང་བ་འམ། འགྲོ་བ་འམ་སྐྱེ་བ་འམ་འགག་པར་མི་རྟོག་གོ། །གང་དག་ཆོས་གང་ལ་ཡང་འོང་བ་འམ་འགྲོ་བ་འམ་སྐྱེ་བ་འམ་འགག་པར་མི་རྟོག་པ་དེ་དག་ནི་དེ་བཞིན་གཤེགས་པའི་ཆོས་ཉིད་དུ་རབ་ཏུ་ ཤེས་སོ། །དེ་བཞིན་གཤེགས་པ་ཆོས་ཉིད་དུ་རབ་ཏུ་ཤེས་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་བྱོན་པ་འམ་བཞུད་པར་མི་རྟོག་གོ་གང་དག་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་ལྟ་བུ་རབ་ཏུ་ཤེས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་དེ་དག་ནི་ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཟ་སྟེ། དེ་དང་དེ་དག་ནི་འཇིག་རྟེན་ གྱི་སྦྱིན་གནས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་རིན་པོ་ཆེ་དག་ཡོད་པ་ནི་ཤར་ཕྱོགས་ནས་ཀྱང་མ་འོངས། ལྷོ་དང་ནུབ་དང་། བྱང་དང་། ཕྱོགས་མཚམས་དང་། སྟེང་དང་། འོག་དང་། ཕྱོགས་བཅུ་ གང་ནས་ཀྱང་མ་འོངས་མོད་ཀྱི། སེམས་ཅན་དེ་དག་གི་དགེ་བའི་རྩ་བ་ལ་བརྟེན་ནས། རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་དག་འབྱུང་སྟེ། དེ་དག་ཀྱང་རྒྱུ་མེད་པར་འབྱུང་བ་མ་ཡིན་གྱི། རྒྱུ་དང་རྐྱེན་དང་། གཞི་ལས་རག་ལས་ 36-1-204b པ་ཡིན་ཏེ། བརྟེན་ནས་བྱུང་ངོ་། །རིན་པོ་ཆེ་དེ་དག་འགག་པ་ཡང་ཕྱོགས་བཅུའི་འཇིག་རྟེན་གང་ཏུ་ཡང་མི་འཕོ་མོད་ཀྱི། རྐྱེན་དེ་དག་ཡོད་ན། རིན་པོ་ཆེ་དེ་དག་རབ་ཏུ་འབྱེད་དོ། །རྐྱེན་དེ་དག་མེད་ན་རིན་པོ་ཆེ་དེ་དག་རབ་ཏུ་དབྱེ་བ་ཡང་མེད་པར་འགྱུར་ རོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་སྐུ་མངོན་པར་གྲུབ་པ་ཡང་གང་ནས་ཀྱང་མ་བྱོན། ཕྱོགས་བཅུའི་འཇིག་རྟེན་གང་དུ་ཡང་མ་བཞུད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་རྒྱུ་མེད་པ་ཡང་མ་ཡིན་ ཏེ། སྔོན་གྱི་སྤྱད་པས་ཡོངས་སུ་གྲུབ་པ་ཡིན་པས། རྒྱུ་དང་རྐྱེན་ལ་རག་ལས་པ་སྔོན་གྱི་ཕྲིན་ལས་རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །དེ་དག་ཀྱང་རྐྱེན་རྣམས་ཡོད་ན། སྐུ་མངོན་པར་འགྲུབ་པར་འགྱུར་ཏེ། རྐྱེན་དེ་དག་མེད་ན་ སྐུ་མངོན་པར་འགྲུབ་པ་ཡང་མི་སྣང་ངོ་། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། པི་བང་གི་སྒྲ་བྱུང་བ་ཡང་གང་ནས་ཀྱང་མ་འོངས། འགགས་པ་ན་ཡང་གང་ཏུ་ཡང་མི་འགྲོ། གང་ཏུ་ཡང་མི་འཕོ་སྟེ། བརྟེན་ནས་འབྱུང་བ་རྒྱུ་ལ་རག་ལས་ རྐྱེན་ལ་རག་ལས་པའོ། །འདི་ལྟ་སྟེ་པི་བང་གི་ཁོག་པ་ལ་བརྟེན། པགས་པ་ལ་བརྟེན། རྒྱུད་ལ་བརྟེན། ཤིང་བུ་ལ་བརྟེན། རྒྱུད་རྟེན་ལ་བརྟེན། མི་དེ་ལས་སྐྱེས་པའི་རྩོལ་བ་ལ་བརྟེན་ནས། པི་བང་དེ་ལས་སྒྲ་འབྱུང་སྟེ། སྒྲ་དེ་ཡང་ པི་བང་གི་ཁོག་པ་ལས་མ་བྱུང་། པགས་པ་ལས་མ་བྱུང་། རྒྱུད་ལས་མ་བྱུང་། ཤིང་བུ་ལས་མ་བྱུང་། རྒྱུད་རྟེན་ལས་མ་བྱུང་། མི་དེ་ལས་སྐྱེས་པའི་རྩོལ་བ་ལས་སྒྲ་མ་བྱུང་མོད་ཀྱི། དེ་དག་ཐམས་ཅད་འདུས་པ་ལས་ཀྱང་སྒྲར་ གྲག་ལ། སྒྲ་དེ་འགགས་པ་ཡང་གང་དུ་ཡང་མི་འགྲོ་བ་དེ་བཞིན་དུ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཡོངས་སུ་འགྲུབ་པ་ཡང་རྒྱུ་ལ་རག་ལས་པ། རྐྱེན་ལ་རག་ལས་པ། དགེ་བའི་རྩ་བ་དུ་མས་ཡོངས་ སུ་གྲུབ་པ་ཡིན་ཏེ། རྒྱུ་གཅིག་གིས་མ་ཡིན། རྐྱེན་གཅིག་གིས་མ་ཡིན། དགེ་བའི་རྩ་བ་གཅིག་གིས་སངས་རྒྱས་ཀྱི་སྐུ་རབ་ཏུ་དབྱེ་བ་མ་ཡིན་ཏེ། རྒྱུ་མེད་པ་ཡང་མ་ཡིན་ནོ། །རྒྱུ་དང་རྐྱེན་མང་པོ་ཚོགས་པ་ལས་བྱུང་བ་ཡིན་ཏེ། 36-1-205a དེ་ནི་གང་ནས་ཀྱང་མ་བྱོན། རྒྱུ་དང་རྐྱེན་ཚོགས་པ་མེད་ཀྱང་གང་དུ་ཡང་མི་བཞུད་དེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང་བཞུད་པ་དེ་ལྟར་བལྟའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱིས་ཆོས་ ཉིད་ཀྱང་ཁྱོད་ཀྱིས་འདི་བཞིན་དུ་ཁོང་དུ་ཆུད་པར་གྱིས་ཤིག །རིགས་ཀྱི་བུ་ཁྱོད་གང་ཚུན་ཅད་དེ་ལྟར་དེ་བཞིན་གཤེགས་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པར་ཤེས་པ་དེ་ཚུན་ཅད་ཁྱོད་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་ལ་ངེས་པར་སྤྱོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱོན་པ་དང་། བཞུད་པ་མེད་པ་འདི་བཤད་པའི་ཚེ། ས་གཡོ་བ་ཆེན་པོ་བྱུང་ སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་པ་འདི་ལྟ་སྟེ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏེ། བདུད་ཀྱི་གནས་ ཐམས་ཅད་ཀྱང་དཀྲོགས་ཤིང་སྤ་བཀོང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྩྭ་དང་། ཤིང་གེལ་པ་དང་། ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་ག་ལ་བ་དེ་ལོགས་སུ་རབ་ཏུ་འདུད་པར་གྱུར་ཏོ། །དུས་མ་ཡིན་པའི་མེ་ཏོག་དག་ཀྱང་སྟེང་གི་བར་སྣང་ལས་འཐོར་ཞིང་། མེ་ཏོག་གི་ཆར་དག་ཀྱང་བབ་བོ། །ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དག་ ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་མེ་ཏོག་དག་གིས་འཐོར་མངོན་པར་འཐོར་མངོན་པར་རབ་ཏུ་འཐོར་ཞིང་ཚིག་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཀྱི་མཐུས་དེང་ བདག་ཅག་གིས་ཀྱང་། དོན་དམ་པ་ལས་བྱུང་བའི་གཏམ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་གང་འཇིག་ཚོགས་ལ་གནས་པ་ཐམས་ཅད་ཀྱིས་མ་ཡིན་པ་བསྟན་པ་ཐོས་སོ་ཞེས་འཛེར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ 36-1-205b སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ས་གཡོས་པ་ཆེན་པོ་བྱུང་བ་འདི་རྒྱུ་གང་ལགས། རྐྱེན་གང་ལགས། ཆོས་འཕགས་ཀྱིས་ སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་མི་བྱོན་མི་བཞུད་པ་འདི་ཁྱོད་ཀྱིས་དྲིས་ཏེ། ཁོ་བོས་བསྟན་པས་སྲོག་ཆགས་བརྒྱད་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དང་། ཁྲག་ཁྲིག་ཕྲག་བརྒྱད་བཅུ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པ་དང་། སྲོག་ཆགས་དྲུག་ཁྲི་བཞི་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པར་གྱུར་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྟག་ཏུ་ངུ་དགའ་བ་དང་། རངས་པ་རྒྱ་ཆེན་པོ་དང་ལྡན་པར་གྱུར་ཏེ། བདག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། དེ་བཞིན་གཤེགས་པ་རྣམས་བྱོན་པ་དང་བཞུད་པ་མེད་པ་བསྟན་པ་འདི་དྲིས་པས། སེམས་ཅན་འདི་སྙེད་ཀྱི་ དོན་བྱས་པར་གྱུར་པ་ནི་བདག་གིས་རྙེད་པ་ལེགས་པ་རྙེད་དོ། །འདི་ཉིད་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་བྱ་བའི་དགེ་བའི་རྩ་བ་མཆོག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ ཕྱིར་ཐེ་ཚོམ་མི་བྱའོ། །བདག་ནི་ཐེ་ཚོམ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་སྙམ་པ་དང་། དེ་དགའ་བ་དང་། རངས་པ་དེ་དང་ལྡན་པས་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་ འཕགས་ནས། ཏ་ལ་བདུན་ཙམ་ན་འདུག་སྟེ། བདག་ནམ་མཁའ་ལ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱའོ་སྙམ་དུ་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་མངོན་པར་འཕགས་པ་མཐོང་ནས། དེའི་སེམས་སེམས་ཀྱིས་ཤེས་ནས་དེ་ལ་ལྷའི་མེ་ཏོག་མན་དཱ་ར་དག་བྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་མེ་ཏོག་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ 36-1-206a འཕགས་ལ་བཀུར་སྟི་གྱིས་ཤིག །འདི་ནི་ངས་ཁྱོད་ཡོངས་སུ་བཟུང་བ་ཡིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་མཐུས་སྲོག་ཆགས་སྟོང་ཕྲག་མང་པོའི་དོན་བྱས་ཏེ། རིགས་ཀྱི་བུ་གང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཇི་ལྟར་ཁྱོད་སྤྲོ་བར་བྱེད་ པ་དེ་ལྟ་བུར་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་སྤྲོ་བར་བྱེད་པའི་སེམས་ཅན་དེ་དག་ནི་རྙེད་པར་དཀའོ་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། ལྷའི་དབང་པོ་བརྒྱ་བྱིན་ལས་མེ་ཏོག་དེ་དག་བླངས་ དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་གཏོར་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས་བདག་གི་ལུས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་མངོན་པར་བཀབ་སྟེ་ ཚིག་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེང་སླན་ཆད་ཁྱོད་ཀྱི་རིམ་གྲོ་དང་། ཞབས་འབྲིང་བགྱི་བའི་སླད་དུ་བདག་གི་ལུས་ཁྱོད་ལ་འབུལ་ལོ། །དེས་བདག་གི་ལུས་ཕུལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ ཀྱི་མདུན་དུ་ཐལ་མོ་སྦྱར་ཏེ་འདུག་གོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེ་དང་། འཁོར་ལྔ་བརྒྱ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་ཀྱང་ཁྱོད་ལ་ལུས་དབུལ་གྱིས་ བདག་ཅག་ཀྱང་དགེ་བའི་རྩ་བ་འདིས་ཆོས་དེ་དག་ཐོབ་པར་གྱུར་ཅིག །ཁྱོད་ཉིད་དང་ལྷན་ཅིག་ཏུ་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟིར་བགྱི། དེ་དག་དང་ཉེ་བར་གྱུར་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་ལྔ་བརྒྱ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་དག་ཁྱེད་ཁོ་བོ་ལ་ལྷག་པའི་བསམ་པས་གནས་པར་བྱེད་ན་ཁོ་བོ་ལ་ལྷག་པའི་བསམ་པས་བདག་ཉིད་བྱིན་ཅིག་དང་བུ་མོ་ཁྱོད་ཁོ་བོས་ བླང་ངོ་། །བུ་མོ་དེ་དག་གིས་སྨྲས་པ། ཁྱོད་ལ་ལྷག་བའི་བསམ་པ་ཐག་པ་ནས་ཁྱོད་ཀྱིས་རྗེས་སུ་འཐུན་པར་འཇུག་གོ། །ཁྱོད་ལ་ལྷག་པའི་བསམ་པས་ཅི་འདོད་པ་བྱ་བར་བདག་ཉིད་འབུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ 36-1-206b ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ཤིང་རྟ་ལྔ་བརྒྱ་ཡང་བརྒྱན་ནས། དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཕུལ་ཏེ། རིགས་ཀྱི་བུ་བདག་ནི་འཁོར་འདི་ དག་དང་། ཤིང་རྟ་ལྔ་བརྒྱ་འདི་དག་ཀྱང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ཁྱོད་ལ་འབུལ་ལོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རིགས་ཀྱི་བུ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །ཡོངས་སུ་གཏོང་བའི་སེམས་དེ་ལྟ་བུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། དེ་ལྟར་ན་ཆོས་སྨྲ་བ་དག་ལ་མཆོད་པ་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ཉན་ནུས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སྔོན་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་ལྟ་བུའི་གཏོང་བ་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ཡོངས་སུ་ དྲིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་དང་། ཤིང་རྟ་ལྔ་བརྒྱ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་ དགེ་བའི་རྩ་བ་ཡོངས་སུ་བསྐང་བའི་ཕྱིར་བླངས་ཏེ། བླངས་ནས་རིགས་ཀྱི་བུ་རྟག་ཏུ་ངུ་ལ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་སྟན་ལས་ལངས་ཏེ། བདག་གི་ཁྱིམ་དུ་ཞུགས་པ་དང་། ཉི་ མ་ནུབ་པར་གྱུར་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་བདག་ཆོས་འདོད་པའི་ཕྱིར་འོངས་ལ་འདུག་པ་འམ་ཉལ་བར་བྱེད་པ་ནི། བདག་གི་མི་ཆ་ལ། འདི་ནི་མ་ལེགས་ 36-1-207a ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་ལྟ་སྟེ། ཆོས་སྟོན་ཏུ་ཕྱིར་མ་བྱུང་གི་བར་དུ། བདག་འགྲེང་བ་འམ། འཆག་པའི་སྤྱོད་ལམ་གཉིས་ཀྱིས་གནས་པར་བྱའོ་སྙམ་མོ། །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་ཅིག་ལ་སྙོམས་པར་ཞུགས་པར་གྱུར་ཅིང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་དཔག་ཏུ་མེད་པ་དག་དང་། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་ལས་བྱུང་བ་ལ་གནས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཡང་ལོ་བདུན་གྱི་བར་དུ་འདོད་པའི་རྟོག་པ་མ་བྱུང་། གནོད་སེམས་ཀྱི་རྟོག་པ་མ་བྱུང་། རྣམ་པར་ འཚེ་བའི་རྟོག་པ་མ་བྱུང་། བྲོ་ལ་བརྐམ་པ་མ་སྐྱེས་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནམ་ལྡང་བར་འགྱུར་བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཆོས་ ཀྱི་ཁྲི་གང་ལ་རིགས་ཀྱི་བུ་དེ་འདུག་ནས། ཆོས་སྟོན་པར་འགྱུར་བའི་ཆོས་ཀྱི་ཁྲི་བཤམས་ན། བདག་གིས་ས་ཕྱོགས་འདི་ཆག་ཆག་བཏབ་ཀྱིས་ལེགས་པར་བྱུགས་ལ། མེ་ཏོག་སྣ་ཚོགས་གཏོར་ཏེ། ས་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་རབ་ཏུ་སྟོན་པར་འགྱུར་བ་དེར་ལེགས་པར་བྱུགས་པར་བྱའོ། །སྙམ་མོ། །ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་ཀྱང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྗེས་སུ་སློབ་ཅིང་། སྤྱོད་ལམ་གཉིས་ཀྱིས་དུས་འདས་པར་བྱེད་དེ། བྱ་བ་ཐམས་ཅད་ཀྱང་དེའི་རྗེས་སུ་འཇུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྟག་ཏུ་ངུས་ལྷའི་སྒྲ་ཐོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཞག་བདུན་ན་ཏིང་ངེ་འཛིན་འདི་ལས་ལྡང་སྟེ། ལངས་ནས་གྲོང་ཁྱེར་གྱི་དབུས་སུ་འཇུག་སྟེ། ཆོས་སྟོན་པར་འགྱུར་རོ་ཞེས་གྲག་ནས། 36-1-207b བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལྷའི་སྒྲ་དེ་ཐོས་པ་དང་། དགའ་མགུ་ཡིད་རངས་རབ་ཏུ་མགུ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དང་ས་ཕྱོགས་དེ་ཕྱགས་ནས་ ཆོས་ཀྱི་ཁྲི་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་བཤམས་སོ། །དེ་ནས་བུ་མོ་དེ་དག་གིས་རང་རང་གི་བླ་གོས་ཕུད་དེ། སྟན་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདུག་ནས། ཆོས་སྟོན་པར་འགྱུར་བ་དེར་ བཏིང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཕྱོགས་དེར་ཆགས་ཆགས་གདབ་པར་འདོད་ན། བདུད་སྡིག་ཅན་གྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་ནས། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྟག་ཏུ་ངུ་ཆུ་མ་རྙེད་ནས་ཡིད་མི་དགའ་ཞིང་། སེམས་སྡུག་བསྔལ་ཏེ། སེམས་གཞན་དུ་འགྱུར་བ་དང་། དགེ་བའི་རྩ་བ་ནུབ་པར་འགྱུར་བ་དང་། མཆོད་པ་དེ་ཡང་མི་མཛེས་པར་བྱ་བའི་ཕྱིར་ཆུ་དེ་དག་མི་སྣང་བར་བྱས་ནས། ཀུན་དུ་ཆུ་བཙལ་ན་ཆུ་མ་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདི་ཆག་ཆག་གདབ་བོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་འདི་ནི་རྡུལ་ ཆེ་སྟེ། རྡུལ་གྱི་ཁམས་འདི་ནས་བྱུང་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ལུས་ལ་ཕོག་ན་མི་རུང་ན། བདག་གི་ལུས་གདོན་མི་ཟ་བར་འཇིག་པ་འདིས་ཅི་ཞིག་བྱ། བདག་གི་ལུས་འདི་ལྟ་བུའི་བྱ་བ་ལ་ ཞིག་པ་ནི་བླའི་ནུས་པ་མེད་པའི་བྱ་བ་ལ་འདོད་པའི་ཕྱིར་འདོད་པའི་གཞིས་འཁོད་པ་དག་ན། བདག་གི་ལུས་བརྒྱ་སྟོང་མང་པོ་དེ་ལྟ་བུའི་གནས་སུ་ཞིག་པ་ནི་ཅིར་ཡང་མ་རུང་ངོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྟག་ཏུ་ངུས། མཚོན་རྣོན་པོ་བླངས་ཏེ། བདག་གི་ལུས་ལ་ཀུན་དུ་ཕུག་ནས། རང་གི་ཁྲག་གིས་ས་ཕྱོགས་དེ་ཁོ་ར་ཁོར་ཡུག་ཏུ་ཆག་ཆག་བཏབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྗེས་སུ་སློབ་པ། ཚོང་དཔོན་ 36-1-208a གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དེ་དག་ཐམས་ཅད་ཀྱིས་ཀྱང་མཚོན་རྣོན་པོ་བླངས་ཏེ། རང་རང་གི་ལུས་ཕུག་ནས། རང་རང་གི་ཁྲག་གིས་ས་ཕྱོགས་དེ་ཆག་ཆག་བཏབ་སྟེ། གང་དེ་དག་ལ་བདུད་སྡིག་ཅན་གྱིས་དགེ་བའི་ཕྱོགས་ཀྱི་བར་ ཆད་བྱ་བའི་གླག་རྙེད་པར་མ་གྱུར་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་བུ་མོ་དེ་དག་སེམས་གཞན་དུ་གྱུར་པ་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་ འདི་འདི་ལྟར་ཆོས་འདོད་པ་དང་། འདི་ལྟར་ཡི་དམ་ལ་བརྟན་པ་དང་། འདི་ལྟར་གོ་ཆ་ཆེན་པོ་བགོས་པ་དང་། ལུས་དང་སྲོག་དང་། ལོངས་སྤྱོད་རྣམས་ལ་མི་ལྟ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འདི་ལྟ་སྟེ། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ལས། སེམས་ཅན་ཐར་བར་བྱའོ་སྙམ་དུ་ལྷག་པའི་བསམ་པ་ལ་ཞུགས་པ་ནི་ངོ་མཚར་ཏོ་སྙམ་དུ་སེམས་སོ། །དེ་ ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྲག་དེ་དག་ཐམས་ཅད་ལྷའི་ཙན་དན་གྱི་ཆུར་བྱིན་གྱིས་བརླབས་ཏེ། ལྷའི་ཙན་དན་གྱི་ཆུ་དེའི་དྲི་དམ་པ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པས་ས་ཕྱོགས་དེ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་ཚང་བར་དྲིས་ ཁྱབ་བོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་བརྩོན་འགྲུས་བསམ་གྱིས་མི་ཁྱབ་བོ། །ཁྱོད་ཀྱི་ཆོས་འདོད་པ་དང་། ཆོས་ ཡོངས་སུ་ཚོལ་བ་བླ་ན་མེད་དོ། །རིགས་ཀྱི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ལྷག་པའི་བསམ་པ་འདི་ལྟ་བུ་དང་། བརྩོན་འགྲུས་འདི་ལྟ་བུ་དང་། ཆོས་འདོད་པ་འདི་ལྟ་བུས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ 36-1-208b ཀྱི་ཆོས་ཀྱི་སྟན་ནི་བཏིང་། ས་ཕྱོགས་འདི་ཕྱག་དར་ནི་བྱས། ཆག་ཆག་ནི་བཏབ་ན། བདག་གིས་མེ་ཏོག་གང་དག་གིས་ས་ཕྱོགས་འདིར་གཏོར་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་འཆད་པ་ལ་ གཏོར་བར་བྱ་བའི་མེ་ཏོག་དེ་དག་གང་ནས་རྙེད་པར་འགྱུར་སྙམ་དུ་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལྷའི་མེ་ཏོག་མན་དཱ་ར་ བ་འདི་དག་ལོང་ལ་ཁྱོད་ཀྱིས་ས་ཕྱོགས་འདི་དག་ཏུ་མེ་ཏོག་བཀྲམ་པ་གྱིས་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཆོས་སྟོན་ཅིང་སེང་གེའི་ཁྲི་ལ་འདུག་པ་ལ་ཡང་གཏོར་ཅིག་ཅེས་དེས་དེ་ལ་ལྷའི་མེ་ཏོག་ མན་དཱ་ར་བ་ཁལ་སྟོང་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་མེ་ཏོག་དེ་དག་བླངས་ཏེ། མེ་ཏོག་ཁ་ཅིག་གིས་ནི་ས་ཕྱོགས་དེར་མེ་ཏོག་དགྲམ་པ་བྱས་སོ། །མེ་ཏོག་ཁ་ཅིག་གིས་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་གཏོར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལོ་བདུན་འདས་པ་དང་། ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཆོས་ཀྱི་སྟན་གང་ན་ཡོད་པ་དེར་འོངས་ནས། སྟན་ བཏིང་བ་ལ་འདུག་ཏེ། འཁོར་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་བལྟས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་འཕགས་མཐོང་མ་ཐག་ཏུ། འདི་ལྟ་སྟེ་དཔེར་ན་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པའི་དགེ་སློང་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་བཞིན་དུ་བདེ་བ་དེ་ལྟ་བུ་ཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་དབེན་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དོ། །ཆོས་ 36-1-209a ཐམས་ཅད་གཡོ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རློམ་སེམས་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་པ་ཉིད་དོ། །ཆོས་ཐམས་ཅད་ཁེངས་པ་མེད་པ་ཉིད་ པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁེངས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ། །ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཆོས་ཐམས་ ཅད་སྐྱེ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་འགག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འགག་པ་མེད་པ་ཉིད་དོ། །ནམ་མཁའ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་ པ་ཉིད་དོ། །རྒྱ་མཚོ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །རི་རབ་སྣ་ཚོགས་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དོ། །ནམ་མཁའ་རྟོག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ རྟོག་པ་མེད་པ་ཉིད་དོ། །གཟུགས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་ པ་ཉིད་དོ། །སའི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ནམ་མཁའི་ཁམས་ མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་མ་འདྲེས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འདྲེས་ པ་ཉིད་དོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མཉམ་པ་ 36-1-209b ཉིད་དོ། །ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་། དེ་ལྟར་འདུག་བཞིན་དུ་དེའི་ཚེ། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་སྐྱེས་པར་གྱུར་ཏོ། །ཆོས་ཐམས་ཅད་དབེན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རློམ་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཁེངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རོ་གཅིག་པ་ ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་འགག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ ཐམས་ཅད་ནམ་མཁའ་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱ་མཚོ་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རི་རབ་སྣ་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་རྟོག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུགས་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སའི་ཁམས་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་ ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའི་ཁམས་མུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མ་ འདྲེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བྱེད་ 36-1-210a པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་དེ་ལ་སྩོགས་པ་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དྲུག་བཅུ་ ཐོབ་པར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཆོས་འཕགས་ཀྱི་ལེའུ་ཞེས་བྱ་སྟེ། བརྒྱད་བཅུ་རྩ་དྲུག་པའོ།། །། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཏིང་ངེ་འཛིན་གྱི་སྒོ་འབུམ་ ཕྲག་དྲུག་བཅུ་ཐོབ་མ་ཐག་ཏུ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་འཚམས་དང་། འོག་དང་། སྟེང་གི་ཕྱོགས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་ བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་ཏེ། ཚུལ་འདི་ལྟ་བུ་ཉིད་དང་། མིང་འདི་ཉིད་དང་། ཡི་གེ་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་འཆད་པ་མཐོང་ངོ་། །འདི་ལྟ་སྟེ་དཔེར་ན། ད་ལྟར་ང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཆོས་སྟོན་པ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ མདུན་གྱིས་བལྟས་ཏེ། ཚུལ་འདི་ཉིད་དང་། མིང་འདི་ཉིད་དང་། ཡི་གེ་འདི་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་བཞིན་ནོ། །དེ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང་། ཐོས་པ་རྒྱ་མཚོ་ལྟ་བུ་དང་ལྡན་པར་གྱུར་ཏེ། གར་ སྐྱེས་པ་ཐམས་ཅད་དུ་ཡང་སངས་རྒྱས་དང་མི་འབྲལ་བར་གྱུར་ཏེ། སྐྱེ་བ་ཐམས་ཅད་དུ་ཡང་གང་དང་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་སུམ་དུ་འགྱུར་བ་དེ་དང་དེ་དག་ཏུ་སྐྱེས་ཏེ། ཐ་ན་རྨི་ལམ་ན་ཡང་། སངས་རྒྱས་བཅོམ་ལྡན་ འདས་དག་དང་མི་འབྲལ་བར་གྱུར་ཏོ། །དེས་མི་ཁོམ་པ་ཐམས་ཅད་ནི་སྤངས། དལ་བ་ཕུན་སུམ་ཚོགས་པ་ནི་བསྒྲུབས་སོ། །རབ་འབྱོར་རྣམ་གྲངས་འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ 36-1-210b ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འདོད་པ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་ བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་ཡོངས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །འཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་ པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། གདོན་པར་ བྱ། ལུང་ནོད་པར་བྱ། བསྟན་པར་བྱ། ཁ་ཏོན་ཏུ་བྱ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་། རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་ དང་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དག་དང་། མཆོད་པ་རྣམ་པ་མང་པོས་བཀུར་བསྟི་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ། བརྗོད་པར་བྱ། གསོལ་བར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་གདམས་ངག་གོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ཁྱོད་ཀྱི་སྟོན་པ་ཡིན་ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གི་སྟོན་པ་ལགས་སོ། །བདེ་བར་གཤེགས་པ་བདག་གི་སྟོན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱི་སྟོན་པ་དེ་བཞིན་གཤེགས་པ་ལ། ཀུན་དགའ་བོ་ཁྱོད་ཀྱིས་ལུས་ཀྱི་ལས་བྱམས་པ་ཡིད་དུ་འོང་བ་དང་། ངག་གི་ལས་བྱམས་པ་ཡིད་དུ་འོང་བ་དང་། ཡིད་ཀྱི་ ལས་བྱམས་པ་ཡིད་དུ་འོང་བས་རིམ་གྲོ་བྱས་སོ། །ཀུན་དགའ་བོ་དེ་ལྟ་བས་ན། ད་ལྟར་ང་བཞུགས་ཏེ་འཚོ་ཞིང་གཞེས་པའི་སྐུ་འདི་ལ་ཁྱོད་ཀྱིས་ཕངས་པ་དང་། དད་པ་དང་གུས་པར་བྱས་པ་དེ་བཞིན་དུ། ང་འདས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་བྱོས་ 36-1-211a ཤིག །ཀུན་དགའ་བོ་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནུབ་པར་མི་འགྱུར་ཞིང་། ཅི་ནས་ཁྱོད་སྐྱེས་བུ་ཐ་མར་མི་འགྱུར་བར་ཁྱོད་ལ་ལན་གཉིས་ལན་གསུམ་དུ་ཡོངས་སུ་གཏད་དོ། །རྗེས་སུ་ཡོངས་སུ་གཏད་དོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་འཇིག་རྟེན་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་བཞུགས་པར་རིག་པར་བྱའོ། །ཀུན་དགའ་བོ་དེ་སྲིད་དུ་དེ་བཞིན་གཤེགས་པ་ཆོས་སྟོན་པར་རིག་པར་བྱའོ། །ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་། འཛིན་པ་ དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། རབ་ཏུ་འདོན་པ་དང་། ལུང་ནོད་པ་དང་། སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཡི་གེར་འདྲི་བ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་། མཆོད་པ་རྣམ་པ་མང་པོ་དག་གིས། བཀུར་བསྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་པའི་སེམས་ཅན་དེ་དག་ནི་སངས་རྒྱས་མཐོང་བ་དང་མ་བྲལ་བ་དང་། དམ་པའི་ ཆོས་ཉན་པ་དང་མ་བྲལ་བ་དང་། དགེ་འདུན་ལ་རིམ་གྲོ་བྱེད་པ་དང་མ་བྲལ་བར་རིག་པར་བྱའོ། །ཀུན་དགའ་བོ་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་དྲུང་ན་སྤྱོད་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སྩོགས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ། བརྒྱད་བཅུ་རྩ་བདུན་པའོ།། །། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ